བདེ་ཆེན་བཀའ་འགྱུར་དང་རྭ་རྒྱའི་སློབ་མ་གླེང་བ།

ཁྱེད་ཀྱིས་བདེ་ཆེན་བོད་རིགས་ས་ཁུལ་ལ་རྒྱུས་ལོན་བྱས་སམ།

བདེ་ཆེན་བོད་རིགས་རང་སྐྱོང་ས་ཁུལ་དུ་སོང་བའི་མྱོང་ཚོར་

ཁག་དང་པོ།

ཁཱ་ཤེས་རབ་རྒྱ་མཚོ།

དང་པོ།  བདེ་ཆེན་ས་གནས་ངོ་སྤྲོད་རོབ་ཙམ་གླེང་བ།

     བདེ་ཆེན་ཞེས་པའི་དོན་ནི་བདེ་བ་ཅན་གྱི་ཞིང་ཁམས་སུ་འདོད་ལ། དེ་ཡུན་ནན་དང་སི་ཁྲོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་གསུམ་གྱི་འདབས་འབྲེལ་བའི་ས་རུ་ཆགས་ཤིང་། འཛམ་གླིང་གི་རང་བྱུང་ཤུལ་བཞག་༼གཙང་བོ་གསུམ་མཉམ་བཞུར་༽གྱི་ལྟེ་བ་རུ་གནས། གནས་འདིའི་སྤྱིའི་རྒྱ་ཁྱོན་ལ་སྨིད་གྲུ་བཞི་མ་༢༣༨༧༠ཡོད་པ་དང་། དེའི་ཁོངས་སུ་རྒྱལ་ཐང་གྲོང་ཁྱེར་དང་བདེ་ཆེན་རྫོང་། འབའ་ལུང་རྫོང་། འཇོལ་རྫོང་། སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཁུལ་བཅས་བོད་རིགས་དང་། ལི་ལི། འཇང་རིགས་སོགས་མི་རིགས་ཉེར་དྲུག་གི་མི་འབོར་འབུམ་བཞི་ལྷག་འཚོ་ཞིང་གནས།

དགའ་ལྡན་སུམ་རྩེན་གླིང་།

     བདེ་ཆེན་ལ་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་༼ཤམ་བྷ་ལ༽་ཟེར་བའི་མཚན་སྙན་བསྩལ་ཡོད་ལ།  འབྲི་ཆུ་དང་རྫ་ཆུ། རྒྱལ་མོ་རྔུལ་ཆུ་ཡི་ངོགས་གཉིས་སུ་རྔམ་བརྗིད་ཀྱི་གངས་རི་དང་གྲོག་རོང་། མཛེས་སྡུག་གི་རྩྭ་ཐང་དང་མཚེའུ་བསྟར་ལ་བརྒྱུས་ཡོད། གནས་འདིར་ནགས་ཚལ་ཚང་ཚིང་དུ་འཁྲུགས་ཤིང་། གཙང་བོ་ལྷང་ལྷུང་དུ་འབབ།  གཏེར་ཁ་དང་ཐོན་ཁུངས་ཕུན་སུམ་ཚོགས། ས་འཛིན་དུ་ནོར་བུ་མངལ་ཞིང་། གཙང་ཆུ་རུ་གསེར་རླབས་གཡོ་ཞེས་བཤད་ཀྱང་ཐལ་མི་དྲགས། གནས་འདིའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མི་ཆོས་རིག་གནས་ཀྱི་རྫོང་མཐུག ཆོས་ལུགས་སྣ་མང་སྐར་ཚོགས་བཞིན་དུ་བཀྲ་ཞིང་མི་རིགས་སོ་སོའི་རིག་གནས་མཉམ་དུ་གནས་ཡོད།

