​བལ་བཟའ་སྐྱ་ར་དམར་མོ་དང་རོང་བློན་སྡེ་བ་གཉིས་ཀྱི་དགེ་ལས་སྦྱིན་བདག

བལ་བཟའ་སྐྱ་ར་དམར་མོ་དང་རོང་བློན་སྡེ་བ་གཉིས་ཀྱི་དགེ་ལས་སྦྱིན་བདག 

    འབྲོག་སྡེ་ཆེན་པོ་བལ་བཟའ་དང་སྐྱ་ར་སྟེ་དེང་སང་དམར་མོ་དང་།  རོང་བློན་ཟེར་བའི་སྡེ་བ་འདི་ནི་སྔོན་ཆད་མཚོ་སྔོན་དུས་འཁྲུག་སྐབས་རེབ་གོང་རྨ་ཡུལ་རོང་བོ་བློན་ཆོས་ནས་མཆེད་པ་ཡིན་ལ།  སྐྱ་མོ་དམར་མོ་ཞེས་ལོ་རྒྱུས་ཁྲོད་སྐད་གྲགས་ཆེ་བའི་ས་ཆ་འདིར་གཞིས་ཆགས་ནས་ཡུན་རིང་གི་ལོ་རྒྱུས་ཡོད་པའི་མི་སྡེ་རྙིང་བར་གཏོགས།  ད་ལྟ་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ལྷོ་ངོས་སྤྱི་ལེ་བདུན་ཅུ་ཡར་མར་གྱི་མཚམས་སུ་ཡོད་པའི་འབྲོང་ཐུ་དང་།  ལུང་བཟང་ཞེས་པའི་ཡུལ་ཚོ་གཉིས་སུ་བཀྲམས་ནས་ཡོད།  དུས་ཡུན་རིང་བོའི་ལོ་རྒྱུས་ཁྲོད་མཁས་གྲུབ་དམ་པ་གང་མང་དང་།  སྤྱི་སེམས་ཅན་དང་བློ་གྲོས་ཅན།  དཔའ་བོ་སོགས་གཟི་བརྗིད་ཅན་གྱི་སྐྱེས་པུའང་མི་ཉུང་བ་ཞིག་བྱོན་མྱོང་ལ།  དུས་རབས་སོ་སོའི་ལོ་རྒྱུས་དོན་རྐྱེན་ཁྲོད་དུ་ཡང་གླེང་རིན་ཡོད་པའི་དོན་རྐྱེན་དང་འགྱུར་ལྡོག་རབས་དང་རིམ་པར་བྱུང་མྱོང་།  འཛམ་གླིང་ཡོངས་དཔལ་ཡོན་དང་འབྱོར་ཕྱུག་གི་ལམ་དུ་སྙེག་པའི་དུས་འདིར་ཡང་དཔལ་འབྱོར་ཁྲོམ་ར་ནས་མཐོ་སྒང་གི་སྨན་མཆོག་དབྱར་རྩྭ་དགུན་འབུའི་རིན་གོང་ཇེ་མཐོར་སོང་བར་བརྟེན།  སྨན་རྩྭའི་ཐོན་ཁུངས་བཟང་བའི་རུ་སྡེ་འདི་དག་ལའང་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་ཆེན་པོ་བྱུང་སྟེ།   ལྷག་བསམ་མཆོག་ཏུ་བཟང་བའི་དམར་མོའི་ལུང་རྟོགས་དང་།  བརྒྱ་དཔོན་བདུད་འདུལ་སྐྱབས་གཉིས་ཀྱིས་སྣེ་ཁྲིད་དེ་སྡེ་མི་ཚོར་འབོད་སྐུལ་ཡང་ཡང་བཏང་བ་སོགས་བཟང་ཕྱོགས་ཀྱི་མཐུན་འགྱུར་ལ་བརྟེན།  དམར་མོ་སྡེ་བ་སོགས་ཚོ་བ་འདི་དག་ལ་བོད་ཀྱི་ཤེས་རིག་ཡར་དར་ལ་བློ་ཁ་ཕྱོགས་པའི་སྐྱ་རེངས་ཐོག་མར་ཤར་བས།  གཡང་སྡེ་དཀར་བོ་འདི་དག་གི་སྡེ་མི་རྣམ་པས་གཏོང་བའི་ཕྱག་ཟུང་ཡངས་པོར་ཕྱེས་ནས།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་འདིར་དམངས་སྒོར་ཁྲི་ཉིས་བརྒྱ་བཅུའི་འགྲོ་སོང་བཏང་སྟེ་འཛུགས་སྐྲུན་བྱས་པས།  ཡ་རབས་སྤྱོད་བཟང་གི་མིག་ལྟོས་བཟང་བོ་འདི་ལས་བྲག་དཀར་རྫོང་ཁོངས་དང་།  ས་ཆ་གཞན་པའི་ཚོ་བ་ཁག་ལའང་སྐུལ་ལྕག་ཐེབས་ཏེ།  ངེད་སློབ་གླིང་གི་ཡར་རྒྱས་གོང་འཕེལ་ལ་དངོས་ཤུགས་བརྒྱུད་པའི་རྒྱབ་སྐྱོར་བླ་མེད་གནང་བ་འདི་ནི།   སློབ་གླིང་འདི་ཙམ་མ་ཡིན་པར་བོད་གངས་ཅན་སྤྱིའི་ཤེས་རིག་སྲུང་སྐྱོབ་དང་།  ཡར་རྒྱས་དང་།  དར་སྤེལ་བཅས་ལ་བཞག་པའི་བྱས་རྗེས་དང་།  མིག་ལྟོས། སེམས་ཤུགས།  སྐུལ་ལྕག་བཅས་ཡིན་པས་བརྗེད་དུ་མི་རུང་བའི་དོན་ཆེན་འདི་མ་འོངས་པའི་གཟུར་གནས་དཔྱོད་ལྡན་རྣམ་པར་གཏམ་གྱི་གཞིར་ཚེ་ཚེ་རབས་རབས་སུ་མི་ནུབ་པའི་རྟེན་དུ་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས།

༢༠༡༤ལོའི་ཟླ་༦པའི་ཚེས་༤ཉིན་ལ་ཆེད་དུ་རྡོ་རིང་གི་ཡི་གེར་བརྐོས་པ་ལགས་སོ།།

   ཤེས་རིག་འོད་སྣང་གིས་ཡོངས་སུ་ཁྱབ་པའི་སློབ་ཁྲིད་ཐོག་ཁང་འདི་ནི་བོད་མི་རིགས་ཀྱི་རིག་གནས་སློབ་གསོ་ལ་ཐུགས་ཁུར་བླ་མེད་གནང་བའི་ལྷ་སྡེ་དཀར་བོ།  གཞན་ཕན་ལྷག་བསམ་གྱི་རྒྱུ་ལས་འཁྲུངས་པའི་གཏོང་ཕོད་ཀྱི་ཕྱག་ཟུང་མཆོག་ཏུ་ཡངས་པའི་བལ་བཟའ་སྐྱ་ར་དང་དམར་མོ་རོང་བློན་གཉིས་ཀྱིས་སྦྱིན་པའི་བདག་པོ་མཛད་དེ་ལེགས་འགྲུབ་བྱུང་བ་ཡིན།  འདིར་ཁོང་ཚོས་སྦྱིན་བདག་བྱས་པའི་གནས་ཚུལ་རྣམས་ལོ་རྒྱུས་ཀྱི་རྡོ་རིང་དུ་བཀོད་པ་གཤམ་གསལ་ལྟར།

