འཛམ་གླིང་ཡོངས་ཀྱི་ཆེས་མཐའ་མཇུག་གི་བྱང་ཕྱོགས་བསེ་རུ་དཀར་པོ་ཕོ་དེ་ཆུ་ཚོད་ཉེར་བཞིར་མེ་མདའ་ཐོགས་ནས་སྲུང་སྐྱོབ་བྱེད་བཞིན་ཡོད།

འཛམ་གླིང་ཡོངས་ཀྱི་ཆེས་མཐའ་མཇུག་གི་བྱང་ཕྱོགས་བསེ་རུ་དཀར་པོ་ཕོ་དེ་ཆུ་ཚོད་ཉེར་བཞིར་མེ་མདའ་ཐོགས་ནས་སྲུང་སྐྱོབ་བྱེད་བཞིན་ཡོད། 

       ཁེ་ཉི་ཡའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གནས་སྡོད་བྱས་པའི་བྱང་ཕྱོགས་བསེ་རུ་དཀར་པོ་ཕོ་༼སུའུ་དན་༽ནི་ད་ལོ་ལོ་ཞེ་གསུམ་ཡིན། དེའི་ཚེ་ཡི་ཚད་ཧ་ལམ་ལོ་ལྔ་བཅུ་བར་འཚོ་ཐུབ། སུའུ་དན་གྱི་ཚེ་སྨད་ལ་བུ་དང་ཚ་བོས་སྐོར་ཞིང་ཕུ་ནུ་ལྷན་འཛོམས་ཀྱི་དཔལ་ལ་རོལ་མ་ཐུབ་ལ། མེ་མདའ་ཐོགས་པའི་ནགས་སྲུང་བ་བཞི་བཅུས་ཉིན་མཚན་དུ་སྲུང་བ་ལ་རོལ། རྒྱུ་མཚན་སླ་སྟེ། སུའུ་དན་ནི་འཛམ་གླིང་སྟེང་གི་ཆེས་མཐའ་མཇུག་གི་བསེ་རུ་དཀར་པོ་ཕོ་དེ་ཡིན། གལ་སྲིད་དེས་མཐའ་མཇུག་ལ་རྒྱུད་སྤེལ་མ་ཐུབ་ན་བསེ་རུ་དཀར་པོ་ཞེས་པའི་སྲོག་ཆགས་རིགས་འདི་ང་ཚོའི་འཇིག་རྟེན་ཁྲོད་གཏན་དུ་ཡལ་ངེས་སོ། ། ང་ཚོའི་མི་རབས་རྗེས་མས་མ་འོངས་ན་དཔེ་རིས་ལ་བལྟས་ཏེ་དབུགས་རིང་གཏོང་བཞིན་འགྱོད་སེམས་སྐྱེས་སོ།  
༢༠༠༩ལོར། སུའུ་དན་དང་བསེ་རུ་དཀར་པོ་ཕོ་གཉིས་བཅས་ཆེ་ཁུ་སྤྱི་མཐུན་རྒྱལ་ཁབ་ནས་ཁེ་ཉི་ཡའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་གནས་སྤར། དེ་ཚོའི་ཐེངས་དེའི་འགྲུལ་བཞུད་ནི་རང་ཉིད་ཀྱི་རིགས་རྒྱུད་སྤེལ་བའི་ཆེད་ཡིན། དེ་ཚོ་སྲུང་སྐྱོབ་ས་ཁུལ་ལ་མ་འབྱོར་གོང་ཚང་མ་རེ་བས་ཁེངས་ཡོད་ལ་སུའུ་དན་གྱིས་བསེ་རུ་དཀར་པོའི་ཚེ་སྲོག་རྒྱུན་མཐུད་ཐུབ་པར་སྨོན་གྱིན་ཡོད། འོན་ཀྱང་རྒྱུད་སྤེལ་བའི་འཆར་གཞི་ད་ལྟའི་བར་ལེགས་གྲུབ་མ་བྱུང་ལ་གནས་ཚུལ་ངན་པ་མ་བགྲོས་རང་སླེབས་ཏེ་བསེ་རུ་དཀར་པོ་ཕོ་དེ་ན་ནིང་གི་ཟླ་བཅུ་བར་ཤི་སོང། སུའུ་དན་འཛམ་གླིང་སྟེང་གི་ཁེར་རྐྱང་གི་བསེ་རུ་དཀར་པོ་རུ་གྱུར་སོང་།
བདེ་འཇགས་ཀྱི་ཆེད་སུའུ་དན་གྱི་རྭ་ཅོ་སྔ་མོ་ནས་བཅད་ཟིན།
བསེ་རུ་དཀར་པོའི་གྲངས་ཀ་ཇེ་ཉུང་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་སྨྱོ་ཧམ་གྱིས་རྔོན་བྱེད་པ་དང་རང་བྱུང་འབབ་སྡོད་ཀྱི་གནས་བརླག་པས་སོ། ལོ་རབས་དགུ་བཅུ་བར་བསེ་རུའི་རྭ་ཅོ་སྤྱི་རྒྱ་གཅིག་གི་རིན་གོང་ལ་ཕལ་ཆེར་མི་དམངས་ཤོག་སྒོར་༡༧༠༠ནས་༥༤༠༠ཙམ་ཡིན། དེང་སྐབས་རིན་གོང་གནམ་ལ་ཤོར་ནས་སྤྱི་རྒྱ་རེ་མི་དམངས་ཤོག་སྒོར་ཁྲི་༤༠ ནས་༤༧སླེབས་ཡོད། རྒྱུ་ནོར་གྱི་སླུ་བྲིད་ཀྱིས་རྔོན་པས་རྒྱུན་ཆད་ལ་ཉེ་བའི་བསེ་རུར་ལག་བསྲིངས་པས། དུས་རབས་ཕྱེད་ཀའི་སྔོན་ལ་ཡོད་པའི་བསེ་རུ་༢༠༠༠གྲངས་དེ་༡༩༨༤ལོར་༡༥ལ་མར་བབས། དེ་སྔོན་ཨ་ཧྥེ་རི་ཀའི་སྙིང་དབུས་སུ་བག་ཕེབས་སུ་འཚོ་བའི་བསེ་རུ་དཀར་པོས་རང་ཉིད་ཀྱི་རྐང་རྗེས་འཇོག་ཐུབ་བྲལ།  