གཉིས་པ།  བདེ་ཆེན་བཀའ་འགྱུར་དང་རྭ་རྒྱའི་སློབ་མ་ཆུ་ནག་ཤེས་རབ་རྒྱ་མཚོ་གླེང་བ།

       འདི་ནས་ངས་བདེ་ཆེན་བཀའ་འགྱུར་བྱུང་རིམ་དང་སྦྱིན་བདག་དེའི་རྒྱབ་ངོས་ཀྱི་མི་སྣ་གཙོ་བོ་རེ་ཟུང་ངོ་སྤྲོད་བྱ་འདོད་པ་དེ་ཡིན།  མི་མང་པོ་ཞིག་གི་སེམས་ལ་བདེ་ཆེན་བཀའ་འགྱུར་ཟེར་ན་གང་ཡིན་རྒྱུས་མངའ་མེད་པའི་གནས་ཚུལ་གསར་བ་ཞིག་ཡིན་སྲིད་མོད། ཁག་མི་འདུག་བདེ་ཆེན་བོད་རིགས་ས་ཁུལ་ནི་ད་སྐབས་ཡུལ་སྐོར་བའི་འདུས་སྡོད་ཅིག་དང་ཡང་ན་བོད་ཡིག་བོད་སྐད་ཟེར་ན་ཉམས་རྒུད་ཀྱི་འགག་མདོ་ཞིག་ཏུ་སླེབས་ཡོད་པར་ངོས་འཛིན་བྱས་པ་ཡིན་ཙང་།  བདེ་ཆེན་བཀའ་འགྱུར་ཟེར་ན་གནའ་གཏམ་ཞིག་ཡིན་ནམ་སྙམ་ནས་རྣ་ཀྲོག་ཀྲོག་དང་མིག་གིས་རིག་རིག་བྱ་སྲིད། དེ་བས་བཀའ་འགྱུར་ཟེར་ན་སངས་རྒྱས་ཀྱིས་གསུངས་པའི་བཀའ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་ཟེར་བ་དེ་གཅིག་མཚུངས་ཀྱིས་འགྲེལ་ནའང་དེ་རྒྱུད་འཛིན་དང་དར་སྤེལ་གཏོང་སྟངས་ཐད། ས་གནས་ཀྱི་དཔལ་ཡོན་དང་མི་ཆོས་དད་འདུན་རང་དབང་གི་མཁའ་དབུགས་ལ་གཙོ་བོ་རག་ལས་པས་བཀའ་འགྱུར་གྱི་འཕེལ་རིམ་དང་དེའི་ཁྱབ་ཁོངས་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན།

འདི་ནི་ད་ལྟའི་སེམས་ཀྱི་ཉི་ཟླའི་སྡེ་བ་དང་པོ་སྟེ་བྲག་དཀར་སྡེ་བའི་བཀའ་འགྱུར་ལྷ་ཁང་ཡིན།

      གང་ལྟར་བདེ་ཆེན་བཀའ་འགྱུར་ནི་བདེ་ཆེན་རང་ས་ནས་ལྟེ་ཁྲག་འཐོར་ཞིང་བོད་པའི་ཆོས་སྲིད་གཉིས་ལ་དད་འདུན་ཡོད་པའི་སྦྱིན་བདག་དབང་འདུས་ཟེར་བ་ཁོང་གིས་སྤྱི་ལོ་༢༠༠༨ལོར་རླབས་ཆེ་བའི་ལས་གཞི་ཆེན་པོ་འདིའི་མགོ་བརྩམས་ཤིང་། རྒྱུ་ཚེགས་ཡོད་ཚད་དང་དུ་བླངས་ནས་ལོ་ངོ་ལྔའི་རིང་བདེ་ཆེན་བཀའ་འགྱུར་ཟེར་བའི་རླབས་ཆེན་གྱི་བྱ་བཞག་ཆེན་པོ་ཡོངས་སུ་གྲུབ་པ་འདི་རེད། འདི་ནས་ང་ཚོས་གླེང་དགོས་པ་དང་ཤེས་དགོས་པའང་རླབས་ཆེན་གྱི་བྱ་བཞག་ཅིག་གྲུབ་པའི་ངོ་གདོང་ཙམ་མ་ཡིན་པར་དེའི་རྒྱབ་ངོས་ན་ལྷག་བསམ་ལྡན་ཞིང་ཤེས་འཇོན་ཡོད་པའི་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་རེ་ཟུང་ཡང་བརྗེད་བྱང་དུ་བཏབ་སྟེ་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཤེས་སུ་འཇུག་པ་དེ་ཡིན།

ཆུ་ནག་ཤེས་རབ་རྒྱ་མཚོ་ནི་མཚོ་སྔོན་ཁྲི་ཀའི་ཡིན།

      དེས་ན་བདེ་ཆེན་བཀའ་འགྱུར་གྱི་ལས་གཞི་འདིའི་མི་སྣ་གཙོ་བོ་ཞིག་ཏུ་ཆགས་པའི་ཆུ་ནག་ཤེས་རབ་རྒྱ་མཚོ་བདེ་ཆེན་དུ་ཡོང་དུས་ས་ཁུལ་དེ་ན་བོད་ཡིག་ཤེས་མཁན་ཧ་ཅང་ཉུང་ལ་ད་དུང་བོད་སྐད་རྒྱག་མཁན་ཡང་མང་བོ་མེད་ཟེར། ས་ཁུལ་དེ་ནས་བོད་ཡིག་ཤེས་མཁན་ཚོར་喇嘛字གྲྭ་པའི་ཡི་གེ་ཤེས་མཁན་ཟེར་འདུག གང་ལྟར་སྦྱིན་བདག་དབང་འདུས་ཀྱི་འགན་འཛིན་པ་གྲྭ་མཁས་གྲུབ་ཟེར་བ་ཞིག་དང་ཆུ་ནག་ཤེས་རབ་རྒྱ་མཚོ་གཉིས་ཐོག་མར་ངོ་ཤེས་ཤིང་རིམ་གྱིས་ས་ཆ་དེ་ན་སྦྱིན་བདག་དབང་འདུས་ཟེར་བ་ཞིག་ལ་དེ་འདྲའི་སྙིང་སྟོབས་ཡོད་པ་མོལ་སྐབས་ཆུ་ནག་ཤེས་རབ་རྒྱ་མཚོས་ཀྱང་རླབས་ཆེན་གྱི་བྱ་བཞག་དེར་རང་ནུས་ཅི་ཡོད་ཀྱིས་ཞབས་ཕྱི་ཏོག་ཙམ་བྱུང་ན་དགའ་བོ་ཡོད་པ་སོགས་ཀྱིས།  བཀའ་འགྱུར་གློག་ཀླད་དུ་ཡི་གེར་གཏགས་པའི་ལས་འགན་ཆ་ཚང་ཆུ་ནག་ཤེས་རབ་རྒྱ་མཚོ་གཅིག་པུས་དང་དུ་བླངས་ནས། ལོ་ངོ་དེ་དག་ལ་འཚོ་བར་ཆ་རྐྱེན་ཅི་ཡང་མ་བཏོན་པར་ས་གནས་འདིར་བོད་ཡིག་གི་རྨང་ཞིག་འདིང་ཐུབ་སོང་ན་དེ་བས་དགའ་བོ་གཞན་མེད་པ་དེས།  ད་སྐབས་ས་གནས་འདིའི་མི་རྣམས་ཆུ་ནག་ཤེས་རབ་རྒྱ་མཚོ་ལ་དགའ་བ་དང་ཡིད་ཆེས་ཀྱིས་བརྟས་ཡོད།

ལྷ་ཁང་འདིའི་ནང་དུ་བཞུགས་པའི་བཀའ་འགྱུར་ཆ་ཚང་ཁོ་གཅིག་པུས་གློག་ཀླད་དུ་བཅུག་མཐར་གཞན་ལས་གྲོགས་ཚོས་གློག་ཀླད་ཀྱིས་པར་ཤིང་བཏབ་པ་ཡིན་འདུག

    དེས་ན་སྦྱིན་བདག་དབང་འདུས་དང་ཆུ་ནག་ཤེས་རབ་རྒྱ་མཚོ་གཉིས་ནི་ཡུན་རིང་འགྲོགས་པའི་རྒྱུས་མངའ་མེད་ནའང་ཆུ་ནག་ཤེས་རབ་རྒྱ་མཚོའི་ཕུགས་བསམ་དང་མི་གཞི་དེས་ཁོ་རང་དད་པ་ཡོང་གི་འདུག་ཟེར་ནའང་ཐལ་མི་དྲགས་པ་ཞིག་གི་དངོས་ནས་ཕན་ཚུན་ལ་ཡིད་ཆེས་ཏན་ཏན་ཆགས་རྐྱེན་སྦྱིན་བདག་གི་སྙིང་སྟོབས་དང་ཆུ་ནག་ཤེས་རབ་རྒྱ་མཚོའི་ལྷག་བསམ་སོགས་མང་བོ་ཞིག་འཛོམས་པས་དེ་རིང་གི་མཇལ་དུ་ཡོད་པའི་བདེ་ཆེན་བཀའ་འགྱུར་གྱི་དཔར་ཤིང་ཆ་ཚང་ལེགས་པར་གྲུབ་པ་དེ་རེད། 

