བྷེལ་ཇམ་གྱི་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དུ་དྲག་སྤྱོད་པས་འབར་རྫས་གཉིས་བཀད་འདུག

རྒྱལ་སྤྱིའི་གསར་འགྱུར།

         ཁ་སང་ཕྱི་ཚེས་༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༨ པ་ཡས་མས་སུ་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ཉེ་འཁྲིས་སུ་ཡོད་པའི་ཛ་བིན་ཊམ་Zaventem རྒྱལ་སྤྱིའི་གནམ་ཐང་དུ་དྲག་སྤྱོད་པས་འབར་རྫས་གཉིས་བཀད་ཡོད་པ་དང་། སྐབས་དེར་མི་༡༤འཆི་ལམ་དུ་ཕྱིན་ཡོད་པ་དང་མི་༨༡ ཙམ་ལ་རྨས་སྐྱོན་བྱུང་ཡོད་འདུག གནམ་ཐང་དུ་འབར་རྫས་བཀད་དེ་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་རྒྱལ་ས་སྦར་སིལ་དཀྱིལ་གྱི་མེལ་པིས་ཁུ་Maelbeek ཡི་ས་འོག་མེ་འཁོར་འབབ་ཚུགས་སུ་ཡང་བསྐྱར་འབར་རྫས་བཀད་དེ་མི་༢༠ འཆི་ལམ་དུ་ཕྱིན་ཡོད་འདུག་ལ།

    མི་མང་བོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག མེལ་པིས་ཁུ་ས་འོག་མེ་འཁོར་འབབ་ཚུགས་ནི་ཡོ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་ལྟེ་བ་ཡོད་ས་དང་བར་ཐག་མིས་ཊིར་བརྒྱ་ཙམ་ལས་ཡོད་མི་འདུག འབར་རྫས་ཐེངས་གསུམ་གས་གཏོར་བྱུང་བ་ལས་ཁྱོན་བསྡོམས་མི་༣༤ ཤི་ཡོད་པ་དང་། མི་༢༠༠ ཙམ་ལ་རྨས་སྐྱོན་བྱུང་ཡོད་འདུག ཐེངས་འདིའི་དོན་རྐྱེན་ནི་ཨཱ་ཨེ་སི་ISIS འཇིགས་སྐུལ་དྲག་སྤྱོད་ཚོགས་པས་སྤེལ་བ་ཡིན་ཚུལ་ཁོང་ཚོའི་དྲ་རྒྱའི་སྟེང་ཁྱབ་བསྒྲགས་བྱས་ཡོད་འདུག་ལ། ཉིན་བཞིའི་གོང་དུ་སྦར་སིལ་ས་གནས་མོན་ལིན་པིས་ཁུ་ནས་ཕེ་རེ་སིའི་འཇིགས་སྐུལ་དྲག་སྤྱོད་དང་འབྲེལ་ཡོད་སཱ་ལཱ་ཨཱབ་རྡུ་སུ་ལམ་གསོན་བཟུང་བྱས་པར་ཁོང་གི་རོགས་པ་ཚོའི་དགྲ་ཤ་བླངས་བ་ཡིན་ཚུལ་བརྗོད་ཀྱི་ཡོད་འདུག

     ད་ལྟའི་ཆར་རྒྱལ་ས་སྦར་སིལ་གྱི་བདེ་འཇགས་ཉེན་སྲུང་གི་ཚད་རིམ་ཨང་བཞི་བར་འཕེལ་ཡོད་འདུག་ལ། བྷེལ་ཇམ་སྲིད་བློན་ཆར་ལིས་མེལ་ཤལ་ལགས་བདུན་ཕྲག་འདིར་རྒྱ་ནག་ལ་བསྐྱོད་འཆར་གྱི་མཛད་རིམ་ཕྱིར་འཐེན་གནང་ཡོད་པ་དང་། བྷེལ་ཇམ་རྒྱལ་ཡོངས་ཀྱིས་ཉིན་གསུམ་རིང་དོན་རྐྱེན་ཁྲོད་ཤི་སྐྱོན་བྱུང་བ་ཚོའི་ཆེད་དུ་གཞུང་འབྲེལ་མྱ་ངན་བྱ་རྒྱུ་ཡིན་འདུག བྷེལ་ཇམ་རྒྱལ་ས་སྦར་སིལ་དུ་བོད་མི་ལྔ་བརྒྱ་ཙམ་གནས་སྡོད་བྱས་ཡོད་པའི་ཚོད་དཔོད་བྱེད་ཀྱིན་ཡོད་ལ། མིག་སྔར་བོད་མི་སུ་ལའང་རྨས་སྐྱོན་བྱུང་ཡོད་པའི་གནས་ཚུལ་མི་འདུག

གསར་འགྱུར་འཁོད་སྤྲོད་མཁན་ཐུབ་པའི་གདུང་འཚོབ། ༢༠༡༦.༣.༢༣ཉིན།


རྩོམ་སྒྲིག་འགན་འཁུར་བ།   མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། འབའ་སྣང་གྲོལ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-03-23 ལྟ་ཀློག (3172)