​ སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པ།

 སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པ།

 རྒྱལ་བོ་སྲོང་བཙན་སྒམ་པོ།

    ཨོཾ་མ་ཎི་པདྨེ་ཧཱུཾ།  ཐུགས་རྗེ་ཆེན་པོའི་སྤྲུལ་བ་ཆོས་སྐྱོང་བའི་རྒྱལ་བོ་བསྲོང་༼སྲོང་༽བཙན་རྒམ༼སྒམ༽པོས།  བོད་འབངས་སྤྱི་འཐུན༼མཐུན༽ལ་གསུངས་པ།  བོད་ཀྱི་མི་རྣམས་ཉོན་ཅིག  བོད་ཁ་བ་ཅན་གྱི་མི་རྣམས་སྤྲེའུ་དང་བྲག་སྲིན་མོའི་བུར་སོང་བས།  ཁོང་ཙོལ༼ཅོལ༽ཆུང་ཁ་ལ་སྦྲིན།  ཁྲེལ་འཛེམ་དང་ངོ་ཚ་ཆུང་ལ་གསར་འགྲོགས་ལ་དགའ།  དད་པ་ཆུང་ལ་སྡིག་པ་མི་འཛེམ།  འགྲན་སེམས་ཆེ་ལ་ཕྲག་དོག་ཆེ།  འདོད་ཐག་ཉེ་ལ་ཚིག་མི་བཙན་པས་།  དུས་ཕྱི་མའི་མི་རྣམས་ཆོས་དང་གང་ཟག་གཉིས་ཀ་ལ་གསར་འགྲོགས་ཆེ་བས།  ཆོས་བྱེད་པ་ལ་སྒྲོ་སྐུར་འདོགས།ཆོས་ལ་ནི་གསར་སྔས་ཆེ་བས་དར་སྐྱེན་ལ་ནུབ་སྐྱེན།  སྒྲུབ་མི་ནུས་པར་བཤད་འདོད།བསོད་ནམས་དང་འདུ་འཛི་ལ་དགའ།  ཆོས་བརྒྱད་ཀྱི་གྲགས་པ་འདོད་པ་ཤེས་ཐག་འབྱུང་བས།  དེའི་དུས་སུ་ཐུགས་རྗེ་ཆེན་པོའི་བསྟན་པ་དར་བས་ལྷ་དཀར་བོ་སྒོམ་པ་མང་།  རྡོ་དཀར་བོ་ཟ་བའི་དུས།  ཆོས་དར་ལ་མ་སྨིན་པའི་དུས་བྱ་བ་ཡིན་པ།  དེའི་ཚེ་ཐུགས་རྗེ་ཆེན་པོའི་ཆོས་བྱེད་པར་འདོད་ན་འཁོར་བའི་མཚན་ཉིད་མི་རྟག་པ་ཡིན།  རང་རྟག་ཏུ་རེ་སྟེ་ཚེའི་འགྲིབ་ལུགས་བུད་མེད་ཀྱི་གྲུའུ་འཐུལ་བ་བཞིན་འཛད་པ་ཡིན།  ཉི་མ་ནུབ་ཁའི་གྲིབ་སོ་བཞིན་འདེད་དེ།  བྲོས་པས་མི་ཐར།  ཐོ་ཡོར་ལ་བྱ་སྒྲོ་བཙུགས་པ་རླུང་གིས་གཡོ་བ་ལྟར་ནམ་འཆི་ཆ་མེད་པ་ཡིན།  བཙོན་གསོད་སར་ཁྲིད་པ་ལྟར་འཆི་བ་ལ་ཇེ་ཉེ་ཇེ་ཉེར་སོང་ནས་འཆི་ངེས་པ་ཡིན།  མི་ཤ་འོ་དང་མི་དོང་བ་ཕྲད་པ་ལྟར་འཆི་བ་ལ་བླུ་ཐབས་མེད་པ་ཡིན།  དེ་ལ་ཚེ་འདི་བས་ཕྱི་མ་མི་དྲན་པ་ཡིན།  དེ་ལྟར་དུག་ལྔ་རང་ཁར་སྤྱད་ན།  ཞེ་སྡང་གི་མེ་འབར་བས་དགྲ་མ་ཐུལ་གྱིས་དོགས་ནས་རང་གི་སྲོག་ལ་མི་ལྟ།  འདོད་ཆགས་ཀྱི་ཆུ་གྲུགས་པས་གཉེན་མ་སྐྱོངས་ཀྱིས་དོགས་ནས།  ནོར་རྫས་ལ་གདུང་སེམས་ཀྱི་ཟས་འདོད་པ་དང་འདྲ།  གཏི་མུག་གི་མུན་པར་ཚུད་པས་རང་ངོ་རང་གིས་མ་ཤེས་པ་མུན་ཁུང་དུ་རྫས་ཚོལ༼འཚོལ༽བ་དང་འདྲ།  ང་རྒྱལ་གྱི་རི་བོ་ལ་འཛེག་པས་ང་བདག་གི་འགོང་བོ་དང་མ་བྲལ་བ་ཆུ་རྩལ་ཅན་ཆུས་ཁྱེར་བ་དང་འདྲ།  ཕྲག་དོག་གི་ཚུབ་མར་ཚུད་པས་གཉིས་ཀ་ཕུང་བ་སྟོབས་ཅན་གཡང་སར་འཛིངས་པ་དང་འདྲ།  ཉོན་མོངས་དུག་ལྔ་རང་ཁར་སོང་བ་རྩྭ་ལ་མེ་འཆེད༼མཆེད༽པ་དང་འདྲ།  དུག་ལྔ་རང་ཁར་སྤྱད་པས་ཞེ་སྡང་གིས་དམྱལ་བར་སྐྱེ།  ཚ་གྲང་གིས་སྡུག་བསྔལ་མྱོང་།  སེར་སྣས་ཡི་དྭགས་སུ་སྐྱེ།  བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་། གཏི་མུག་གིས་བྱོལ་སོང་དུ་སྐྱེ།  བཀོལ་སྤྱོད་ཀྱི་སྡུག་བསྔལ་མྱོང་།  འདོད་ཆགས་ཀྱིས་མིར་སྐྱེ། འགྱུར་བའི་སྡུག་བསྔལ་མྱོང་།  ཕྲག་དོག་གིས་ལྷ་མ་ཡིན་དུ་སྐྱེ།  འཐབ་རྩོད་ཀྱི་སྡུག་བསྔལ་མྱོང་།  ང་རྒྱལ་གྱིས་ལྷར་སྐྱེ།  འཕོ་ལྟུང་གི་སྡུག་བསྔལ་མྱོང་།  འགྲོ་དྲུག་སྡུག་བསྔལ་གྱིས་གཅིག་ནས་གཅིག་ཏུ་འཁོར་བས་སྡུག་བསྔལ་གྱི་མཐའ་མི་ཆོད་པ་ཡིན་ནོ།།  སྡུག་བསྔལ་དེ་ལས་བཟློག་པའི་ཐབས་བཀའ་རྒྱ་ཆེ་ལུང་གྲངས་མང་ཡང་། འགྲོ་དྲུག་གི་སྡུག་བསྔལ་ལས་ཐར་བར་བྱེད་པ་ལ་ཐུགས་རྗེ་ཆེན་པོ་ལས་ལྷག་པ་མེད།  སྙིང་བོ་ཡི་གེ་དྲུག་པས་རིགས་དྲུག་གི་སྐྱེ་སྒོ་གཅོད་པ་ཡིན། 