བཀའ་འགྱུར་གློག་ཀླད་ཀྱིས་པར་ཤིང་བརྐོས་པ་ནི་ལག་བརྐོས་དང་མི་འདྲ་བར་ཡི་གེར་ཆེ་ཆུང་མེད་ཅིང་ཚགས་དམ་པ་སོགས་དགེ་མཚན་ཤིན་ཏུ་མང་།

བདེ་ཆེན་བཀའ་འགྱུར་ལྷ་ཁང་གི་རྩིག་དངོས་སུའང་བོད་ཀྱི་པར་ཤིང་རིག་གནས་འགྲེམས་སྟོན་དང་གསལ་བཤད་བྱས་ཡོད།

      ངས་སློབ་གྲོགས་ཆུ་ནག་ཤེས་རབ་རྒྱ་མཚོ་ལ་ཁྱེད་ཀྱིས་བཀའ་འགྱུར་ཆ་ཚང་ཡི་གེར་གཏག་སྐབས་སེམས་ཚོར་དང་དཀའ་ལས་མང་པོ་མྱོང་ཡོད་དམ་དྲིས་དུས། ཁོས་ང་ལ་ས་ཆ་འདིར་ཐོན་དུས་པྲ་ཚེགས་ཀྱི་ལས་མང་བོ་ཞིག་བྱས་མྱོང་། ཡིན་ནའང་ངས་རྐུ་འཕྲོག་བཅོམ་གསུམ་གཏན་ནས་བྱ་མྱོང་མེད་མོད། འདི་ལྟར་མི་ཚེ་ཟད་ན་ཕངས་སེམས་སྐྱེས་ཐོག་དོན་དག་བཟང་བོ་ཞིག་འཁྱོངས་དགོས་པ་ནི་ང་རང་རྭ་རྒྱའི་སློབ་མ་མཐར་ཕྱིན་ཞིག་ཡིན་པའི་ངོས་ནས་ཀྱང་སྤྱི་ཚོགས་ལ་འགན་ཞིག་འཁུར་དགོས་ཀི་བསམས་ནས་ལས་གཞི་འདི་ཡོངས་སུ་འགྲུབ་པའི་ལོ་ངོ་དེ་དག་ལ།  དཀའ་སྤྱད་སྡུག་རུས་ཟེར་ན་རེད་གང་ལྟར་ཡོད་ཚད་ལ་གདོང་ལེན་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལས་གཞི་ལམ་ལྷོང་ཡོང་བ་དེ་རེད་ཟེར། རྒྱུ་མཚན་བཤད་ན་རང་གི་དགའ་ཕྱོགས་ཤིག་མངོན་འགྱུར་ཡོང་བ་དེ་ལས་ང་ལ་གྲགས་འདོད་སོགས་གཏན་ནས་མེད། དངོས་གནས་ཡིན། ངས་རྒྱུན་དུ་འཚོ་བ་རོལ་ཤེས་བཅའ་གི་ཡོད། ད་སྐབས་ངས་འཁོར་བ་ཟེར་ན་རེད་གང་ལྟར་གཉེན་བསྒྲིགས་བྱས་ཚར། དེ་བས་རང་གི་བསམ་ཕྱོགས་གང་ཅིའི་ཐད་ནས་སྔོན་མ་དང་ཅུང་མི་འདྲ་ས་ཡོད་ཀི། འདི་ནི་ཕལ་ཆེར་མི་རྣམས་གཅིག་མཚུངས་ཡིན་རྒྱུ་རེད་ཟེར།

མི་རིགས་རིག་གནས་ཤིག་ཉམས་རྒུད་དུ་འགྲོ་བཞིན་ཡོད་དུས་ངེས་པར་དུ་བློ་གྲིམ་པོ་བྱས་ཏེ་སྲུང་སྐྱོབ་བྱ་དགོས།

