སློབ་གླིང་གསར་འགྱུར།

སློབ་གླིང་གསར་འགྱུར།


གསེར་ཆེན་རྫོང་སྤྲེལ་ནག་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་དགེ་རྒན་དག་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དཔེ་ཁྲིད་ལ་ཉན་དུ་ཕེབས་པ།

  སྤྱི་ལོ་༢༠༡༦ལོའི་ཟླ་༤བའི་ཚེས་༡༣ཉིན་ཏེ་རེས་གཟའ་ལྷག་པའི་ཕྱི་དྲོར་གསེར་ཆེན་རྫོང་སྤྲེལ་ནག་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་དང་དགེ་རྒན་མང་བོ་ཞིག་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དཔེ་ཁྲིད་ལ་ཉན་དུ་ཕེབས་ཏེ་ཉམས་མྱོང་བརྗེ་རེས་བྱས།


    དེ་ཡང་ཐོག་མར་དགེ་རྒན་རྣམས་ཕྱི་དྲོའི་སློབ་ཐུན་དང་བོར་ཁྲིད་ཉན་དུ་སོང་བ་དང་། སློབ་ཐུན་གཉིས་པར་ངེད་སློབ་གྲྭའི་དགེ་རྒན་རྣམས་དང་མཉམ་གཅིག་ཏུ་གླིང་སྟོད་ནས་འཚོགས་ཏེ་རང་རང་གི་སློབ་གྲྭའི་དགེ་རྒན་རྣམས་མཚམས་སྦྱོར་མདོར་བསྡུས་དང་འབྲེལ་ཕན་ཚུན་བསམ་བློ་བརྗེ་རེས་གནང་། དེ་ཡང་སྤྲེལ་ནག་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་ལྕགས་བྱམས་རྒྱལ་ལགས་ཀྱིས་ཐེངས་འདིར་ཁོ་ཚོའི་སློབ་གྲྭའི་དགེ་རྒན་རྣམས་ངེད་སློབ་གྲྭར་ཡོང་དོན་དང་ཐོན་རྗེས་ཀྱི་མྱོང་ཚོར་དང་འབྲེལ་ཏེ་ཁོང་གིས་གསུངས་རྒྱུར།  ང་རང་དེ་སྔ་སྤྱི་ལོ་༢༠༠༥ལོར་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་ཡོང་བ་དང་། དེ་དུས་དག་ེརྒན་ཚུལ་ཁྲིམས་ཚང་དང་དགེ་རྒན་ཡོན་ཏན་ཚང་སོགས་བཞུགས། ཁོང་རྣམ་པས་སློབ་གྲྭའི་ངོ་སྤྲོད་དང་ཉམས་མྱོང་དག་གསུངས་པ་ཐོས་རྗེས། ཁོང་རྣམ་པའི་ལྷག་བསམ་དང་སློབ་གསོའི་ལྟ་བ་སོགས་ཀྱིས་རང་ཉིད་ཀྱི་སློབ་གསོའི་བརྒྱུད་རིམ་ལ་ཁྱོན་ཡོངས་ནས་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ད་གཟོད་རང་ཉིད་ཀྱིས་ས་ཆ་ཆུང་ཆུང་ཞིག་ནས་ས་ཆའི་ཚོད་ཀྱི་རི་དྭགས་དང་ཁྲོན་ནང་གི་སྦལ་བའི་ངང་ཚུལ་བཟུང་ཡོད་པ་གསལ་བོར་རྟོགས་ཏེ་རང་གིས་སློབ་གསོ་ལ་བཟུང་བའི་ལྟ་ཚུལ་ལ་རྦད་དེ་འགྱུར་བ་ཐེབས། དེ་ཡང་དེ་དུས་ང་རང་སེམས་འགུལ་ཐེབས་ས་གཙོ་བོ་འགའ་ཡོད་པ་ཟིན་བྲིས་སུ་བཏབ་པ་འདི་ལྟར།


༡.དེ་དུས་དགེ་རྒན་གསུམ་མ་གཏོགས་གཞན་ཚང་མས་རང་བྲོ་ཁུག་མ་བྱས་ཏེ་ཡོང་བ།

༢. སློབ་དཔོན་འཇིགས་མེད་རྒྱལ་མཚན་ཚང་གིས་འདི་འདྲའི་སྡོམ་ཚིག་ཅིག་བྲིས་འདུག་སྟེ་༼ང་རང་གཅིག་བུས་དཔེ་ཆར་ལྟ་བའི་གོ་སྐབས་དེ་ཕྱི་རབས་གཞོན་ནུ་མང་བོར་སྤྲོད་འདོད་ཅིང་། རང་ཉིད་གཅིག་བུས་ཐོས་པ་འཚོལ་བའི་དགའ་སྟོན་དེ་ཡང་རོང་འབྲོག་དབུལ་བོ་འབུམ་གྱི་བྱིས་པའི་བགོ་སྐལ་དུ་བྱེད་འདོད།༽ཅེས་པ།