    ངའི་མིང་ལ་སྐྱ་ར་ལུང་རྟོགས་ཟེར་ཞིང་ད་ལོར་ལོ་73ཡིན། བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་དམར་མོ་སྡེ་བའི་མི་ཡིན།  སློབ་གྲྭར་འགྲོ་བའི་གོ་སྐབས་ཆེར་མ་རེག་པས་ཆུང་དུས་ནས་མཚོ་བོད་མཐོ་སྒང་ནས་རང་རེའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཞིང་ཕྱུག་སོགས་ལ་འབད་འབུངས་ལྷོད་མེད་བྱས་ཏེ་སྡེ་བའི་བྱ་བ་མཐའ་དག་ཁུར་དུ་བླངས་པ་མ་ཟད་སྡེ་དཔོན་གྱི་འགན་བཞེས།རང་ལ་ཤེས་འཇོན་གྱི་ཆ་ནས་དབུལ་བོ་ཡིན་པས་མི་རིགས་ཀྱི་བྱ་བཞག་གང་ཡང་སྒྲུབ་མ་ནུས་ཀྱང་ལྷག་བསམ་གཙང་མས་ཀུན་ནས་བསླངས་ཏེ་ཕྱོགས་སོ་སོའི་ནད་པ་དང་དབུལ་བོ་དགོན་སྡེ་སོགས་སུ་དམངས་སྒོར་ཁྲི་བརྒྱ་ལྷག་གི་ཞལ་འདེབས་ཕུལ་བ་དང་སློབ་གསོའི་ཕྱོགས་ལའང་ཡར་སྐུལ་བྱས།  སྤྱི་ལོ་༢༠༡༠ལོ་དང་༢༠༡༢ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་མའི་མལ་ཁང་དང་སློབ་ཁང་ཐེབས་སུའང་དམངས་སྒོར་222500ཕུལ། ད་དུང་སྡེ་བའི་འདས་མ་ད་གསུམ་གྱི་དཀའ་ཁག་ལ་དམིགས་ནས་རང་སྡེའི་ནང་ཁུལ་དུ་སློབ་ཆུང་གསར་འཛུགས་གཞུང་ལམ་གསར་བསྐྲུན་སོགས་མང་དུ་བྱས།ཁོས་བཤད་རྒྱུར་མི་རིགས་ཤིག་བརྟན་ཆགས་སུ་གནས་དགོས་ན་གཙོ་བོ་མི་རིགས་དེའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་ཐོག་མཐུན་སྒྲིལ་གྱིས་གཞི་རྐང་ལྡན་དགོས་ཟེར།

       བརྒྱ་དཔོན་བདུད་ཁོ་འམ་བདུད་འདུལ་སྐྱབས་ལགས་ནི་༡༩༥༩ལོར་སྐྱ་རའི་བརྒྱ་དཔོན་ཚང་གི་ཁྱིམ་རྒྱུད་དུ་སྐྱེས།ཕོ་ལོ་ཉི་ཤུ་ནས་བཟུང་ད་ལྟའི་བར་དུ་སྡེ་བའི་རྐང་རྗེན་སྨན་པའི་འགན་ལེགས་པར་བསྐྱངས་ཤིང་རིམ་བཞིན་སྡེ་བའི་གོང་གཞོན་ཚོགས་པའི་ཏང་གཙོ་དང་དམར་མོ་སྡེ་བའི་རྩིས་གཉེར་བའི་འགན་ཁུར། ༡༩༩༩ལོར་དམར་མོ་སྡེ་བའི་ཏང་གཙོ་དང་ལུང་བཟང་གི་གཟུ་བཤད་མི་སྣ་དང་ནགས་སྲུང་མི་སྣ།  མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་དབུལ་ཕོངས་སློབ་མའི་རོགས་སྐྱོར་ཚོགས་པའི་ཚོགས་མི་དང་བློ་འདོན་པ། དམར་མོའི་བཅའ་སྡོད་སློབ་གྲྭའི་སློབ་གཙོ། ཤེས་རིག་ཀུན་ཕན་ཟབ་སྦྱོང་འཛིན་གྲྭའི་གཙོ་སྒྲུབ་པ། བྲག་དཀར་རྫོང་ཡུས་ཆིན་བཟོ་ཚོང་ཚད་ཡོད་འགན་ལེན་མཐུན་གཉེར་གྱི་འགོ་གཙོ་གཞོན་པ་དང་དཀྱིལ་སྙིང་ཚོང་ཁྲོམ་ཆེན་མོའི་ཚོང་དཔོན་གྱི་འགན་ཁུར། སྡེ་བའི་ཏང་གཙོར་བསྡད་པ་ནས་བཟུང་ཏང་གཙོ་སྔོན་མའི་མཇུག་བསྐྱངས་ཏེ་སྡེ་བའི་སློབ་གྲྭའི་དཀའ་ཁག་སོགས་གནད་དོན་མང་བོ་ཐག་གཅོད་དང་འཛུགས་བསྐྲུན་རྒྱ་ཆེར་བྱས་ཤིང་དགེ་རྒན་གྱི་དཔུང་སྡེ་ཇེ་བརྟན་དུ་བཏངས། སྡེ་དམངས་ལ་བསྐུལ་མ་དང་སློབ་གསོ་བཏང་ནས་འབྲོག་ཕྱོགས་ཀྱི་བྱིས་པ་སློབ་གྲྭར་ཞུགས་ཚད་ཇེ་མཐོར་བཏང་སྟེ་ཤེས་ལྡན་མི་སྣ་བསྐྱེད་བསྲིངས་བྱས། སྡེ་བའི་གཞུང་ལམ་རྒྱ་བསྐྱེད་དེ་འགྲིམ་འགྲུལ་གྱི་གནད་དོན་ཐག་བཅད། ཏང་ཡོན་བྱ་འགུལ་ཁང་གསར་འཛུགས་བྱས།  ཨ་སྲས་ལབ་ཙེ་བསྟད།  བཀའ་འགྱུར་དང་ཐར་མདོ་ཕུར་བ་སོགས་ཀྱི་རྡོ་ཁ་བརྩིགས།  མ་ཎི་འཁོར་ཁང་ཆེན་མོ་གཉིས་དང་མཆོད་རྟེན་གཉིས་བཞེངས་པ་སོགས་ཆོས་སྲིད་ཀྱི་འཛུགས་བསྐྲུན་རྒྱ་ཆེན་བྱས། ཁོས་མི་རིགས་མཐུན་སྒྲིལ་དང་ལྷག་པར་དུ་ནང་ཕུ་ནུའི་མཐུན་སྒྲིལ་གྱི་ཕྱོགས་ལ་ཤ་ཐང་ཐང་གིས་འབད་པ་བྱས་ཤིང་སྔོན་ཆད་དམར་མོའི་སྡེ་བར་ནང་ཕན་ཚུན་དུམ་བར་གྱེས་ཏེ་གནས་ཚུལ་ཛ་དྲག་ཏུ་གྱུར་ཡོད་པ་ན།  ཁོས་དྲང་སྙོམས་སྒོས་ནང་ཁུལ་འདུམ་འགྲིག་བྱས་ཏེ་བདེ་ལ་བཀོད་པ་སོགས་རླབས་ཆེན་གྱི་བྱ་བཞག་མང་དུ་བགྱིས་པར་གོང་རིམ་གྱིས་ཁོ་ཚོའི་སྡེ་བར་དཔལ་ཡོན་སྡེ་བའི་རྟགས་མ་དང་།  བདེ་འཇགས་སྡེ་བའི་རྟགས་མ་སོགས་བྱ་དགའ་རབ་དང་རིམ་པ་གནང་། ༢༠༠༣ནས་༢༠༠༨བར་དུ་ཁོ་ཚོའི་སྡེ་བ་ཡུལ་ཚོ་ཡོངས་ཀྱི་སྔོན་ཐོན་ཐུན་མོང་གི་གྲས་སུ་བདམས།  ཁོ་ཏང་གཙོ་བྱས་པའི་རིང་ལ་ཡུལ་ཚོ་དང་རྫོང་།  