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་ཡེ་ཤེས་ལྔ་ལྡན་ལྷ་ཡི་སྐྱབས།། འཕོ་ལྟུང་ཞི་ནས་སྐྱེ་སྒོ་གཅོད།།  མ་སྙིང་རྗེ་ཆེན་པོ་ལྷ་མིན་སྐྱབས།།འཐབ་རྩོད་ཞི་ནས་སྐྱེ་སྒོ་གཅོད།།  ནི་བྱམས་པ་ཆེན་པོ་མི་ཡི་སྐྱབས།།  འགྱུར་བ་ཞི་ནས་སྐྱེ་སྒོ་གཅོད།། པད་དགའ་བ་ཆེན་པོ་བྱོལ་སོང་སྐྱབས།། གླེན་ལྐུགས་ཞི་ནས་སྐྱེ་སྒོ་གཅོད།། མེ་བཏང་སྙོམས་ཆེན་པོ་ཡི་དྭགས་སྐྱབས།། བཀྲེས་སྐོམ་ཞི་ནས་སྐྱེ་སྒོ་གཅོད།། ཧཱུཾ་ཐུགས་རྗེ་ཆེན་པོ་དམྱལ་བའི་སྐྱབས།། ཚ་གྲང་ཞི་ནས་སྐྱེ་སྒོ་གཅོད།། ཐུགས་རྗེ་ཆེན་པོའི་བལྟ༼ལྟ༽བ་དགོངས་པ་ཕྱོགས་མེད་མཐའ་བྲལ། སྒོམ་པ་རང་གསལ་འཛིན་མེད། སྤྱོད་པ་མཉམ་པ་རིས་མེད། འབྲས་བུ་ཆོས་སྐུ་འགྱུར་མེད། དམ་ཚིག་དྲི་མེད་རྣམ་དག འཕྲིན་ལས་འགྲོ་དོན་ཕྱོགས་མེད།  ཐུགས་རྗེ་ཆེན་པོའི་བལྟ༼ལྟ༽དགོངས་ཡིན་ནོ།། རང་གི་གྲོགས་སུ་དམ་པའི་ཆོས་བཟང་བས་ཐུགས་རྗེ་ཆེན་པོའི་ཆོས་ལ་ཆོད་༼མཆོད༽ཅིག  སྐྱེལ་མར་དཀོན་མཆོག་གསུམ་བཟང་བས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་རྒྱུན་མ་བཅད༼གཅོད༽ཅིག

