མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ཨོ་སི་ཐྲི་ལི་ཡར་ཆིབས་སྒྱུར་གནང་འདུག

  མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ཨོ་སི་ཐྲི་ལི་ཡའི་སིད་ནི་ས་ཁུལ་དུ་ཕེབས་ཏེ་དེ་གའི་བོད་མི་རྣམས་ལ་བཀའ་སློབ་གནང་འདུག

གསར་འགོད་པ་རྫ་ཚེ་རིང་བཀྲ་ཤིས


      སྤྱི་ལོ་༢༠༡༦ཟླ་༣ཚེས་༢༧གྱི་ཞོགས་པར་ས་གནས་ཆུ་ཚོད་༡༠ནས་ཕྱི་དྲོའི་ཆུ་ཚོད་༤པ་བར་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་མཆོག་ཨོ་སི་ཐྲི་ལི་ཡའི་སིད་ནི་ས་ཁུལ་དུ་ཕེབས་བསྟུན། ཐེངས་འདིའི་བཀའ་སློབ་གོ་སྒྲིག་ཚོགས་ཆུང་གིས་གསོལ་བཏབ་ཞལ་བཞེས་ཐོབ་པ་ལྟར། Dee Whyབོད་མིའི་འདུས་སྡོད་ས་ཁུལ་དུ་ཕེབས་གནང་ཞིང་། དེར་འཁོད་རང་རིགས་དད་ལྡན་དག་གི་གུས་བརྩི་ཆེན་པོའི་ཕེབས་བསུ་བཅས་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ༼རིག་གཞུང་མི་འདྲ་བའི་ཁོར་ཡུག་ནས་ཆོས་དང་རིག་གཞུང་གཅེས་ཉར་བྱེད་པའི་གལ་གནད་དང་ཐབས་ལམ་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་། དེ་ནས་ཚོགས་ཞུགས་པ་རེ་རེ་བཞིན་གྱི་སྒེར་གྱི་འཚོ་བའི་དཀའ་ངལ་དང་སེམས་ཚོར། ཆོས་དང་རིག་གཞུང་གི་སྐོར་གྱི་དྲི་བ་བཅས་ལ་ཞིབ་ཏུ་གསན་ཞིང་རེ་རེ་བཞིན་ལ་བཀའ་ལན་གནང་། ཁྱད་པར་འབྱུང་འགྱུར་རིག་གཞུང་མི་འདྲ་བའི་ཁོར་ཡུག་ནས་མི་རིགས་དང་རིག་གཞུང་གི་ངོ་བོ་མ་བརླགས་པ་བྱ་རྒྱུའི་གལ་གནད་དང་། ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་གསུམ་ཁོར་ཡུག་དང་བསྟུན་པའི་ལག་ལེན་བྱེད་ཐབས་སོགས་རྒྱས་བཤད་གནང་། མཇུག་ཏུ། རྒྱལ་སྲས་ལག་ལེན་སོ་བདུན་མའི་ལྗགས་ལུང་དང་དད་ལྡན་དག་ལ་ཕྱག་དབང་དང་སྒེར་མཇལ། རྟེན་གསུམ་ཁག་ཅིག་ལ་རབ་གནས་བཅས་རྒན་དར་གཞོན་གསུམ་གྱི་ལྟོས་བཅས་དག་གི་གང་ལ་གང་འདོད་ཀྱི་རེ་བ་སྐོང་གནང་མཐར། ཚོགས་ཞུགས་པ་དག་གི་གུས་བརྩེའི་རྣམ་འགྱུར་འབྲལ་མི་ཕོད་པའི་ཕེབས་སྐྱེལ་འོག་སིད་ནི་མགྲོན་ཁང་དུ་ཆིབས་བསྒྱུར་གནང་། 


ཨོ་སི་ཐྲི་ལི་ཡའི་སིད་ནི་ས་ཁུལ་དུ་བོད་མི་རྣམས་ཀྱིས་ཕེབས་བསུ་བྱེད་ཀྱིན་པ།


དེ་གའི་བོད་མི་བྱེས་པ་རྣམས་ལ་བཀའ་སློབ་གནང་བཞིན་པ། 

པར་བ་རྫ་ཚེ་རིང་བཀྲ་ཤིས། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 

རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-03-27 ལྟ་ཀློག (6829)