བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།


༄༅། །བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།

དང་བོ།   

   ཡུན་རིང་འགྲོགས་ཤིང་འདྲིས་པའི་ཆོས་གྲོགས་དམ་པ་འཇིགས་མེད་རྒྱལ་མཚན་ལགས། ངེད་རང་གཉིས་ནི་སྔོན་གྱི་ལས་དབང་ཞིག་གམ། རླབས་ཆེན་གྱི་བྱ་གཞག་ཅིག་གིས། ལོ་ངོ་ཉི་ཤུར་ཉེ་བའི་རིང་དུ་དཔུང་བ་མཉམ་གཤིབས་ཀྱིས་ལས་ཀ་བསྒྲུབ་པའི་གྲོགས་པོར་གྱུར། ངས་དེ་རིང་འདི་ནས་འདས་སོང་གི་ལོ་ཟླ་ལ་ཕྱིར་དྲན་ཞིག་བྱས་ཚེ། སྐབས་འགར་རང་ཉིད་གཅིག་བུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར་བྱེད་དང་། ལན་རེར་མང་བོའི་གསེབ་ན་སྡོད་ཀྱང་སྐྱོ་བའི་མིག་ཆུ་བཞུརབྱེད་ཀྱི་བྱ་བ་མང་བོ་མང་བོ་ཞིག་དྲན་འོང་ཀིན་འདུག ད་ལྟ་ཁྱོད་ནི་གངས་རིའི་ལྗོངས་ཀྱི་སློབ་གསོ་བ་ཆེན་པོ་དང་། བོད་པ་མང་བོའི་སེམས་ཁོང་གི་སྒྲོན་མེ།  ལྷག་བསམ་གྱི་ཕུང་བོ་མིའི་གཟུགས་སུ་ཤར་བ་སོགས་སུ་བསྔགས་བྱའི་རླབས་ཆེན་གྱི་མི་ཞིག་ཏུ་གྱུར་ཡོད་ཅིང་། དོན་དངོས་སུའང་དེ་ལྟར་བསྔགས་ཆོག་ཆོག་ཅིག་ཡིན་ལ། བདག་ལ་ནི་དེ་ལྟ་བུའི་ཤེས་འཇོན་གང་ཡང་མེད་མོད། འོན་ཀྱང་རང་མི་རིགས་འདི་ཆེས་ཤིན་ཏུ་ཉེན་ཁའི་གནས་སུ་ལྷུང་བའི་གནས་བབ་འདི་སེམས་ཀྱིས་མ་བཟོད་པས། རང་ལ་འཐོབ་འོས་པའི་བགོ་སྐལ་མང་བོ་ཞིག་ཅམ་གྱིས་བཞག་སྟེ་སློབ་གླིང་འདིར་རང་ཉིད་ཀྱི་ཆེས་གལ་ཆེ་བ་གསེར་ལས་ཀྱང་ཆེས་ཆེར་ལྷག་པའི་དུས་ཚོད་དེ་ཡོངས་སུ་བསྟིམས་པ་ཡིན།   

    འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་གཙོ་བོར་འབྱུང་བཞིའི་འདུ་བ་མ་སྙོམས་པའི་ནད་ཀྱིས་ཉེ་བར་འཚེ་བས་སློབ་གྲྭར་དེ་ཙམ་འོངས་མ་ཐུབ། ཡིན་ན་ཡང་ངའི་སེམས་གཏིང་ནས་སློབ་གྲྭ་འདི་ཉིན་གཅིག་ལའང་བརྗེད་མ་མྱོང་། དུས་རྟག་ཏུ་སློབ་གྲྭའི་བདེ་སྡུག་དང་། ནམ་ཡིན་ཡང་སློབ་གྲྭའི་དར་རྒུད་ལ་སེམས་འཁུར་བྱས་པ་ཡིན། གཙོ་བོ་རང་ཉིད་ན་བ་དང་། གཞན་ཡང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ངས་སྙིང་ཐག་པ་ནས་གནང་བ་ཞུས་ཚེ། ཁྱོད་ཀྱིས་སློབ་གྲྭ་འདིའི་མདུན་ལམ་གྱི་ཆེད་དུ། མི་རིགས་འདིའི་དར་རྒུད་ཆེད་དུ། རང་ཉིད་ཀྱི་ཐོབ་ཐང་སོགས་ཡོད་ཚད་ལ་ཅི་མི་སྙམ་པར་ཡོངས་སུ་དོར་ཏེ། ང་ལྟ་བུའི་མི་ཆེས་སྤྱིར་བཏང་བ་ཞིག་གི་སྔུན་ནས་ཀྱང་ལག་ཟུང་ཐལ་མོ་སྦྱར། བུས་མོ་ས་ལ་བཙུགས་ནས། མིག་ཟུང་མཆི་མས་བརྣང་བཞིན་ཞུ་བ་བྱས་ཤིང་བཤོལ་འདེབས་པའི་བརྟུལ་ཞུགས་དང་སྙིང་སྟོབས་དེས་ངོ་མ་ང་ལ་ཡིད་འགུལ་ཐེབས་པར་བྱས། ཁྱོད་ཀྱི་བླ་ན་མེད་པའི་ལྷག་བསམ་དང་རྨད་དུ་བྱུང་བའི་སྙིང་སྟོབས་དེས་ང་རང་སློབ་གྲྭ་འདི་ནས་འགྲོ་དགོས་སྙམ་པའི་དམ་བཅའ་དེ་ལྷག་མེད་དུ་བཅོམ་སོང་། ཆོས་གྲོགས་དམ་པ་འཇིགས་མེད་རྒྱལ་མཚན་ལགས། ཁྱེད་ངོ་མས་གཞན་དང་མི་འདྲ།