སུའུ་དན་གནས་སའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱིས་སྤྱི་ཚོགས་ལ་རོགས་སྐྱོར་གནང་བར་ཞུ་བའི་འཆར་གཞི་བཏོན། བདེན་དེ། ཚོགས་པ་ཧྲིལ་བོར་མཚོན་ཆ་འདོན་སྤྲོད་བྱེད་པ་ནི་རིན་ཐང་མི་དམན་ཡང་དེ་ནི་འཚོ་ཐུབ་ཀྱི་རེ་བ་ཙམ་ཡིན་ལ། མི་ཚང་མས་ནུས་ཤུགས་ཡོད་དགུ་བཏོན་ནས་བསེ་རུ་དཀར་པོའི་ཁྱིམ་རྒྱུད་མུ་མཐུད་ནས་འཚོ་བར་རོགས་རམ་བྱེད་པར་ཡོད། འདི་ནི་མིའི་རིགས་ཀྱི་འོས་འགན་ཡིན་ལ་དེ་ལས་ཀྱང་མིའི་རིགས་ཀྱིས་རང་ཉིད་སྐྱོབ་པ་ཡིན་ནོ།།

ཡིག་སྒྱུར་བ་དང་མཁོ་སྤྲོད་པ། སྤྲེལ་ཉི་མ་རྒྱལ་མཚན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-04-08 ལྟ་ཀློག (3613)