༣.སློབ་དཔོན་ཚུལ་ཁྲིམས་ཚང་གིས་འདི་ལྟར་གསུངས་ཏེ། ༼སྲོལ་རྒྱུན་རིག་གནས་གཙོ་བོར་འཛིན་དགོས་ཏེ། དེ་ཡུན་རིང་བོར་སྦྱང་དགོས་པ་དང་། དེང་རབས་གློག་ཀླད་སོགས་ནི་ཟླ་འགའ་ལ་སྦྱངས་པས་ཤེས་ཐུབ། ཅེས་དང་། ད་དུང་བརྡ་སྤྲོད་སོགས་མཐར་ཆགས་སུ་ཁྲིད་པ་ལས་ཐར་ཐོར་གྱིས་ཁྲིད་མི་ཉན་པའི་བཀའ་སློབ་སོགས་གནང་བ།

༤.སློབ་དཔོན་ལྡོང་ཡོན་ཏན་ཚང་གིས་༼དགེ་རྒན་གྱི་སྐད་ཆས་སློབ་མར་ཤན་ཤུགས་ཐེབས་ཐུབ་པ་དང་། སློབ་མས་ཁྱིམ་བདག་ལ་ཤན་ཤུགས་ཐེབས་ཐུབ། དགེ་རྒན་བཟང་བོ་གཅིག་གིས་སློབ་གྲྭ་ཡོངས་ལ་ཤན་ཤུགས་ཐེབས་ཐུབ་ལ་བླ་མ་བཟང་བོ་གཅིག་གིས་མང་ཚོགས་ལ་ཤན་ཤུགས་ཐེབས་ཐུབ།༽ཅེས་གསུངས།


༥.སྤྱིར་དེ་དུས་ཕ་སྐད་ཀྱི་ཕྱོགས་ལ་དོ་སྣང་ཆེར་མེད་པའི་སྐབས་ཡིན་མོད། འོན་ཀྱང་ཤེས་རིག་གླིང་གིས་དེ་དུས་ནས་བཟུང་ཕ་སྐད་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་པའི་སྡོམ་ཚིག་བཀོད་འདུག་པ་སོགས་ཀྱིས་རང་ཉིད་ལ་སེམས་འགུལ་ཐེབས་པར་བྱས་པ་དང་ད་ཐེངས་དགེ་རྒན་ཚང་མ་འདིར་ཁྲིད་ཡོང་དོན་ཡང་དགེ་རྒན་རྣམ་པའི་བསམ་བློ་དང་ཀུན་སྤྱོད་སོགས་ལ་འགྱུར་བ་ཞིག་ཐེབས་ཆེད་དང་། ཞོར་དུ་དཔེ་ཁྲིད་ཀྱི་ཉམས་མྱོང་རེ་བསྡུ་ཆེད་དུ་ཡོང་བ་ཡིན་ཞེས་སོགས་དོན་སྙིང་ཅན་གྱི་སྐད་ཆ་མང་དུ་གསུངས། དེ་ནས་དགེ་རྒན་ཚང་མས་ཕན་ཚུན་ལ་སློབ་ཁྲིད་བྱེད་ཐབས་སོགས་ཀྱི་དྲི་བ་དྲིས་ལན་རྒྱས་པར་གནང་ཞིང་། ཁོང་ཅག་གི་དྲི་བ་དག་ལ་ངེད་སློབ་གླིང་གི་དགེ་རྒན་ཚོས་རེ་རེ་བཞིན་རང་གི་གནས་བབ་དང་སྦྱར་ནས་ལན་ཕུལ།  སློབ་གཙོ་ལྕགས་བྱམས་རྒྱལ་གྱིས་བཀའ་དྲིན་ཞུ་ཆེད་དུ་ཁ་བཏགས་སྲིད་དུ་རིང་བ་ཞིག་དང་རྗེ་ཡེ་ཤེས་རྒྱ་མཚོའི་གསུང་འབུམ་ཆ་ཚང་ཞིག  ད་དུང་དམངས་སྒོར་སྟོང་གཅིག་བཅས་བསྩལ་ཅིང་། ངེད་སློབ་གྲྭས་ཀྱང་དགེ་རྒན་རེ་ལ་སློབ་གྲྭ་རང་གི་མི་ལོ་ཉི་ཤུའི་རིང་གི་ལོ་རྒྱུས་མཚོན་པའི་དེབ་ཏེ་༼རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན།༽ཞེས་པའི་དེབ་རེ་དང་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་ཟིན་བྲིས་༼སློབ་གསོ་བ་ཞིག་གི་བློ་གྲོས་ལས་ཐོན་པའི་གསེར་གྱི་གཏེར་ཁ།༽དེབ་གསུམ་དང་ཁ་བཏགས་བཅས་གནང་།   དེ་ནས་ཕྱི་དྲོའི་རྩོད་པ་ལ་བལྟས་རྗེས་མཉམ་པར་ཞིག་བརྒྱབ་པ་དང་དགའ་སྤྲོའི་ངང་གྲོལ།


གསར་འགོད་པ། དགེ་རྒན་མགོན་པོ་སྐྱབས། 



རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-04-14 ལྟ་ཀློག (3385)