      ཞེས་ཁྱེད་ཀྱི་ཆོས་གྲོགས་སུ་གྱུར་བ་བཛྲ་ཚུལ་ཁྲིམས་རྒྱ་མཚོས། སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་༧པའི་ཚེས་༡༦ཉིན་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནས་གུས་ཕུལ།

གཉིས་པ།  

   ངའི་སེམས་ཁོང་ན་ནོར་བུ་ལྟར་བཞུགས་པའི་ཆོས་གྲོགས་དམ་པ་ཨ་ཁུ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས།  ཁྱེད་ཀྱིས་བདག་ལ་བསྐུར་བའི་འཕྲིག་ཡིག་དེ་བདག་གིས་མཐོང་དུས་མཚན་མོའི་ཆུ་ཚོད་བཅུ་གཅིག་ལྷག་རེད།  འཕྲིན་ཡིག་དེས་ང་ལ་ཡང་བསྐྱར་འུ་གཉིས་ཀྱི་ལྷད་མེད་དུང་སེམས་ཀྱི་མཆོད་རྟེན་ལ་གསེར་གྱི་སྒོ་རྒྱན་ཞིག་སྤྲད་སོང་།  མཚན་མོ་དེར་དགའ་སྐྱོ་ཟུང་གིས་ཡིད་སེམས་བརྣངས་ཏེ་ཡུན་རིང་བོའི་བར་མལ་ཁང་སྟོང་བའི་ནང་དུ་མིག་ཆུ་གྲངས་མེད་འཐོར་དགོས་བྱུང་།  འུ་གཉིས་ལ་མཚོན་ན་ཆུང་བསྡུས་གྲྭ་ནས་བཟུང་དབང་ལུང་མན་ངག་སོགས་དམ་ཆོས་འོ་མའི་བདུད་རྩི་གང་མང་ཞིག་མཉམ་དུ་འཐུང་ནས་བླ་མ་གཅིག་གི་སློབ་མ་དང་དགེ་རྒན་གཅིག་གི་དགེ་ཕྲུག་ངོ་མར་གྱུར།  དེ་ནི་སྔོན་བསགས་ཀྱི་བསོད་ནམས་དང་ལས་སྨོན་གྱི་མཐུ་ལས་བྱུང་བར་བསྙོན་ཏུ་མེད།  ཡ་མཚན་པ་ཞིག་ནི་ཕ་བླ་མའི་བཀའ་གྲོས་གཅིག་ཏུ་མཐུན་ཞིང་དྲིན་ཕ་མའི་ཐུགས་དགོངས་གཅིག་ཏུ་འཁྲོལ་ནས་རང་བྲོ་ཁུག་མ་དང་རང་རྟ་སྒ་འཛིན་གྱི་ཚུལ་གྱིས་རྭ་རྒྱ་བཀྲ་ཤིས་ལྗོངས་ཀྱི་ཡ་ཕུག་འབྲུ་དྲུག་ཐང་དུ་རླབས་ཆེན་དམིགས་ཡུལ་གྱི་འོ་ཆུ་གཅིག་ཏུ་འདྲེས་ཤིང་དུང་སེམས་གསེར་ནག་གི་ཐག་པས་དམ་དུ་བཅིངས་ཏེ་ལོ་ངོ་ཉི་ཤུར་ཉེ་བའི་རིང་དུ། སྡུག་གི་ཁུར་བོ་མཉམ་ཁུར་དང་སྐྱིད་ཀྱི་རྟ་བོ་མཉམ་ཞོན་བྱས།  ཁྱེད་ནི་ང་དང་མི་མཚུངས་པར་ཤེས་རིག་གི་ཁོ་ལག་ཡོངས་སུ་རྒྱས་ཤིང་དགེ་བཤེས་ཀྱི་ཁྲི་འཕང་མདུན་དུ་གནས་ཀྱང་། ། དེ་དག་ཐམས་ཅད་རིང་དུ་བཞག ཁྱེད་ཀྱིས་མི་རིགས་ཤིག་གི་འཕེལ་རྒྱས་དང་རྒྱང་རིང་གི་དམིགས་འདུན་དམར་བོ་ཞིག་སྙིང་ལ་བཅངས་ཏེ་ཐ་ན་ཁྱེད་རང་གི་མ་དྲིན་མོ་ཆེ་ལ་ཤི་ངོ་ཙམ་ཡང་མ་འཕྲད་པར་སློབ་མ་བསྐྱངས།  