སློབ་གླིང་གསར་འགྱུར།

སློབ་གླིང་གསར་འགྱུར།

      ༢༠༡༦ལོའི་སྤྱི་ཟླ་༤ བའི་ཚེས་༢༥ཉིན།   ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཆོ་མཆོག་མ་ཡུམ་སློབ་གླིང་དུ་ཞབས་སོར་བསྒྱུར་བས་སློབ་གླིང་གི་དགེ་སློབ་ཡོངས་དགའ་དད་སྤྲོ་གསུམ་གྱིས་

ཡིད་རབ་ཏུ་མྱོས་ཏེ་ཕེབས་བསུ་བྱེད་བཞིན་པ་།   སློབ་དཔོན་རིན་པོ་ཆེ་ཁོང་གི་ཚེས་༢༧ཉིན་ནས་བཟུང་དགེ་སློབ་སྟོང་ཕྲག་ལྷག་ལ་སློབ་གླིང་གི་སློབ་གསོའི་གཙོ་སྙིང་གི་ལྟ་བ་སྟེ་བསམ་བློའི་སློབ་གསོའི་ཕྱོགས་ནས་བཀའ་གསུང་གནད་དུ་འཁེལ་བ་མང་བོ་གནང་བར་མ་ཟད།  ངལ་གསོའི་དུས་ཚོད་ཀྱི་བར་གསེང་དུ་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་རེ་རེ་ལ་ཟུར་དུ་བཀའ་མོལ་དང་བསླབ་སྟོན་གནང་ཞིང་།   ཁྱད་པར་དུ་ཐོན་མིའི་སློབ་ཚོགས་དང་དྲྭ་ཚིགས་ཀྱི་རྒྱུན་སྐྱོང་གི་ཁ་ཕྱོགས་ཐད་ནས་བཀའ་སློབ་ལྷུག་པོར་བསྩལ།  ཚེས་༢༨སྟེ་གཟའ་ཕུར་བའི་ཕྱི་དྲོར་སློབ་དཔོན་རིན་པོ་ཆེ་ཁོང་དང་སློབ་དཔོན་

འཇིགས་མེད་རྒྱལ་མཚན་རྣམ་གཉིས་སློབ་གླིང་གི་དགོང་མོའི་བསྐྱར་སྦྱོང་དང་གཟའ་ཕུར་བུའི་རྩོད་རྒྱུགས་ཆེན་མོ་སོགས་ལ་ཆེད་དུ་ཕེབས་ནས་སློབ་མ་རྣམས་ཀྱི་རྩོད་པའི་རིགས་ལམ་དང་རྣམ་དཔྱོད་མངོན་སྟངས་སོགས་ཕྱོགས་གང་ཐད་ནས་བསླབ་སྟོན་ཡིད་དུ་འཁེལ་བ་མང་བོ་གནང་།  ཟླ་༤པའི་ཚེས་༣༠ཉིན་ད་ལོའི་མཐར་ཕྱིན་འཛིན་

གྲྭ་གཉིས་དང་ཐོན་མིའི་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱིས་བཀོད་སྒྲིག་ལྟར་དགེ་རྒན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་བདེ་ལེགས་དང་བསམ་པའི་དཔལ་ཡོན་ཞེས་པའི་བརྗོད་གཞིའི་ཐོག་སློབ་གླིང་གི་དགེ་སློབ་ལས་བཟོ་བ་ཡོངས་ལ་འཆད་ཁྲིད་གནང་། སྔ་ཕྱིར་གླིང་སྟོད་ཀྱི་དཔེ་མཛོད་ཁང་དང་ཐོན་མིའི་འབུམ་གླིང་གསར་བཞེངས་སྐོར་ལ་

ཆེད་དུ་གཟིགས་ཞིབ་གནང་སྟེ་སློབ་དཔོན་རྣམ་གཉིས་ཀྱིས་ཐུགས་དགྱེས་པའི་གསུང་གླེང་མང་དུ་གནང་།  ཟླ་༥ བའི་ཚེས་༡ ཉིན་སློབ་དཔོན་ཆེན་མོ་རྒན་འཇིགས་མེད་རྒྱལ་མཚན་ཚང་དང་།  སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་ཀྱིས་དབུ་ཁྲིད་ཏེ་སྐབས་བཅུ་དགུ་བའི་མཐར་འཛིན་གྲྭ་གཉིས་ཀྱི་སློབ་མ་རྣམས་

དང་མཉམ་དུ་ཆོས་སྡེ་ཆེན་མོ་རྭ་རྒྱ་དགོན་བཀྲ་ཤིས་འབྱུང་གནས་རུ་མཆོད་མཇལ་དུ་ཕེབས་སྟེ་མཐར་ཕྱིན་སློབ་མ་རྣམས་ཀྱི་བྱ་བཞག་འགྲུབ་པའི་སྐྱབས་འཇུག་དང་བཅས་འཛམ་གླིང་སྐྱེས་འགྲོ་ཡོངས་བདེ་སྐྱིད་ལྡན་པའི་ཐུགས་སྨོན་སྐྱབས་འཇུག་རྒྱ་ཆེར་གནང་།

 

སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་མ་ཡུམ་སློབ་གླིང་དུ་ཕེབས་བསུ་གནང་བཞིན་པ།

སྤྱི་ཚེས་༢༧་ཉིན་དགེ་སློབ་ཡོངས་ལ་ཀུན་སྤྱོད་སློབ་གསོ་དང་འབྲེལ་བའི་འཆད་ཁྲིད་གནང་འགོ་བརྩམས་པ།

