སྨྲ་བའི་དབང་ཕྱུག་༧བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་མཛད་རྣམ་རགས་བསྡུས།

༄༅།།སྨྲ་བའི་དབང་ཕྱུག་༧བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་མཛད་རྣམ་རགས་བསྡུས།

 

        དེ་ཡང་མཁས་གྲུབ་ཐམས་ཅད་ཀྱི་ཁྱུ་མཆོག་མཚུངས་པ་མེད་པ།རྒྱལ་པ་འཇམ་དཔལ་སྙིང་བོའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་ཁྲི་ལ་མངོན་པར་དབང་བསྒྱུར་པ།སྨྲ་བའི་དབང་ཕྱུག་ཐུགས་སྲས་ངག་དབང་བཀྲ་ཤིས་དཔལ་བཟང་བོའི་སྐུའི་ཕྲེང་རབས་ཀྱི་ཟ་མ་ཏོག་བདག་གིར་བཞེས་པའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་༧བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་མཆོག་ནི།མཚོ་སྔོན་རེབ་གོང་ནང་སོའི་ལྷ་སྡེ་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་བྱ་བར་རབ་བྱུང་བཅུ་དྲུག་པའི་མེ་གླང་༼༡༩༣༧༽ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ཡབ་ཕུར་བ་སྐྱབས་དང་།ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་མ་འཁྲུངས་པའི་སྔོན་པཎ་ཆེན་དགུ་བ་རྗེ་བཙུན་༧བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གཏེར་ལུང་དུ་ཕེབས་སྐབས།ནང་སོ་འཇིགས་མེད་དང་ཕྱག་མཛོད་ཡར་ལུང་ཟླ་བ་བཅས་ཀྱིས་བསེ་སྐུ་ཕྲེང་ལྔ་བའི་ཡང་སྤྲུལ་ངོས་འཛིན་གྱི་སྐྱབས་འཇུག་ཕུལ་བར།ཕྱག་ཡིག་དམ་སྦྱར་མ་ཡིག་སྒྲོམ་དང་བཅས་གནང་ནས་ལོ་གཅིག་གི་རྗེས་ཁ་ཕྱེ་ཆོག་པའི་བཀའ་རྒྱ་བཅས་སྩལ། 

        ས་ཡོས་༼༡༩༣༩༽ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཤར་བླ་བྲང་དང་།གཏེར་ལུང་བླ་བྲང་།གཙོས་ཀྱི་ཕྱག་མཛོད་ཡར་ལུང་ཟླ་བ་བཅས་ཀྱིས་གཙོས་ས་རི་སྒར་བཅུ་གཅིག་པའི་མི་སྣ་གདན་འཛོམས་པའི་དབུས་སུ་ཡིག་སྒམ་གྱི་ཁ་ཕྱེ་བར།ཡུལ་ཕྱོགས་དང་སྡེ་བའི་རྟགས།ཡབ་ཡུམ་གྱི་མཚན་ཟུར་དང་བཅས་གསལ་བོར་བསྟན་འདུག་པ་དང་།མཚན་ལ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེར་ཐོགས་ཞེས་གསུངས་ཡོད་པ་ལྟར་དགུང་ལོ་གསུམ་གྱི་ཐོག་གོང་མའི་ཡང་སྲིད་དུ་ངོས་འཛིན་འཁྲུལ་མེད་གནང་། 

         དགུང་ལོ་ལྔ་བར་༼༡༩༤༡༽གཏེར་ལུང་ཡིད་དགའ་ཆོས་འཛིན་གྱི་མི་འཇིགས་སེངྒེའི་ཁྲི་ལ་མངའ་གསོལ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཀུན་དགའ་བཟང་བོ་ཡོངས་འཛིན་དུ་བསྟེན་ཏེ་ཕྲལ་སྦྱོར་གྱི་ཀློག་དང་གཟབ་གཤར་གྱི་བྲིས།འདོན་ཆོག་དང་སུམ་རྟགས་སོགས་ལ་རིམ་གྱིས་སྦྱངས།

