དགུང་ལོ་90ཡིན་པའི་བགྲེས་པོ་ཞིག་གིས་དུས་རབས་ཕྱེད་ཀའི་རིང་ལ་ཆོས་ཁང་ཞིག་བཞེངས་པ།

དགུང་ལོ་90ཡིན་པའི་བགྲེས་པོ་ཞིག་གིས་དུས་རབས་ཕྱེད་ཀའི་རིང་ལ་ཆོས་ཁང་ཞིག་བཞེངས་པ། 

      2016-03-23     07:57:10

              ཞིས་པན་ཡ་རྒྱལ་ཁབ་ཀྱི་མིང་ལ་mejorada del campoཟེར་བའི་གྲོང་རྡལ་ཆུང་ཆུང་ཞིག་ཏུ། "གད་སྙིགས་"ཀྱིས་བསྐྲུན་པའི་ལྷ་ཁང་ཞིག་ཡོད། མཐོ་ཚད་རྨིད་40ལས་བརྒལ་བའི་ལྷ་ཁང་འདི་ནི་ཞིས་པན་ཡ་རྒྱལ་ཁབ་ཀྱི་བགྲེས་སོང་ཞིག་གིས་བཞེངས་པ་རེད། ཁོང་གིས་རང་ཉིད་མི་གཅིག་པུའི་ནུས་ཤུགས་འབའ་ཞིག་ལ་བརྟེན་ནས་ལོ་ངོ་53རིང་ལ་སེམས་ཤུགས་དང་ནུས་རྩལ་ཡོད་རྒུ་བཏོན་ནས། སོ་ཕག་རེ་རེ་བཞིན་བརྩིགས་ཏེ་བཞེངས་བསྐྲུན་བྱས། ཆོས་ཁང་འདིའི་བཟོ་སྐྲུན་མིག་སྔར་ད་དུང་ཡང་ཡོངས་སུ་འགྲུབ་ཚར་མེད་པ་དང་བགྲེས་པོ་ཁོང་རང་ལོ་90ཟིན་ཡོད། ཡིན་ནའང་ཁོས་སྔར་བཞིན་ད་དུང་ཡང་མཐའ་འཁྱོལ་བར་རྒྱུན་འཁྱོངས་བྱེད་བཞིན་ཡོད། 

      བགྲེས་སོང་རྒན་པོ་འདིའི་མིང་ལ་Justo gallego martínezཟེར་བ་དང་ཁོ་རང་ནི་བཟོ་སྐྲུན་མཁས་པ་(建筑师)མིན་ལ། བཟོ་སྐྲུན་རིག་པ་དང་ཨར་ལས་རིག་པའང་གཏན་ནས་སྦྱང་མྱོང་མེད། ལོ་ན་གཞོན་དུས་ཁོ་རང་ཞིང་བ་དང་གླང་འཛིང་བ་(斗牛士)བྱས་མྱོང་བ་དང་དེའི་རྗེས་སུ་ཁོ་རང་ཡེ་ཤུའི་དགེ་སྒྲུབ་ཁང་ཞིག་ཏུ་སོང་ནས་ལོ་ངོ་8ལ་ཉམས་ལེན་བྱས། སྤྱི་ལོ་1961ལོར་སྟབས་མ་ལེགས་པར་ཁོ་ལ་གློ་གཅོང་གི་ནད་བྱུང་བས་དགེ་སྒྲུབ་ཁང་དང་ཁ་མི་འབྲལ་ཐབས་མེད་བྱུང་། ཡང་དུས་དེ་ནས་བཟུང་ཁོ་རང་ལ་ལྷ་ཁང་ཞིག་བཞེངས་པའི་ཀུན་སློང་ལྡོག་ཏུ་མེད་པ་ཞིག་སྐྱེས་པ་དང་དགེ་སྒྲུབ་ཁང་ལས་ཕྱིར་བུད་ནའང་རང་གི་མི་ཚེ་ལྷག་མ་རང་ཉིད་ཀྱི་དད་མོས་སླད་དུ་འབུལ་བར་རེ་བ་ཟབ་མོ་བཅངས་པ་རེད། 