ཁུལ་རིམ་པའི་གཟེངས་རྟགས་མང་དུ་ཐོབ་མྱོང་ཞིང་ཁོ་རང་སྡེ་བར་ཤ་ཚ་ཞིང་ལྷག་བསམ་ཟོལ་བྲལ་ཞིག་ཡིན་པས་ལོ་འདི་གའི་རིང་ལ་སྔོན་ཐོན་ཏང་ཡོན་དང་ཕུལ་བྱུང་ཏང་ཡོན་སོགས་ཀྱི་གཟེངས་རྟགས་ཀྱང་གང་མང་ཐོབ། སྔགས་སའི་འཚམས་ཐོག་གོང་འོག་གཉིས་དང་བྲག་དཀར་སྤྲེལ་རྫོང་དགོན། ཆོས་སྒང་དགོན། རོང་བོ་དགོན། གཏེར་སྟོན་དགོན། བློན་ཆོས་བན་སྔགས་འདུ་ཁང་ཆེན་མོ་སོགས་ཆོས་སྡེ་བཅུ་ཕྲག་ལྷག་ལ་གཅིག་ནས་སྦྱིན་བདག་དང་གཉིས་སུ་ཀུན་གྱི་སྣེ་ཁྲིད་དེ་འགྲོ་ཕན་གྱི་བྱ་བཞག་མང་དུ་བསྒྲུབས་པ་སོགས་ལ་ཁྱོན་སྡོམ་དམངས་སྒོར་བྱེ་བ་གཅིག་ལྷག་གི་སྦྱིན་བདག་གནང་། དམར་མོའི་བཅའ་སྡོད་སློབ་གྲྭ་དང་། སྡེ་བའི་གཞུང་ལམ་གསར་འཛུགས། མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་དབུལ་ཕོངས་སློབ་མའི་རོགས་སྐྱོར་ཚོགས་པ། ཀོང་ཡུ་དྭ་ཕྲུག་སློབ་གྲྭ། རྩེ་གཞུང་མཉམ་སྐྱོད་གསབ་སྦྱོང་འཛིན་གྲྭ། རང་གིས་བསྒྲུབས་པའི་ཤེས་རིག་ཀུན་ཕན་གསབ་སྦྱོང་འཛིན་གྲྭ་དང་དཀྱིལ་སྙིང་ཚོང་ཁྲོམ་ཆེན་མོ་བཅས་གངས་ཅན་སྲིད་འབྱོར་རིག་གསུམ་ཡར་རྒྱས་སུ་སྤེལ་བའི་བྱ་བཞག་གང་མང་ལ་ཁྱོན་བསྡོམས་དམངས་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་ལྷག་གིས་སྦྱིན་བདག་བྱས། ༢༠༡༡ལོར་བྲག་དཀར་རྫོང་མི་རིགས་སློབ་འབྲིང་ལ་དཔེ་མཛོད་ཁང་ཞིག་བཙུགས་ཤིང་གཞན་དམར་མོ་སྡེ་བའི་ཉམས་རྒུད་ཀྱི་ཐད་ལ་དམིགས་ཏེ་ཞིན་ཧེ་རྫོང་གཏན་དར་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་དང་དམར་མོ་སྡེ་བའི་སློབ་གསོའི་རོགས་སྐྱོར་ཚོགས་པ་བཙུགས།  ༢༠༡༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོར་ཁྲི་བཅོ་བརྒྱད་དང་ལྔ་བཅུ་ང་ལྔའི་སྦྱིན་བདག་བྱས། ༢༠༡༢ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྐང་ཚ་འཕྲིན་ལས་ཀྱིས་གཉེར་བའི་ལྔ་རིག་གི་ལང་ཚོ་ལོ་འཁོར་བཅུ་ལོན་པའི་མཛད་སྒོའི་སྦྱིན་བདག་བྱས་ཏེ་དམངས་སྒོར་ཁྲི་གསུམ་བཏངས། ༢༠༡༣ལོར་ཆོས་ཚ་འཇམ་དབྱངས་གྲགས་པའི་དགེ་རྒན་གཟིམ་ཤག་གསར་བཞེངས་ལ་དམངས་སྒོར་ཁྲི་བཞི་ཡིས་སྦྱིན་བདག་བྱས། ༢༠༡༤༢༠༡༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྒོ་ཆེན་བསྐྱར་བཞེངས་ལ་དམངས་སྒོར་ཁྲི་གསུམ་གྱིས་སྦྱིན་བདག་བྱས།  

      བརྒྱ་དཔོན་ཚེ་བྱམས་ལགས་ནི་སྤྱི་ལོ༡༩༥༡ལོའི་ཟླ་༨པའི་ཚེས་༦ཉིན་སྐྱ་རའི་བརྒྱ་དཔོན་ཚང་གི་ཁྱིམ་རྒྱུད་དུ་སྐྱེས། ཆུང་དུས་སུ་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ལ་ཞུགས་ཏེ་ནར་སོན།  རང་ལོ་སུམ་ཅུ་ནས་བཟུང་མི་ལོ་ཉེར་ལྔའི་རིང་ལ་ཚོང་ལས་སྣ་ཚོགས་སུ་ཞུགས་ཏེ་ས་ཆ་མང་བོར་ཕྱིན།  ཞིང་ཆེན་སྲིད་གྲོས་ལ་ཞུགས་ཏེ་སྔ་ཕྱིར་ལོ་བདུན་ལ་དམངས་ཕན་གྱི་བྱ་བ་བསྒྲུབས། སྤྲེལ་རྫོང་དགོན་པས་བལ་ཡུལ་ནས་སངས་རྒྱས་སྟོང་སྐུ་གདན་འདྲེན་ཞུ་སྐབས་གཙོ་གཉེར་བའི་འགན་ཁུར་བ་དང་སྤྲེལ་རྫོང་དགོན་པའི་ཨ་ལགས་ཁོ་ནག་ཚང་གི་འཇམ་དབྱངས་ལྷ་ཁང་གི་སྤྱི་གཉེར་བ་ཆེན་མོའི་འགན་ཁུར་ཏེ་རང་ངོས་ནས་དམངས་སྒོར་ཁྲི་ལྔ་བརྒྱ་ཡི་སྦྱིན་བདག་བྱས། གཞན་འཚམས་ཐོག་གོང་མའི་རྟེན་བཞེངས་སོགས་ཀྱི་སྤྱི་གཉེར་བ་ཆེན་མོའི་འགན་ཁུར་ཏེ་དམངས་སྒོར་ཁྲི་དྲུག་ཅུ་རེ་བདུན་གྱིས་སྦྱིན་བདག་བྱས་ཤིང་རྭ་རྒྱ་དགོན་པའི་བརྒྱུད་པའི་འདུ་ཁང་དང་འཁོར་ཁང་སོགས་ལ་དམངས་སྒོར་སུམ་ཁྲི་སྦྱིན་བདག་བྱས། ཁ་དཀར་དགོན་པའི་འདུ་ཁང་ཆེན་མོ་དང་འཁོར་ཁང་སོགས་ལ་དམངས་སྒོར་སུམ་ཁྲི་སྦྱིན་བདག་བྱས། དབུས་རི་དགོན་པའི་མཆོད་རྟེན་དང་འདུ་ཁང་སོགས་ལ་དམངས་སྒོར་ཁྲི་བཅུ་གཅིག་གི་སྦྱིན་བདག་བྱས། གསེར་ལག་དགོན་པའི་རྟེན་བཞེངས་ལ་དམངས་སྒོར་ལྔ་ཁྲི་སྦྱིན་བདག་བྱས། དབུས་གཙང་གི་དགའ་ལྡན་ཆོས་གྲྭ་གཙོ་བྱས་པའི་སེ་འབྲས་དགེ་གསུམ་ལ་དམངས་སྒོར་ཁྲི་ཉེར་གཉིས་ཀྱི་སྦྱིན་བདག་བྱས། ཆོས་སྒང་དགོན་པའི་སྤྱི་གཉེར་བ་ཆེན་མོའི་འགན་བཞེས་ཏེ་མཁའ་སྤྱོད་མའི་ལྷ་ཁང་བཞེངས་བསྐྲུན་སོགས་ལ་དམངས་སྒོར་ཁྲི་སུམ་ཅུ་སོ་བདུན་གྱི་སྦྱིན་བདག་བྱས། ཐར་སྟོང་དགོན་པའི་འདུ་ཁང་གསར་བཞེངས་ཀྱི་སྤྱི་གཉེར་བ་ཆེན་མོའི་འགན་ཁུར་ཏེ་དམངས་སྒོར་ཁྲི་བདུན་གྱི་སྦྱིན་བདག་བྱས། རེབ་གོང་རིག་གནས་སྒྱུ་རྩལ་ཚོགས་པ་དང་མག་སར་དགོན་པ།  རོང་བོ་དགོན་པ་སོགས་ལ་དམངས་སྒོར་ཁྲི་བཅུ་གཅིག་གི་སྦྱིན་བདག་བྱས། སྤྲེལ་རྫོང་དགོན་པའི་སློབ་གྲྭ་དང་མཚོ་ལྷོའི་དགེ་ཐོན་སློབ་གྲྭ་གཙོས་སློབ་གྲྭ་སོ་སོའི་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱས་པ་རགས་རྩིས་ཙམ་བྱས་ན་དམངས་སྒོར་ཁྲི་ཉེར་བརྒྱད་ལྷག་བཏངས། སངས་རྒྱས་སྟོང་སྐུ་དང་བཅས་ཏེ་ཏིང་འཕགས་བསྐལ་གསུམ་གྱི་རྡོ་བརྐོས་གཅིག་དང་སངས་རྒྱས་སྟོང་སྐུ་དང་བཅས་ཏེ་མ་ཎི་འབུམ་རྡོ་གཅིག   ཐར་མདོ་རྡོ་བརྐོས་ཚར་བཅུ་གསུམ།  བཀའ་ཐང་རྡོ་བརྐོས་ཚར་གསུམ་བཅས་བཞེངས་ཡོན་ལ་དམངས་སྒོར་ཁྲི་བཞི་བཅུ་བཏངས། ༢༠༡༢ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྐང་ཚ་འཕྲིན་ལས་ཀྱིས་གཉེར་བའི་ལྔ་རིག་གི་ལང་ཚོ་ལོ་འཁོར་བཅུ་ལོན་པའི་མཛད་སྒོའི་སྦྱིན་བདག་བྱས་ཏེ་དམངས་སྒོར་ཁྲི་གསུམ་བཏངས། ༢༠༡༡་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོར་ཁྲི་ཉེར་གསུམ་དང་དང་དགུ་སྟོང་ཆིག་བརྒྱའི་སྦྱིན་བདག་བྱས། ༢༠༡༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྒོ་ཆེན་བསྐྱར་བཞེངས་ལ་དམངས་སྒོར་ཁྲི་གཅིག་གི་སྦྱིན་བདག་བྱས།


    བུ་མང་བསོད་ཚེའམ་གྱང་དམར་བསོད་ནམས་ཚེ་རིང་ལགས་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ང་བརྒྱད་ལོའི་ཟླ་ལྔ་བའི་ཚེས་ལྔ་ཉིན་བྲག་དཀར་རྫོང་འབྲོང་ཐུལ་ཡུལ་ཚོ་རོང་བློན་སྡེ་བར་སྐྱེས། ཆུང་དུས་སློབ་གྲྭར་འགྲོ་བའི་ལས་དབང་མ་ཤར་ནའང་ཁོ་རང་གི་བརྩོན་པ་ལ་བརྟེན་ཏེ་བོད་ཡིག་གི་རྨོངས་པ་སེལ།  ཁོ་ནི་སྤྱང་གྲུང་གཉིས་འཛོམས་ཀྱི་མི་ཞིག་ཡིན་པ་མ་ཟད་དམངས་ཕན་གྱི་བྱ་བཞག་ཅིག་གི་ཆེད་དུ་རང་སྲོག་འདོར་དགོས་ཀྱང་ཞུམ་པ་མེད་པའི་དཔའ་རྒོད་ཅིག་ཡིན། མི་སུས་ཀྱང་གར་ཁྲིད་ཆོག་པའི་སྣ་ལོ་མའི་རིགས་དེ་མིན་ལ་འབྲོག་གཡག་རྒོད་པོའི་རང་གཤིས་བཞིན་བརྟན་ཆགས་ཀྱིས་འགྱང་བའི་སྟག་ཤར་རྣལ་མ་དེའོ།།  ཁོས་ད་ལྟའི་བར་སྤྲེལ་རྫོང་དགོན་པ་གཙོས་དགོན་པ་བཅུ་ཕྲག་ལྷག་ལ་འབྲེལ་ཐོགས་པ་སྡོམ་རྩིས་བྱས་ན་དམངས་སྒོར་དགུ་ཁྲི་བདུན་སྟོང་ལྔ་བརྒྱ་(97500)ཕུལ།   ༢༠༠༤ལོ་ནས་བཟུང་འགོ་བརྩམས་ཏེ་བྲག་དཀར་རྫོང་དུ་ལོ་ངོ་དགུ་ཡི་རིང་ལ་སློབ་མའི་དབྱར་གནང་དང་དགུན་གནང་གི་སྐབས་གསབ་སྦྱོང་འཛིན་གྲྭ་སྤེལ་ནས་སློབ་ཁང་དང་སློབ་ཆས་དགེ་རྒན་སོགས་ཀྱི་མཐུན་རྐྱེན་གང་ལགས་སྦྱར་ཏེ་མངས་ཚོགས་ཀྱིས་དགའ་བསུ་བླ་མེད་ཐོབ་པ་མ་ཟད་ཁོས་མི་རིགས་སློབ་གསོ་གཙོས་ཕྱོགས་གང་ཐད་ལ་རྒྱབ་སྐྱོར་བྱས་པ་དམངས་སྒོར་ཉིས་འབུམ་བདུན་ཁྲི་བཞི་སྟོང་བརྒྱད་བརྒྱ་(274800)ཕུལ་བ་རེད།  ཡུལ་ཤུལ་ས་འགུལ་གཙོས་གཞུང་སྒེར་གང་རུང་ལ་གནོད་སེལ་རོགས་སྐྱོར་བྱས་པ་དམངས་སྒོར་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ་(11700)བཏངས། གཞན་ནད་པ་ཉམ་ཐག་དང་དབུལ་བོ། སྐད་འཕྲིན་ཚོགས་པ་དང་མི་སྒེར་མང་བོ་ཞིག་ལ་རོགས་སྐྱོར་བྱེད་མྱོང་ཡོད་མོད་དེ་དག་གི་གྲངས་ཀ་སོགས་སེམས་ན་གསལ་ངེས་པ་ཞིག་མེད་པས་མི་གསལ་བ་ཐམས་ཅད་འདིར་མ་བཀོད་ལ་ཁོས་ཀྱང་སེམས་གཙང་ན་དགེ་བ་ནམ་ཡང་ཡོད་ཟེར།༢༠༡༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོར་ཉིས་འབུམ་ཉིས་ཁྲི་ཉིས་སྟོང་ལྔ་བརྒྱ་(222500)ཡིས་སྦྱིན་བདག་བྱས་པ་མ་ཟད་སྡེ་མི་རྒན་པ་དང་ན་གཞོན་སྡེ་བའི་གཙོ་འགན་པ་དག་ལ་སྐུལ་སློང་བྱས་ཏེ་སྡེ་བའི་ཚོགས་ཆེན་སྟེང་ཁོ་རང་ཉིད་སྔོན་ལ་བུད་དེ་སྦྱིན་བདག་བྱེད་པའི་འགོ་བརྩམས།