    ཆུ་ནག་ཤེས་རབ་རྒྱ་མཚོས་མུ་མཐུད་དུ་ང་ལ། ངས་ལྷ་སའི་བཀའ་འགྱུར་མ་དཔེ་བྱས་ཏེ་བདེ་ཆེན་བཀའ་འགྱུར་ཡི་གེར་ཡོངས་སུ་གཏགས་ཚར་དུས་ང་རང་བདེ་ཆེན་འཇོལ་རྫོང་གི་ཐང་སྟེང་སྡེ་བའི་བདེ་སྐྱིད་ཀུན་ཕན་སློབ་གྲྭར་དང་བླངས་དགེ་རྒན་དུ་སོང་བ་ནས་ད་བར་དུ་ས་ཆ་དེའི་ཆ་རྐྱེན་ཇི་འདྲའི་ངན་ནའང་། ང་རང་གིས་རྭ་རྒྱའི་དགེ་རྒན་བཀའ་དྲིན་ཅན་དག་གི་བཀའ་གསུང་ཡིད་ལ་བཟུང་ནས་ས་ཆ་དེའི་བོད་ཡིག་གི་དགེ་རྒན་དཀྱུས་མ་ཞིག་བྱས་ནས་བསྡད་པ་ཡིན། ས་ཆ་འདིའི་བོད་ཀྱི་གྲོང་སྡེ་ཧྲིལ་བོ་ན་བོད་ཡིག་ཤེས་ཚད་ཧ་ཅང་དམན།  དེ་བས་གོ་རྟོགས་ཟེར་ན་རེད། གང་ལྟར་བོད་རིག་གནས་ཀྱི་ངོས་ཟིན་གསལ་བོ་མེད་པའི་ཁོར་ཡུག་ཅིག་ཆགས་རྐྱེན་ངས་འདི་ནས་མུ་མཐུད་དུ་བོད་རིགས་བྱིས་པ་རྣམས་ལ་བོད་ཡིག་སྤྱོར་ཀློག་ཁྲིད་རྒྱུའི་དམ་བཅའ་ཡོད་ཟེར།

གོང་ན་རྒྱབ་སྐྱོར་དཀོན་ཞིང་འོག་ན་རོགས་འདེགས་མེད་པའི་བདེ་སྐྱིད་ཀུན་ཕན་སྒེར་བཙུགས་བོད་ཡིག་སློབ་གྲྭ།

སློབ་གྲྭ་འདི་ནི་ད་སྐབས་ཆུ་ནག་ཤེས་རབ་རྒྱ་མཚོའི་ཕྱག་གནས་གནང་ས་ཡིན།

སྒེར་བཙུགས་སློབ་ཆུང་བདེ་སྐྱིད་ཀུན་ཕན་སློབ་གྲྭ།

བདེ་སྐྱིད་ཀུན་ཕན་སློབ་གྲྭའི་དགེ་སློབ་རྣམས་གནས་བསྐོར་དུ་བསྐྱོད་པ།

བདེ་སྐྱིད་ཀུན་ཕན་སློབ་གྲྭའི་སློབ་མ།

སློབ་གྲྭ་འདིའི་ནང་གི་སློབ་མ་ས་ཆ་མང་བོ་ནས་ཡོང་བ་ཡིན། དེ་བས་དབྱར་གནང་དང་དགུན་གནང་ལའང་སློབ་གྲོགས་ཁ་ཤས་ཕ་ཡུལ་དུ་འགྲོ་ཐུབ་ཀི་མེད།

སློབ་མ་རྣམས་ཀྱིས་བོད་གླུ་ལེན་ཞིང་བོད་བྲོ་འཁྲབ་ཤེས་པའི་མི་རབས་ཤིག

ས་གནས་ཀྱི་བོད་ལྭ་འདི་འདྲ་ཞིག་མིན་ནའང་ང་ཚོས་ཆོལ་གསུམ་བོད་པའི་སྤྱི་ལྭ་ལྟ་བུའི་སློབ་ལྭ་ཡང་ས་ཆ་གཞན་ནས་ཉོས་ཡོང་བ་ཡིན་ཟེར།

བདེ་ཆེན་བོད་རིགས་རང་སྐྱོང་ས་ཁུལ་དུ་སོང་བའི་མྱོང་ཚོར་ཁག་རྗེས་མའི་ནང་ང་ཚོ་སླར་ཡང་མཇལ།  ད་བདེ་མོ།


ངེད་དྲ་བའི་གསར་འགོད་པ་བདེ་ཆེན་བོད་རིགས་རང་སྐྱོང་ས་ཁུལ་དུ་བསྐྱོད་པ།


རྩོམ་སྒྲིག་པ།:   དོ་དམ་པ། སྤེལ་དུས:   2016-04-06 ལྟ་ཀློག (22311)