ཁྲིམས་རྩ་དོན་གཉིས་ལྷུན་གྲུབ།

ཁྲིམས་རྩ་དོན་གཉིས་ལྷུན་འགྲུབ།

གུང་ཐང་བསྟན་པའི་དབང་ཕྱུག

བླ་མ་འཇམ་དབྱངས་རྗེ་བཙུན་བློ་བཟང་གྲགས། །

ཡི་དམ་ཀུན་འདུས་འཕགས་མ་ཏཱ་རེ་ཡུམ། །

བསྒྲུབས་བསྒྲུབས་བསྟེན་པའི་སྲུང་མ་ལ་སོགས་པ། །

བསླུ་མེད་བདེན་བྱིན་དམ་པས་ཡུན་དུ་སྐྱོངས། །

ཀུན་ལ་ལྷག་བསམ་དཀར་བའི་དགེ་སྦྱོང་ང་། །

གཙུག་ཏུ་བཀུར་ཏེ་ཞབས་གཡོག་བསྒྲུབ་འདོད་ཚོ། །

ཆོས་སྲིད་ཟུང་དུ་འབྲེལ་བའི་ལམ་བཟང་འདིར། །

འབད་པས་བསྒྲིམས་ཏེ་བརྩོན་པས་བགྲོད་པར་རིགས། །

བསྲུང་བྱའི་ཁྱད་པར་རྩ་བ་གསུམ་པོ་ནི། །

རང་སེམས་མི་འགྱུར་བསམ་པ་བཟང་དང་ཅིག །

ཕྱི་ནང་གཉིས་ཀར་ལག་པ་བརྟན་དང་གཉིས། །

ནང་གཏམ་གཞན་ལ་མི་བཤད་རྩ་བ་གསུམ། །

དང་བོའི་ཡན་ལག་མངོན་ལྐོག་མེད་པ་དང་། །

ཉེ་རིང་མེད་པར་རྒྱུ་འབྲས་ཚུལ་བཞིན་བྱེད། །

ཀུན་ལ་བྱམས་བརྩེའི་ངང་གི་ཚིག་འཇམ་དང་། །

འཁོན་འཛིང་མི་བྱེད་སུ་ལ་རོགས་རམ་བྱེད། །

གཉིས་པའི་ཡན་ལག་གྲོགས་ངན་བསྟེན་མི་བྱ། །

གཞན་རྒྱུར་མི་རྔམ་གཞུང་རྒྱུར་གཅེས་སྤྲས་བྱ། །

ཆུད་ཟོས་མེད་པར་ན་བཟའ་མཛེས་པར་གྱོན། །

གཞན་གྱིས་གཡར་བཅོལ་ཏན་ཏན་བྱས་ནས་སྤྲོད། །

གསུམ་པའི་ཡན་ལག་ཕུང་ཁ་མཁའ་རྫུན་དང་། །

ཕན་ཚུན་ཕྲག་དོག་ང་རྒྱལ་སེམས་མགོ་ནོན། །

རྒྱུན་དུ་བླ་བཙག་རྐང་འདྲེན་གཏན་མི་བྱ། །

ནང་ལ་ཕན་ཚུན་བརྩེ་དུང་སྤུན་ཟླ་ལྟར། །

དེ་བཞིན་རྩ་བ་གསུམ་པོ་རེ་རེ་ལ། །

ཡན་ལག་ཆུང་བ་བཞི་བཞི་ཕྱེ་བ་ཡི། །

རྩ་བ་གསུམ་དང་ཡན་ལག་བཅུ་གཉིས་པོ། །

སྲུང་བའི་སྤུན་ཟླ་སུ་ཡིན་སྙིང་གི་གྲོགས། །

དེ་ཕྱིར་རྒན་པ་རྣམས་ཀྱིས་དོ་དམ་བྱེད། །

གཞོན་པ་རྣམས་ཀྱིས་འབད་པ་དང་བླང་མཛོད། །

དེ་ལྟར་ཚུལ་བཞིན་སྒྲུབ་པ་སུ་ཡིན་རྣམས། །

དེང་ནས་བཟུང་སྟེ་སྐྱེ་བའི་འཕྲེང་རྒྱུད་དུ། །

ཁོ་བོར་མི་འབྲལ་བཤེས་གཉེན་དམ་པས་སྐྱོངས། །

རིམ་གཉིས་ལམ་གྱི་སྙིང་བོ་ལ་བརྟེན་ནས། །

ཕྲ་རགས་འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ། །

ལྷན་ཅིག་རྒྱལ་བ་གཅིག་ལ་འཚང་རྒྱ་སྨོན། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 

རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-04-30 ལྟ་ཀློག (4445)