ཁྱེད་ཀྱི་མི་རིགས་ལ་བཟུང་བའི་ལྷག་བསམ་གྱིས་ང་ཚོ་དགེ་སློབ་ཡོངས་ལ་མི་འཇིགས་པའི་སྤོབས་པ་གནང་སོང་།  ཁྱེད་ཀྱིས་ཐོབ་ངེས་ཀྱི་ནོར་བུ་གང་མང་རྒྱབ་ཏུ་བསྐྱུར་ནས་ཉམས་ཆུང་གི་བོད་རིགས་བྱིས་པ་ཅི་མང་ལ་ཤེས་རིག་གི་སྒྲོན་མེ་བསྒྲོན།  ཡིན་ནའང་ཉེ་བའི་ལོ་ངོ་འགའི་རིང་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་བསོད་ནམས་ཀྱི་མཐུ་ནུས་ཞན་པ་དང་སྐུ་ཡི་རིམ་གྲོས་མ་འདང་བར་བརྟེན་གང་སྐུའི་འབྱུང་ཁམས་ལ་མི་འདོད་པའི་ཉེ་བར་གཙེ་བས་སློབ་གླིང་ནས་རེ་ཞིག་གྱེས་དགོས་བྱུང་སོང་།  དུས་ཡུན་དེར་བདག་ནི་ཐང་དཀར་རྒོད་པོའི་གཤོག་ཡ་ཆད་པ་བཞིན་ཕུགས་སུ་བཞུགས་པའི་རྒན་པ་མེད་ལ།  རྒྱབ་ལ་བརྟེན་སའི་བྲག་རི་མེད།  མཚམས་ལན་རེར་སྐྱོ་བས་མནོན་ཏེ་མིག་ཆུ་དབང་མེད་དུ་ཤོར་ཡང་ཁྱེད་ལ་སེར་སྣ་སྐྱེས་ནས་ཞུ་བའི་སྤོབས་པ་ཉམས།  སྐབས་འགར་ལུས་སེམས་ངལ་ནས་ས་ལ་འགྱེལ་ཡང་ནག་ཕྱོགས་ཀླ་ཀློ་དགའ་བར་དོགས་ནས་རྐང་བཞི་ཕྱུགས་ཀྱི་བརྟུལ་ཞུགས་བཟུང་།  གང་ལྟར་ཁྱེད་མེད་ན་ངའི་ཡ་ཆུང་ཁོག་པ་སྟོང་བ་ཡིན་ལ། ཁྱེད་མེད་ན་གསེར་སྐུ་ལི་མར་གཟུངས་གཞུག་མེད།  སྤྱིར་ཡིན་ན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་ཉི་ཤུ་བ་ནི་སློབ་གླིང་འདི་འཕེལ་རྒྱས་ཀྱི་འགག་རྩ་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་མོད།   འཁྲུངས་སྟོན་གྲོལ་བའི་ཕྱི་ཉིན་གྱི་མཚན་མོར་ཁྱེད་ཀྱིས་ང་ལ་གློ་བུར་དུ་ཁ་པར་བཏང་ནས་ངའི་སྡོད་ཤག་ཏུ་ཡོང་དགོས་རབས་གསུངས་སྐབས་བདག་ལ་གང་ཡིན་མི་ཤེས་པའི་ཚོར་བ་ཁྱད་པར་བ་ཞིག་སྐྱེས་སོང་།  ཁྱེད་ཕེབས་ནས་སློབ་གྲྭ་ནས་གནང་བ་དགོས་ཚུལ་གྱི་ཚིག་འགའ་གསུངས་པ་ནས་བཟུང་ངའི་ཡ་ཆུང་གི་གློ་སྙིང་ཕྱི་རོལ་དུ་ཕྱུང་བ་བཞིན་ཅི་བྱ་གཏོལ་མེད་དུ་གྱུར།  ངས་རང་སེམས་ནང་དུ་བཀུག་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ལ།  ངས་མིག་ཟུང་མཁའ་རུ་བགྲད་ནས་འཇའ་ཚོན་རི་མོར་དབྱེ་ཞིབ་བྱས།  གང་ལ་དཔྱད་ཀྱང་གང་ནས་བལྟས་ཀྱང་། འདི་ནི་ནག་ཕྱོགས་དགའ་བའི་དགའ་སྟོན་ཡིན་ལ།  