    སྐྱ་རའི་འབྲུག་ལོའམ་འབྲུག་འབུམ་ཡག་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དོན་དྲུག་ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་ལུང་བཟང་ཡུལ་ཚོའི་རྨ་ཡུལ་རོང་བོ་བློན་ཆོས་ཆད་སྟིང་གསུམ་གྱི་ནང་ཚན་སྐྱ་ར་བུ་མང་ཚོ་བར་སྐྱེས། ཆུང་དུས་ཀྱི་རྣམ་དཔྱོད་དྭངས་མོ་བེའུས་རྩེད་འཇོ་དང་ལྷན་དུ་བལྟིམས་ཞོར་དབྱངས་གསལ་གྱི་དྲོད་ཁོལ་མྱངས་ཏེ་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དཀྲལ་བའི་མིག་བཞིན་དུ་བསྲུང་། མི་ཚེ་གང་བོར་དམངས་དོན་ཕྲག་དུ་ཁུར་བའི་ཕ་ལགས་ལ་སློབ་སྦྱོང་བྱས་ཏེ་ཀུན་མཐུན་སྤྱོད་བཟང་གི་མི་ཚེའི་ལམ་ཁར་བསྙེགས་པ་མ་ཟད་རིམ་བཞིན་གླད་ཤུགས་ཀྱི་བརྩོན་པར་བརྟེན་ནས་བྲག་དཀར་རྫོང་ཐོག་ཏུ་ཁེ་ལས་ཀྱི་བྱ་བར་ཞུགས།  ཡིན་ཡང་རིག་གནས་ཆུ་ཚད་དང་སྤྱི་ཚོགས་མཉམ་མྱོང་སོགས་ཕྱོགས་གང་གི་ཐད་ནས་ཀྱང་དཀའ་ཁག་མང་བོར་འཕྲད་མོད།  ཕ་ལུང་རྟོགས་ལགས་ཀྱི་སློབ་སྟོན་དང་མཛུབ་ཁྲིད་ཀྱིས་དཀའ་ཁག་ཡོངས་སུ་སེལ་ཏེ་དཔལ་འབྱོར་གང་འཚམས་ཤིག་གཉེར་བའི་ཀས་སྐལ་ཐོབ།   དགེ་སྒྲུབ་སྡུག་སྤོང་གི་ལས་ལ་འབད་པའི་ཁོས་བསམ་བློ་གསར་བའི་སྣེ་དྲངས་པ་ནི་གཞན་གྱི་དཀའ་ཁག་དེ་དག་སེལ་རོགས་ཅུང་ཐུབ་ན་དེ་ལས་ལྷག་པའི་དགེ་ལས་ཁྱད་པར་བ་ཞིག་མེད་ཅེས་དམ་བཅའ་བརྟན་པོ་གཡོ་མེད་རིས་སུ་བྲིས་ཏེ་ཆོས་སྒང་དགོན་པའི་རྗེ་བཙུན་སྒྲོལ་མའི་གཙོ་སྐུར་དམངས་སྒོར་ཉིས་ཁྲི(20000)དང་།  ཤིང་ཁྲིའི་མཆོད་རྟེེན་ལ་དམངས་སྒོར་ཆིག་ཁྲི་(10000)ཕུལ།  བྲག་དཀར་སྤྲེལ་རྫོང་གཙོས་རེབ་གོང་སོགས་ས་གནས་རིས་མེད་ཀྱི་དགོན་པར་ཞལ་འདེབས་སུ་དམངས་སྒོར་བརྒྱད་ཁྲི་ལྔ་བརྒྱ་(80500)ཕུལ།  ༢༠༡༣ལོར་འཕགས་ཡུལ་གྱི་ཆོས་གྲྭ་ཁག་དང་རིས་མེད་ཀྱི་དགོན་སྡེ་སོ་སོ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གཙོས་མཆོད་འབུལ་ཞལ་འདེབས་དང་སྤྲང་འགྱེད་བྱས་པ་སོགས་ལ་དམངས་སྒོར་ཆིག་འབུམ་ཆིག་ཁྲི་(110000)བཏངས། ཤིང་ཁྲི་དགོན་པའི་དྭ་ཕྲུག་སློབ་གྲྭར་དམངས་སྒོར་ཆིག་ཁྲི་(10000)ཕུལ།  སྒེར་བཙུགས་གསབ་སྦྱོང་སོགས་སློབ་གསོའི་ཕྱོགས་ལ་ཁྱོན་བསྡོམས་དམངས་སྒོར་ཆིག་འབུམ་བདུན་ཁྲི་(170000)ཕུལ། ཡུལ་ཤུལ་ས་འགུལ་གཙོས་ཞིབ་འཇུག་སློབ་མ་སློབ་ཡོན་ཁག་པོ་ཅན་དང་དབུལ་ཁྱིམ། མི་སྒེར་གང་རུང་ལ་དམངས་སྐོར་དགུ་ཁྲི་བཞི་སྟོང་(94000)གིས་རོགས་སྐྱོར་བྱས།  གཞན་སྐད་འཕྲིན་ཚོགས་པ་དང་ནད་པ་ཉམ་ཐག་བཅས་ལ་རོགས་སྐྱོར་མང་བོ་ཞིག་བྱེད་མྱོང་ཡོད་མོད་དེ་དག་གི་གྲངས་ཀ་གསལ་ངེས་པའི་ཐོ་ཡིག་ཞིག་མེད་པས་འདིར་མ་བཀོད་དོ།། ༢༠༡༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་མལ་ཁང་ཞིག་གསར་བཞེངས་བྱས་པར་དམངས་སྒོར་དྲུག་ཁྲི་(60000)ཕུལ།  ༢༠༡༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོར་ཉིས་འབུམ་བདུན་སྟོང་ལྔ་བརྒྱ་(207500)ཕུལ། ༢༠༡༣ ལོར་ཆོས་ཚ་འཇམ་དབྱངས་གྲགས་པའི་དགེ་རྒན་གཟིམ་ཤག་གསར་བཞེངས་ལ་དམངས་སྒོར་ཉིས་ཁྲི་(20000)ཡིས་སྦྱིན་བདག་བྱས། ཁོས་ནམ་རྒྱུན་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཕྱོགས་ལ་མཛད་རྗེས་བླ་ན་མཐོ་བའི་སྐུ་དྲིན་ཅན་༧རྭ་རྒྱའི་ཨ་ཁུ་འཇིགས་མེད་རྒྱལ་མཚན་ཚང་གི་དཀའ་སྡུག་ལ་དུས་རྟག་ཏུ་རྒྱབ་སྐྱོར་རེ་ཨེ་ཐུབ་སྙམ་པའི་སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད་ལ་སྐྱེས་ཆེན་ཁོང་དང་ཁོང་ལྟ་བུའི་སྐུ་ཚེ་ཞབས་པད་འགྱུར་མེད་གཡུང་དྲུང་རིས་སུ་བརྟན་པའི་གསོལ་བ་ཡང་ཡང་འདེབས་བཞིན་མཆིས་པ་ལགས་སོ།།