དགེ་སློབ་ཡོངས་དགའ་དད་སྤྲོ་གསུམ་གྱིས་དཔེ་ཁྲིད་ལ་ཉན་བཞིན་པ།

སྤྱི་ཚེས་༢༨་སྟེ་གཟའ་ཕུར་བུའི་ཉིན་གྱི་རྩོད་རྒྱུགས་དམ་བཅའ་ལ་གཟིགས་ཞིབ་གནང་བ།

འཛིན་གྲྭ་སོ་སོའི་མཚན་མོའི་བསྐྱར་སྦྱོང་ལ་གསན་བཞིན་པ།

ངལ་གསོའི་དུས་ཚོད་ཀྱི་བར་གསེང་དུ་དགེ་སློབ་ལས་བཟོ་བ་རྣམས་ལ་བཀའ་སློབ་ལམ་སྟོན་གནང་བ།

སྤྱི་ཚེས་༢༩ ཉིན་སློབ་དཔོན་རྣམ་གཉིས་ཀྱིས་གླིང་སྟོད་ཀྱི་དཔེ་མཛོད་ཁང་ཆེན་མོ་སྟེ་སྒྲ་བསྒྱུར་གཙུག་ལག་ཁང་དུ་གཟིགས་ཞིབ་གནང་བཞིན་པ།

སྤྱི་ཚེས་༣༠ཉིན་སློབ་དཔོན་ཐོན་མིའི་སྐུ་བརྙན་གསར་བཞེངས་ཐད་གཟིགས་ཞིབ་གནང་བཞིན་པ།

༢༠༡༦ལོའི་སྤྱི་ཟླ་༤ བའི་ཚེས་༣༠ཉིན།  ཐོན་མིའི་འབུམ་གླིང་གསར་གཞེངས་ཐད་གཟིགས་ཞིབ་གནང་སྐབས་སུ་བསྐྱོན་པའི་སྐུ་པར།

ཐོན་མའི་འབུམ་གླིང་གསར་བཞེངས་ཐད་ཀྱི་ཕྱི་ནང་གི་བཀོད་པ་ལ་གཟིགས་ཞིབ་གནང་བ།

 

སྤྱི་ཚེས་༣༠ ཉིན་གྱི་མཚན་མོར་གླིང་སྨད་ཀྱི་ཚོགས་ཁང་ཆེན་མོ་རུ་མཐར་ཕྱིན་འཛིན་གྲྭ་གཉིས་དང་ཐོན་མིའི་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱིས་བཀོད་སྒྲིག་ལྟར་དགེ་སློབ་ཡོངས་ལ་འཆད་ཁྲིད་གནང་བ།

 

བཀྲ་ཤིས་བདེ་ལེགས་དང་བསམ་བློའི་དཔལ་ཡོན་ཞེས་པའི་འཆད་ཁྲིད་ལ་ཉན་བཞིན་པ།

གཟའ་ཉི་མའི་གུང་གསེང་དང་བསྟུན་ཏེ་ཆོས་སྡེ་ཆེན་མོ་རྭ་རྒྱ་དགོན་པར་མཆོད་མཇལ་དུ་ཕེབས་བཞིན་པ།

སྤྱི་ཟླ་༥ པའི་ཚེས་༡ ཉིན་སློབ་དཔོན་རྣམ་གཉིས་ཀྱིས་དབུ་ཁྲིད་འོག་ད་ལོའི་མཐར་ཕྱིན་འཛིན་གྲྭ་གཉིས་དང་དགེ་རྒན་ལས་བཟོ་བ་བཅས་མཉམ་གཅིག་ཏུ་མཆོད་མཇལ་དུ་ཕེབས་པའི་རྣམ་པ།

སློབ་དཔོན་རྣམ་གཉིས་ཀྱིས་མཆོག་གསུམ་ལ་འཕྲིན་བཅོལ་དང་སྐྱབས་འཇུག་ཞུ་བཞིན་པ།

སློབ་དཔོན་རྣམ་གཉིས་གཙོས་དགེ་སློབ་ལས་བཟོ་བ་ཡོངས་ཀྱིས་མཐར་ཕྱིན་སློབ་མ་རྣམས་ཀྱི་བསམ་དོན་འགྲུབ་པ་དང་འཛམ་གླིང་སྐྱེས་འགྲོ་ཡོངས་ལ་བདེ་སྐྱིད་ལྡན་པའི་ཐུགས་སྨོན་སྐྱབས་འཇུག་གནང་བཞིན་པ།

མཆོད་མཇལ་བདེ་བླག་ངང་གྲུབ་རྗེས་ཕྱིར་སློབ་གླིང་དུ་ཕེབས་བཞིན་པ།

 

མཐར་ཕྱིན་སློབ་མ་རྣམས་དང་དགེ་སློབ་ལས་བཟོ་བ་ཡོངས་ཀྱིས་དྲན་རྟེན་འདྲ་པར་བསྐྱོན་པ།

སློབ་དཔོན་རྣམ་གཉིས་ཀྱིས་ཐུགས་དགྱེས་པའི་ངང་གསུང་གླེང་གནང་བཞིན་པ།

སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་སླར་ཡང་གླིང་སྨད་ཀྱི་ཚོགས་ཁང་ཆེན་མོ་རུ་དཔེ་ཁྲིད་ཀྱི་རྒྱུན་སྐྱོང་བཞིན་པ།

སྤྱི་ཟླ་༥ བའི་ཚེས་༢ ཉིན་སྔར་བཞིན་དུ་རང་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་དཔེ་ཁྲིད་ལ་གསན་པའི་སྐལ་བཟང་མངོན་དུ་གྱུར་ལགས་སོ།།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-05-02 ལྟ་ཀློག (5989)