       སྤྱི་ལོ་1963ལོར། ཁོ་རང་གིས་ཐེངས་དང་བོའི་རྨང་རྡོ་བཏིངས་པ་རེད། བཟོ་སྐྲུན་མ་བྱས་སྔོན་ལ་ཁོས་ཚད་ལྡན་གྱི་ཇུས་འགོད་དཔེ་རིས་གཅིག་ཀྱང་འབྲི་མྱོང་མེད་ལ། འཐུས་ཚང་གི་འཆར་གཞིའང་ཅི་ཡང་མེད། ཁོང་གིས་རང་ཉིད་ཀྱི་རྟོགས་ཚོར་ལ་འབའ་ཞིག་ལ་བརྟེན་ནས་ཚོད་བགམ་བྱས་ཤིང་བློ་སྒོ་འབྱེད་བྱེད་ཀྱི་རིག་པ་ཁ་ཤས་ནི་ཧྲིན་པེ་ཏི་ཆོས་ཁང་ཆེན་མོ་(圣彼得大教堂)དང་ཡང་ཁ་ཤས་ཤིག་ཨ་རིའི་ཕོ་བྲང་དཀར་བོ་ལས་བྱུང་བ་རེད། གཞན་ད་དུང་ཁོ་རང་གིས་མཐོང་མྱོང་བའི་ཆེ་ཆུང་མི་འདྲ་བའི་མཁར་རྫོང་དང་ཆོས་ཁང་དག་གིས་ཀྱང་བློ་སྒོ་ཕྱེས་ཡོད།

      བཟོ་སྐྲུན་རྒྱུ་ཆ་ནི་ཁོ་རང་གིས་གསོག་ཉར་བྱས་པའི་མཁོ་མེད་རྒྱུ་ཆ་དང་གད་སྙིགས་ཀྱི་རྒྱུ་ཆ་འབའ་ཞིག་ཡིན། 

      ཁོང་གིས་སྣུམ་ཟོན་རྙིང་བས་ཀ་གདུང་གི་གཞི་གདན་གྱི་སྟེགས་བུ་བཟོས་པ་རེད། 

      ཤོག་སྒམ་རྙིང་བ་དང་གློག་སྐུད་རྙིང་བ། སྦུ་གུ་སྣ་ཚོགས་སོགས་ཁོ་རང་གིས་བེད་སྤྱོད་བྱས་ཆོག་སྙམ་པའི་ཅ་དངོས་ཡོད་ཚད་བཀོལ་ནས་ཆོས ཁང་འདི་ཉིད་བཞེངས་པ་རེད། 

      ཁོ་རང་ལ་ལྗིད་འདེགས་འཕྲུལ་འཁོར་མེད་པ་དང་ཡོད་ཚད་རང་ཉིད་ཀྱི་ནུས་ཤུགས་འབའ་ཞིག་ལ་བརྟེན་པ་རེད། 

      འདས་པའི་བགྲང་བྱ་བཅུ་ལྷག་གི་རིང་། ཁོང་ཉིད་རང་གི་"ལས་ཡུལ་"ནས་གཉིད་ཉལ་བ་དང་། ལུས་སེམས་ཀྱི་ནུས་ཤུགས་མཐའ་དག་བྱ་བ་འདིའི་ཁྲོད་དུ་བསྟིམས་པར་མ་ཟད། ཁྱིམ་མིས་ཁོ་རང་ལ་བཞག་པའི་ཤུལ་བཞག་རྒྱུ་དངོས་དང་རང་ཉིད་ཀྱི་མི་ཚེ་གང་བོའི་གསོག་ནོར་ཡང་ལས་དོན་འདིའི་ཐད་དུ་བཀོལ་ནས་ཚར་བར་བྱས།