    བརྒྱ་དཔོན་བསམ་གྲུབ་རྒྱལ་ལགས་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་དགུ་ལོའི་ཟླ་བརྒྱད་པའི་ཚེས་བཞི་ཉིན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་རོང་བོ་བློན་ཆོས་བརྒྱ་དཔོན་ཚོ་བ་ཞེས་པར་སྐྱེས་ཤིང་།  ཁོ་ཆུང་དུས་ནས་སློབ་གྲྭར་འགྲོ་བའི་སྐལ་བ་མ་ལྡན་ནའང་མི་རིགས་ཡུལ་སྲོལ་དང་རིག་གནས་ལ་བཅང་པའི་བརྩེ་བ་དེ་མི་འབོར་བའི་དམ་བཅའ་བརྟན་པོ་ཞིག་ཡོད།    བསམ་བློ་མ་སྨིན་པའི་འཐབ་འཛིང་གི་གཡུལ་ས་ནས་དོན་རྐྱེན་ཞིག་གིས་མི་ལོ་དྲུག་ཟླ་དྲུག་ལ་རྒྱལ་ཁབ་ཀྱི་བཙོན་ཁང་དུ་འདུག་དགོས་བྱུང་།  དེར་བཙོན་མའི་རུ་དཔོན་གྱི་འགན་ཁུར་ཏེ་བཙོན་མ་རྣམས་ལ་ཕྱོགས་ལྷུང་བྲལ་བའི་སྒོ་ནས་ཡར་ཞུ་བྱས་ཏེ་ཉེས་ཆད་ཇེ་ཡང་དུ་བཏང་བར་མ་ཟད།  བཙོན་མ་རྣམས་ཀྱིས་ཀྱང་བསྟོད་བསྔགས་དང་གདེངས་འཇོག་བླ་མེད་ཐོབ།  འཚམས་ཐོག་གོང་མའི་འདུ་ཁང་བསྐྱར་བཞེངས་དང་སྤྲེལ་རྫོང་དགོན་པའི་འཇམ་དབྱངས་ལྷ་ཁང་།  དགའ་ལྡན་ཤར་རྩེའི་ཆོས་གྲྭའི་ཞལ་འདེབས་སོགས་ལ་དམངས་སྒོར་ཆིག་འབུམ་བདུན་ཁྲི་ལྔ་སྟོང་(175000)གིས་སྦྱིན་བདག་བྱས།  གཞན་སྒེར་དེབ་དང་ཚགས་པར་སོགས་ཀྱི་སྦྱིན་བདག་བྱས་པ་མ་ཟད་ཉམ་ཐག་པའི་ནད་པ་དང་ཚོགས་པ། མི་སྒེར་སོགས་ལའང་རོགས་སྐྱོར་གང་མང་ཞིག་བྱས་མྱོང་། ༢༠༡༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོར་ཆིག་འབུམ་ཉིས་ཁྲི་བདུན་སྟོང་བདུན་བརྒྱ་ཉེར་གཉིས་(127722)བཏངས།  ༢༠༡༢ ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྐང་ཚ་འཕྲིན་ལས་ཀྱིས་གཉེར་བའི་ལོ་དེབ་ལྔ་རིག་གི་ལང་ཚོ་ལོ་འཁོར་བཅུ་ལོན་པའི་མཛད་སྒོའི་སྦྱིན་བདག་བྱས་ཏེ་དམངས་སྒོར་སུམ་ཁྲི་(30000)བཏངས། ༢༠༡༣ ལོར་ཆོས་ཚ་འཇམ་དབྱངས་གྲགས་པའི་དགེ་རྒན་གཟིམ་ཤག་གསར་བཞེངས་ལ་དམངས་བཞི་ཁྲི་(40000)ཡིས་སྦྱིན་བདག་བྱས། ༡༠༡༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྒོ་ཆེན་བསྐྱར་བཞེངས་ལ་དམངས་སྒོར་སུམ་ཁྲི་(30000)ཕུལ།  ཁོས་མི་ཚེ་འདིར་འབད་པའི་དགེ་བའི་མཐུ་ལ་བསྟེན་ནས་ཁོའི་མི་ནོར་འཁོར་བཅས་ཀྱི་གོད་ཁ་ཟློག་ལ་མི་འདོད་པའི་ཉེར་འཚེ་མཐའ་དག་དག་གེགས་མེད་ལྷུན་གྱིས་གྲུབ་པའི་ཐུགས་སྨོན་རྒྱ་ཆེན་གནང་བར་ཞུ། 

    བརྒྱ་དཔོན་དཔལ་སྐྱོང་ལགས་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཞེ་གཅིག་ལོའི་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་རོང་བོ་བློན་ཆོས་བརྒྱ་དཔོན་ཚོ་བ་རུ་སྐྱེས། རང་ལོ་ཉི་ཤུ་ནས་བཞི་བཅུའི་བར་སྡེ་བའི་ནགས་སྲུང་མི་སྣར་བདམས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱས། སྡེ་བའི་གཟི་བཤད་ཨུ་ཡོན་དང་སྡེ་བའི་དམངས་དམག་རུ་དཔོན་སོགས་ཀྱི་འགན་ཁུར་ཏེ་དམངས་ཕན་གྱི་བྱ་བཞག་ཡུན་རིང་བསྒྲུབ་པས་ཆེས་འབུར་དུ་ཐོན་པའི་གཟི་བརྗིད་མཚན་སྙན་གནང་། ཁོ་རང་ཆུང་དུས་ནས་བཟུང་ཕྱུགས་རྫི་བྱས་ཏེ་ཤེས་རིག་སྦྱོང་བའི་སྐལ་བ་མ་ལྡན་ནའང་ཁོ་ལ་བོད་ཀྱི་གཞན་ཕན་གྱི་བསམ་པ་བཟང་བོ་དེ་རྒྱུད་ལ་རང་ཤུགས་སུ་མངའ་བས་ཁ་དཀར་དགོན་པའི་རྗེ་གཟིགས་པ་ལྔ་ལྡན་གྱི་ལྷ་ཁང་དང་དབུས་རི་དགོན་པའི་མཆོད་རྟེན་བཞེངས་བསྐྲུན་སོགས་ལ་དམངས་སྒོར་ཆིག་འབུམ་ལྔ་ཁྲི་(150000)ཕུལ།  