             དགུང་ལོ་དྲུག་པར་༼༡༩༤༢༽སྙིགས་དུས་ཀྱི་འབྲོམ་སྟོན་གཉིས་པ་སྐྱབས་མཆོག་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གཏེར་ལུང་དུ་ཕེབས་པར་ཐོག་མར་མཇལ་ཏེ་དགའ་ལྷ་དང་ལམ་མཆོག་སྒོ་འབྱེད་སོགས་ཀྱི་ལྗགས་ལུང་དུ་མ་དང་། གཞན་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྨིན་བྱེད་དབང་བཞིའི་ཆུ་བོ་ཐོག་མར་གསན་ཏེ། གསང་མཚན་ཆོས་ཀྱི་རྡོ་རྗེ་ཞེས་སྩལ་པ་སྔོན་པཎ་ཆེན་༧དགུ་བ་ཆེན་པོས་མཚན་གནང་བ་དང་ངང་གིས་གཅིག་མཚུངས་སུ་སོང་བས་སྐྱེ་བོ་ཀུན་དད་པའི་ས་ལ་བཀོད།ལོ་དེར་གཙོས་དགའ་ལྡན་ཆོས་གླིང་དུ་ཕེབས་ཏེ་སྐུ་ཞོགས་ཨ་རོལ་རིན་པོ་ཆེས་དུས་འཁོར་དབང་ཆེན་གནང་བར་ཁྲི་ཆེན་རིན་པོ་ཆེ་སོགས་སྐྱེས་ཆེན་བརྒྱ་ཕྲག་ལྷག་དང་ལྷན་དུ་གསན་པ་སོགས་སྔ་ཕྱིར་དུས་དབང་ཐེངས་གསུམ་ལ་གསན།

        དགུང་ལོ་བརྒྱད་པ་ཤིང་སྤྲེལ་ལོར་༼༡༩༤༤༽རོང་བོའི་དགོན་ཆེན་དུ་ཕེབས་ཏེ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེས་མཁན་སློབ་སྦྲགས་མ་དང་།བྲ་བོ་རབ་འབྱམས་པ་བྱམས་པ་རྡོ་རྗེས་གསང་སྟོན་མཛད་དེ་བར་མ་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་༧བློ་བཟང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ།

         དགུང་ལོ་དགུ་བ་ཤིང་བྱ་༼༡༩༤༥༽ལོར་གཏེར་ལུང་དུ་ཨ་རོལ་རིན་པོ་ཆེའི་མདུན་ནས་གསང་འདུས་མི་བསྐྱོད་པ་སོགས་བླ་མེད་ཀྱི་དབང་བཀའ་སྤྱི་དང་ཁྱད་པར་ལྷོ་བྲག་བཀའ་འབུམ་སོགས་ཀྱིས་གཙོས་དབང་རྗེས་ལུང་གསུམ་གྱི་རྒྱུན་མང་དུ་གསན།གཙོས་དགའ་ལྡན་ཆོས་གླིང་དུ་སྐྱབས་རྗེ་གསེར་ཁང་བ་ནས་བརྒྱུད་པའི་སྨོན་སེམས་ཆོ་གས་བསྐྱེད་པའི་གདམས་པ་གསན། བཤེས་གཉེན་རབ་འབྱམས་པ་འགྲོན་ལུང་འཇམ་དབྱངས་གྲགས་པ་མཚན་ཉིད་དགེ་རྒན་དུ་བསྟེན་ཏེ་བསྡུས་གྲྭ།བློ་རྟགས།ས་ལམ།དོན་བདུན་ཅུ།ལམ་རིམ།སྤྱོད་འཇུག་སོགས་ཀྱི་དཔེ་ཁྲིད་ཞིབ་རྒྱས་གསན།