      ཁོ་རང་ཉིན་ལྟར་ཐོ་རེངས་ཆུ་ཚོད་3དང་ཕྱེད་ཀའི་སྟེང་ཡར་བཞེངས་པ་དང་། དེ་ནས་ཉིན་གང་བོར་ངལ་རྩོལ་བྱེད་པ་རེད། འདི་ལྟར་དབྱར་དགུན་སྟོན་དཔྱིད་ཀུན་དུ་ཉིན་མཚན་མེད་པར་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་ངལ་རྩོལ་བྱས་ཤིང་ལས་གཞི་འདི་གཏན་ནས་མཚམས་འཇོག་བྱས་མྱོང་མེད། 

      འདི་ལྟར། ད་དུང་ཡང་ཡོངས་སུ་འགྲུབ་མེད་ནའང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་མི་རྣམས་ངོ་མཚར་བར་བྱེད་ཐུབ་པའི་ཆོས་ཁང་འདི་བཞེངས་པ་རེད། ཆོས་ཁང་འདིའི་རྒྱ་ཁྱོན་ལ་ཧ་ལམ་རྨིད་གྲུ་བཞི་མ་8000ཡོད་ལ། འཁྱོག་ཁྱམས་དང་གསེར་ཏོག་ཀྱང་ཡོད། མིག་སྔར་ཆོས་ཁང་འདི་ཕྱི་ལ་སྒོ་འབྱེད་བྱས་མེད་ནའང་བགྲེས་སོང་གིས་ཡུལ་སྐོར་བའི་རང་འགུལ་གྱིས་ཕུལ་བའི་ཞལ་འདེབས་ཀྱི་དངུལ་ཕྲན་བུ་ཙམ་དང་ལེན་བྱེད་པ་ལས་སྒོ་འཛིན་གཏན་ནས་འཚོང་གི་མེད། 

       ད་ལྟ་དགུང་ལོ་90ལ་སླེབས་པའི་ཁོ་རང་ཡར་འཛེགས་མར་འབབ་བྱེད་དཀའ་བར་གྱུར་ཡོད། ཁོ་རང་ལ་བཟོ་སྐྲུན་པ་གདན་ཞུ་བྱེད་པའི་དངུལ་མེད་པས་རང་ཉིད་ཀྱི་ཚ་བོ་ལ་ལས་རོགས་བྱེད་དུ་བཅུག་ཡོད་ཅིང་། ས་དེ་གའི་རང་འདུན་པའང་གནས་དེར་འོངས་ནས་རོགས་རམ་བྱེད་བཞིན་ཡོད། ཡིན་ནའང་ཁོ་རང་སྔར་བཞིན་ཉིན་ལྟར་ཁོ་རང་གིས་སྒྲུབ་ནུས་པ་མཐའ་དག་སྒྲུབ་བཞིན་ཡོད་པ་དང་། ད་བར་དུ་ཁོ་རང་སྔར་བཞིན་ཞོགས་པའི་ཆུ་ཚོད་6སྟེང་ཡར་ལངས་ཏེ་ཉི་མ་རེར་ཆུ་ཚོད་10ལ་ལས་ཀ་བྱེད་བཞིན་ཡོད། གཅིག་བྱས་ན་ཁོ་རང་མ་ཤི་བའི་སྔོན་ལ་ཆོས་ཁང་འདི་ཡོངས་སུ་ལེགས་པར་གྲུབ་པའི་རྣམ་པ་དེ་མཐོང་དཀའ་ཡང་སྲིད་མོད། འོན་ཀྱང་ཁོང་གིས་བྱ་བཞག་འདི་མཚམས་འཇོག་འདོད་པའི་བསམ་བློ་ནམ་ཡང་སྐྱེས་མ་མྱོང་ངོ་།།

ཡིག་སྒྱུར་བ་དང་རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། 




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-04-10 ལྟ་ཀློག (5015)