སྤྲེལ་རྫོང་དགོན་པའི་འཇམ་དབྱངས་སྐུའི་སྦྱིན་བདག་དང་མག་སེར་དགོན་པའི་གསང་བདག་སྟོང་སྐུ་བཞེངས་པ། ཆོས་སྒང་དགོན་པའི་མཁའ་སྤྱོད་མའི་ལྷ་ཁང་དང་བྱམས་ཁང་མཆོད་རྟེན་བརྒྱད་པ་སོགས་སྔ་རྗེས་སུ་བཞེངས་པ། རེབ་གོང་སྔགས་མང་གི་གསང་བདག་དྲེགས་པ་ཀུན་འདུལ་པར་སྐྲུན་བྱས་པ་སོགས་ལ་ཁྱོན་སྡོམ་དམངས་སྒོར་བྱེ་བ་གཉིས་དང་འབུམ་ལྔ་(2500000)ཡིས་སྦྱིན་བདག་བྱས། ༢༠༡༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོར་ཆིག་འབུམ་ཉིས་ཁྲི་ཉིས་སྟོང་ལྔ་བརྒྱ་སོ་བདུན་(122537)བཏངས།  ༡༠༡༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྒོ་ཆེན་བསྐྱར་བཞེངས་ལ་དམངས་སྒོར་ཉིས་ཁྲི་(20000)ཡིས་སྦྱིན་བདག་བྱས།


    སྐྱ་རའི་མཁྱེན་རབ་རྒྱལ་ལགས་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་གླིང་ཆེན་སྡེ་བར་སྐྱེས། ཆུང་དུས་སློབ་ཆུང་ལོ་ལྔ་ལ་འགྲིམས་རྗེས་རང་ཁྱིམ་གྱི་ཆ་རྐྱེན་གྱི་དབང་གིས་ཕྱིར་ལོག་སྟེ་ཕྱུགས་ཟོག་གི་རྨུག་རྗེས་འགྲིམས་དགོས་བྱུང་། ཀུན་ལ་མཐུན་ཞིང་ཆོས་ལ་དགའ་བའི་བོད་མི་རྣམ་དག་ཅིག་གི་མི་ཚེ་ལག་ལེན་དུ་བཏབས་ཏེ་སྔགས་སའི་འཚམས་ཐོག་གོང་མ་གཙོས་དགོན་སྡེ་བཅུ་ཕྲག་ལྷག་དང་ཡུལ་ཤུལ་ས་འགུལ་གཙོོས་རྒུད་སྐྱོབ་དང་དབུལ་ཕོངས་སློབ་མ་སོགས་ལ་དམངས་སྒོར་ཆིག་འབུམ་ལྔ་ཁྲི་(150000)ཡིས་སྦྱིན་བདག་བྱས། ༢༠༠༥ལོ་ནས་བཟུང་དམར་མོ་སྡེ་བའི་ཏང་གཙོ་གཞོན་པའི་འགན་ཁུར་ཏེ་དབུལ་ཕུང་ཁྱིམ་ཚང་དང་སློབ་མ་ཉམ་ཐག་ནད་པ་སོགས་ལ་རང་ནུས་གང་ཐུབ་ཀྱིས་རོགས་སྐྱོར་བྱས་པས་རྒན་གཞོན་མཐོ་དམན་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས།༢༠༡༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་མལ་ཁང་ཞིག་གསར་བཞེངས་བྱས་པར་དམངས་སྒོར་ཉིས་ཁྲི་ལྔ་སྟོང་(25000)ཕུལ།  ༢༠༡༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོརབདུན་ཁྲི་ཉིས་སྟོང་ལྔ་བརྒྱ(72500)ཕུལ།


    སྦྱིན་བདག་སྟག་ལོ་འམ་སྟག་འབུམ་ཡག་ལགས་ནི་སྤྱི་ལོ་༡༩༧༤ལོའི་ཟླ་༥བའི་ཚེས་༥ཉིན་རྨ་ཡུལ་རོང་བོ་བློན་ཆོས་ཀྱི་ནང་ཚན་སྐྱ་རའི་བུ་མང་ཚོ་བར་སྐྱེས།  ཆུང་དུས་ནས་ཤེས་བྱའི་གནས་ལ་འཇུག་པའི་སྐལ་བ་མ་བྱུང་ནའང་ཁྱིམ་ཚང་སློབ་གསོའི་ཤུགས་རྐྱེན་གྱིས་མི་རིགས་ལ་ཞེན་པའི་ཚོར་འདུ་ཟབ་མོ་ཞིག་རང་ཤུགས་སུ་ཆགས་ཡོད་ལ།   ཕ་ལོའི་ལམ་སྟོན་གྱི་མིག་རྒྱང་རིང་མོས་ཚོང་ལས་སྣ་ཚོགས་ཀྱི་ལས་ལ་ཞུགས་ཏེ་དཔལ་འབྱོར་གྱི་རྨང་རྐང་ཆགས།  དྭངས་གཙང་གི་སེམས་པ་དཀར་བོས་མཚམས་ཐོག་གོང་འོག་གཙོས་ཆོས་སྡེ་བཅུ་ཕྲག་ལྷག་དང་བོད་རིག་གནས་ཡར་རྒྱས་སུ་འགྲོ་བར་སྤེལ་བའི་བྱ་འགུལ་མང་བོར་རོགས་རམ་གང་ལེགས་བྱས་པ་མ་ཟད་དམངས་སྒོར་ཆིག་འབུམ་སུམ་ཁྲི་(130000)ཕུལ་བ་དང་། ༢༠༡༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོར་བཞི་ཁྲི་(40000)ཕུལ་བ་འདིས་མར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལནསངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོའོ་སྨོན་ལམ་ཡང་ཡང་འདེབས་བཞིན་མཆིས་སོ།།

     བལ་བཟའི་ཕྱུགས་སྐྱབས་རྒྱལ་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཞེ་ལྔ་ལོའི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་རྨ་ཡུལ་རོང་བོ་བློན་ཆོས་ཀྱི་ནང་ཚན་བལ་བཟའ་སྐྱ་ར་ནས་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭར་འགྲིམ་པའི་སྐལ་བ་མ་ལྡན་ཡང་རྟ་ནོར་ལུག་གསུམ་གྱི་རྗེས་ནས་དོན་སྙིང་ལྡན་པའི་མི་ཚེ་ཞིག་སྐྱེལ་རྒྱུའི་དམ་བཅའ་བཞག   