     སུན་མར་བླ་མ་ཡི་དམ་མཁའ་འགྲོ་གསུམ་བཟང་བས་གསོལ་བ་རྒྱུན་མ་ཆད་པར་ཐོབ་ཅིག རྒྱབ་སྐྱོར་དུ་ལྟ་སྒོམ་སྤྱོད་པ་གསུམ་བཟང་བས་ཉམས་སུ་ལོངས་ཤིག  སྡིག་པ་ཕྲ་མོ་ནས་སྤོངས་ཤིག་ཐིགས་པ་བསགས་པས་རྒྱ་མཚོ་ཙམ་དུ་འགྲོའོ།།  དགེ་བ་ཕྲོ་ནས་གྱིས་ཤིག་རི་རབ་ཆེན་པོ་ཡང་རྡུལ་ཕྲ་རབ་ནས་གྲུབ་བོ།།  ཅི་བྱས་དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོས་ཤིག་ཕྱིའི་རྒྱ་མཚོ་ལ་མཆིལ་མ་གཅིག་བོར་བ་མི་འཛད་པ་ལྟར་ཡིན་ནོ།།  ཆེས་ཐུགས་རྗེ་ཆེན་པོའི་ཡང་སྙིང་། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི་བས་ལྷག་པ་མེད་དོ།།  བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྙིང་བོ་མ་ནོར་བ་ཡིན་ནོ།། ཞེས་སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པའོ།།  


རྩོམ་ཡིག་ཕབ་བཤུ་བ།  སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་ཙན་དན། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-04-09 ལྟ་ཀློག (4847)