དཀར་ཕྱོགས་ཉམས་པའི་སྔ་ལྟོས་སུ་བསམས་ནས་བོད་མི་རིགས་ཀྱི་བདེ་སྡུག་དང་ཤེས་རིག་ནོར་བུའི་སློབ་གླིང་གི་འཕེལ་རྒྱས་ལ་དམིགས་ཏེ་ཁྱེད་ཀྱི་མདུན་དུ་ངས་པུས་མོའི་ལྷ་ང་ས་ལ་མི་འཛུགས་ག་མེད་དུ་གྱུར།  རེད་ཡ།  ཁྱེད་ཀྱིས་རྒྱལ་སྲས་ཀྱི་སྤྱོད་པ་ཕྱི་རུ་མངོན་ལ་སྙིང་རྗེ་ཡི་གཤོག་ཡངས་མཐའ་རུ་བསྐྱངས་སོང་།  ཡང་བསྐྱར་ཤེས་རིག་གི་སྒྲོན་མེ་བསྒྲོན་པར་ཞལ་བཞེས་གནང་སོང་། རང་ཉིད་ཀྱི་ལུས་སྲོག་གི་ཉེན་ཁ་ཕ་མཐར་བཞག་ནས་གཞན་དོན་གྱི་ནོར་བུ་འཁུར་མཁན་དེ་ཁྱེད་ལས་སུ།  རྐྱེན་ངན་བར་ཆད་ཀྱི་གཡང་གཟར་ཟབ་མོ་དེ་གཞན་དོན་བྱང་ཆུབ་ཀྱི་གཞུང་ལམ་ཆེན་མོར་འཁྲིད་མཁན་དེ་ཁྱེད་ལས་སུ།  མདོར་ན་ཁྱེད་ཀྱི་ཐབས་མཁས་ཐུགས་རྗེ་ཡི་མཐུ་ལ་བརྟེན་ནས་ངེད་དགེ་སློབ་ཡོངས་ལ་ཟད་མི་ཤེས་པའི་སྤོབས་པ་དང་སྤྲོ་བ་གནང་སོང་།  ཇི་འདྲའི་དགའ་བ་ལ་ཨང་། ཇི་འདྲའི་སྤྲོ་བ་ལ་ཨང་། ད་ནི་ཤེས་རིག་ནོར་བུའི་སློབ་གླིང་སྔར་ལས་རྒྱས་ཤིང་སྔར་ལས་དར་བའི་ཡིད་ཆེས་གང་།  ཐེངས་འདིར་རྟེན་འབྲེལ་གྱི་སྒོ་མོ་ཕྱོགས་ཀུན་ནས་འཛོམས་ལ་ཁྱད་པར་ཏུ་ངེད་ཅག་གི་དུང་སེམས་མར་ཁུའི་མཚོ་མོ་དེ་སྔར་ལས་ལྷག་པའི་གཏིང་ཇེ་ཟབ་ཏུ་སོང་ཡོད་པས་ང་ཚོའི་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་བརྟན་དང་ཇེ་མགྱོགས་སུ་འགྲོ་བར་གདོན་མི་ཟ།  མཐར་བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། ངའི་བཅོས་མིན་གྱི་ལྷག་བསམ་དང་། སློབ་གླིང་འདི་གའི་སློབ་བུ་ཡོངས་ཀྱི་དད་དམ་གཙང་མའི་བྱིན་མཐུ་ལ་བརྟེན་ནས་ཁྱེད་ཀྱི་སྐུ་ལུས་གསལ་དྭངས་ཡོང་བ་དང་ཇི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ།

     ཞེས་ཆོས་གྲོགས་འཇིགས་མེད་རྒྱལ་མཚན་གྱིས་མགོ་ལོག་རྟ་བོ་ནས་ཉིས་སྟོང་བཅུ་བཞི་ལོའི་སྤྱི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ལ་གུས་ཕུལ།



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-05-05 ལྟ་ཀློག (20949)