གཞོན་དུས་ནས་ཡ་རབས་གཞུང་དྲང་གི་བྱ་བའི་ལམ་ཁར་ཞུགས་ཏེ་སྤྱི་ལོ་༡༩༦༤ལོར་རོང་བློན་སྡེ་བའི་ཕྱུགས་ཟོག་སྨན་པའི་འགན་ཁུར།༡༩༧༣ལོར་རོང་བློན་སྡེ་བའི་ཏང་གཙོའི་འགན་ཁུར། ༡༩༩༡ལོར་རང་ལ་མི་འདོད་པའི་ན་ཚ་ཞིག་གི་དབང་གིས་སྐུ་ངལ་གསོས། ༡༩༩༢ལོར་རོང་བློན་སྡེ་བའི་སྡེ་དཔོན་གྱི་འགན་ཁུར་ཏེ་ཁོའི་མི་ཚེ་ཧྲིལ་བོ་སྡེ་བའི་ལས་དོན་མཐའ་དག་གི་སྟེང་དུ་བལྟིམས་པ་མ་ཟད་ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་བོ་ལ་སྦྱིན་གཏོང་བྱེད་པའི་ཆོས་དད་ཅན་གྱི་རྒན་པོ་ཞིག་ཡིན། དབུས་གཙང་ནས་དགའ་ལྡན་ཆོས་གྲྭ་དང་སྔགས་སའི་འཚམས་ཐོག   ཁ་དཀར་དགོན་པ།  ཆོས་སྒང་དགོན་པ།  དབུས་རི་དགོན་པ།  གསེར་ལག་དགོན་པ། རོང་བོ་དགོན་ཆེན། བློན་ཆོས་སྔགས་ཁང་ཆེན་མོ།  སྤྲེལ་རྫོང་དགོན་པ། ཐར་སྟོང་དགོན་པ།  མོ་དོ་དགོན་པ།  ཡུལ་ལྷའི་ལྷ་ཁང་།   རིག་ལྡན་ཆོས་འཁོར་གླིང་།  དཀར་མོ་ཕུག  སྐུ་འབུམ་བྱམས་པ་གླིང་།  རང་སྡེ་བའི་མ་ཎི་ཆོས་ཚོགས་སོགས་ལ་དམངས་སྒོར་ལྔ་འབུམ་ཉིས་ཁྲི་བཞི་སྟོང་བདུན་བརྒྱ་(524700)ཕུལ། གཞན་སྐད་འཕྲིན་ཚོགས་པ་སོགས་ལས་དབུལ་བོ་ཉམ་ཐག་དང་སྲོག་བླུའི་ཚོགས་པ་སོགས་ལ་དམངས་སྒོར་སུམ་ཁྲི་བཞི་སྟོང་(34000)ཕུལ།   ༢༠༡༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོར་ཆིག་ཁྲི་ཉིས་སྟོང་(12000)ཕུལ།
   སྐྱ་རའི་ཆོས་སྐྱབས་རྒྱལ་ནི་སྤྱི་ལོ་༡༩༦༧ལོའི་ཟླ༧པའི་ཚེས་༢༥ཉིན་སྐྱ་ར་གཡང་སྡེ་ཕྱུགས་མོ་ནས་འཚར་ལོངས་བྱུང་ཞིང་། ཆུང་དུས་སློབ་གྲྭ་འགྲིམ་པའི་གོ་སྐབས་མ་ལྡན་པས།ཕྱུགས་ཟོག་འཚོ་སྐྱོང་བྱས་ནས་ནར་སོན། རང་སྡེ་བའི་འགན་ཁུར་ཆེ་མ་ཆུང་གསུམ་དང་དུ་བླང་ནས་བློ་དཀར་གཞུང་དྲང་གིས་སྡེ་བ་ལ་སྲིད་ཞུ་སྒྲུབ་བཞིན་ཡོད།དེས་ཞོར་དུ་ཚོང་ལས་ཙག་ཙིག་གི་ལས་ལ་ཞུགས་ཏེ་ས་ཆ་མང་བོར་ཕྱིན།  དེ་རྗེས་སུ་བྲག་དཀར་རྫོང་དཀྱིལ་སྙིང་ཚོང་ཁྲོམ་ཆེན་མོའི་ཚོང་དཔོན་གྱི་འགན་ཁུར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་ཟབ་སྦྱོང་འཛིན་གྲྭ་སོགས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་མྱོང་ལ། འཚམས་ཐོག་གོང་ཞོལ་གཉིས་གཙོ་བྱས་ཏེ་དགོན་སྡེ་ཁག་ལ་དམངས་སྒོར་ཁྲི་བཅུ་ལྷག་གིས་རྟེན་བཞེངས་བྱས་པར་མ་ཟད།  གངས་ལྗོངས་ལྷག་བསམ་ཚོགས་པ་དང་བྱམས་བརྩེ་འོད་སྣང་ཚེ་ཐར་ཚོགས་པ།བོད་པའི་སེམས་སོགས་དགེ་སྒྲུབ་ཚོགས་པ་འགའ་ལ་ཞུགས་ནས་ཉམས་ཐག་གི་ནད་པ་ནད་མ། དབུལ་བོ་དྭ་ཕྲུག་དང་། སློབ་ཡོན་ལ་དཀའ་ཁག་ཡོད་པའི་སློབ་མ་སོགས་ལ་ལོ་རེར་དམངས་སྒོར་ལྔ་སྟོང་ཡས་མས་ཀྱིས་རོགས་སྐྱོར་བྱས།  ༢༠༡༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ལ་དམངས་སྒོར་ཁྲི་གཅིག་(10000)ཕུལ། ༢༠༡༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་་སློབ་གླིང་གི་གླིང་སྨད་སྒོ་ཆེན་སྤྱར་བཞེངས་ལ་དམངས་སྒོར་ཁྲི་གཅིག་(10000)ཕུལ།
    སྦྱིན་བདག་སྟག་ཐར་རྒྱལ་ལགས་ནི་སྤྱི་ལོ༡༩༧༤ལོའི་ཟླ་༤བའི་ཚེས་༢ཉིན་འབྲོང་ཐུ་རོང་བློན་སྡེ་བར་སྐྱེས།     མི་ཚེའི་སྟོད་ཀྱི་ཆ་ལ་ཕྱུགས་ཟོག་འཚོ་སྐྱོང་དང་འབྲེལ་ནས་ཚོང་ལས་ཙག་ཙིག་གི་་ཡོང་འབབ་རེ་འཚོལ་བཞིན་ཡོད།   ཞོར་དུ་དབྱར་དགུན་གནང་སྐབས་སུ་ཟབ་སྦྱོང་འཛིན་གྲྭ་ལ་རོགས་རམ་བྱས་ཤིང་།   གཞན་དབུལ་ཁྱིམ་དང་ཉམ་ཐག་ནད་པ་བདག་མེད་དྭ་ཕྲུག་སོགས་ལ་ཡང་ཕན་སེམས་གཙང་མ་རེ་བཅངས་ནས་རོགས་སྐྱོར་འོས་འཚམ་རེ་བྱེད་བཞིན་ཡོད། ༢༠༡༡ལོར་གངས་རྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་སློབ་ཁང་གསར་བཞེངས་ལ་སྒོར་ཁྲི་གཅིག་(10000)ཞལ་འདེབས་སུ་ཕུལ་བ་དང།    གླིང་སྨད་སྒོ་ཆེན་བསྐྱར་གསོ་ལ་སྒོར་སུམ་སྟོང་(3000)ཕུལ།
མཁོ་སྤྲོད་པ། དཀོན་མཆོག་ཆོས་རྒྱན།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-03-31 ལྟ་ཀློག (21355)