       དགུང་ལོ་བཅོ་ལྔ་བ་ལྕགས་ཡོས་༼༡༩༥༡༽ལོར་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཆིབས་ཁ་བསྒྱུར་ཏེ།ཇོ་ཤཱཀྱ་རྣམ་གཉིས་གཙོས་པའི་ལྷ་སའི་གཙུག་ལག་ཁང་རྣམས་དང་།རྒྱུད་སྟོད་སྨད་སོགས་རྟེན་གཙོ་ཁག་ལ་མཇལ་ཕྱག་དང་མཆོད་འབུལ།རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་བ་ཆེན་པོར་གཟིམ་ཆུང་མཇལ་ཁ་ཞུས་ཏེ་དངོས་འབུལ་སྦམ་མཐོ་བ་བསྟར།འབྲས་སྤུངས་ཚོགས་ཆེན་དུ་ཆོས་ཞུགས་གནང་སྟེ་ཚོགས་ཆེན་སྤྲུལ་སྐུའི་མཚན་བཏགས་བཞེས།སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་དབལ་ཤུལ་འཇམ་དབྱངས་རྒྱ་མཚོ་བླ་མར་བསྟེན།དོན་བདུན་ཅུ་ནས་བཟུང་གསེར་ཕྲེང་དང་སྦྲགས་ཕར་ཕྱིན་མཐའ་དཔྱོད་སྐབས་བརྒྱད་ཀ་དང་།ཟུར་བཀོད་དགེ་འདུན་ཉི་ཤུ་ནས་ཀུན་གཞིའི་བར་དུ་དཔེ་ཁྲིད་ཞིབ་རྒྱས་གནང་།རྣམ་འགྲེལ་ཐར་ལམ་གསལ་བྱེད་ལ་རྩ་འགྲེལ་སྦྲགས་པའི་གསན་སྦྱོང་གནད་དུ་སྨིན་པ་མཛད།ཆོས་གྲྭར་ཆག་མེད་ཀྱི་སྒོ་ནས་རྩོད་པ་དམར་བ་མཛད་དེ་སྦྱང་བ་རྡོ་རུས་ཐུག་པ་གནང་།གོང་ས་རྒྱལ་བའི་དབང་བོ་མཆོག་ལས་སྐྱེས་རབས་སོ་བཞི་བ་དང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་སྟ་གོན་དང་བཅས་པ།རྒྱན་འཇུག་གཉིས་དང་བླ་མའི་རྣལ་འབྱོར་བཅས་ཀྱི་ལྗགས་ལུང་གསན།༡༩༥༣ལོར་གཙང་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་ཞལ་སྔ་ནས་དགའ་ལྡན་ལྷ་བརྒྱ་མ་དང་ཡོན་ཏན་གཞིར་གྱུར་མའི་ལྗགས་ལུང་གསན།ནོ་མོན་ཧན་གྱི་བཀའ་ཤོག་དང་ཐམ་གའི་ཆོ་ལོ་སྩལ་ཏེ་དམིགས་བསལ་གྱི་གཟེངས་བསྟོད་རྒྱ་ཆེར་གནང་།

        དགུང་ལོ་བཅོ་བརྒྱད་པ་ཤིང་རྟ་༼༡༩༥༤༽ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་ཆིག་ཁྲི་འདུས་པའི་དབུས་སུ་ཕར་ཕྱིན་དམ་བཅའ་བཞག  དམ་བཅའི་ཕུག་བརྟན་ཅིང་རིགས་ལམ་གྱི་འགྲོས་ལེགས་པ།ལུང་གི་དཔུང་མཐུག་པ།སྨྲ་བརྗོད་དང་རྣམ་འགྱུར་གང་གི་ཐད་ནས་མཁས་པ་པཎྚི་ཏའི་རྣམ་ཐར་བདག་གིར་བཟུང་བའི་ངེས་དོན་མཁས་པའི་རྒྱལ་ཐབས་སུ་མངོན་པར་བཞེངས་པས།ཚོགས་མང་ནས་ཀུན་མཁྱེན་བླ་མ་ཡབ་སྲས་ནི་སྒོ་མང་ཡིག་ཆའི་བདག་པོ་ཡིན་པས་དམ་པ་འདི་ལ་མི་ཕྱེད་པའི་དད་པའི་རྦ་རླབས་མཐོན་པོར་འཕྱུར།

        དགུང་ལོ་བཅུ་དགུ་བ་ཤིང་ལུག་༼༡༩༥༥༽ལོར་དབུས་ནས་ཕྱིར་གདན་སར་ཕེབས་ཏེ་ཨ་རོོལ་རིན་པོ་ཆེའི་མདུན་ནས་དབུས་རྒྱུད་འཇམ་དཔལ་ཞལ་ལུང་།དགེ་ལྡན་སྙན་རྒྱུད་ཀྱི་ལྟ་ཁྲིད་དྲན་པ་བཞི་ལྡན་སོགས་སྔ་ཕྱིར་ཁྲིད་ལུང་མན་ངག་བློ་སྦྱོང་།སྤྱི་ཟུར་གྱི་དབང་རྗེས་ལུང་གསུམ། མདོར་ན་ཞྭ་སེར་ཅོད་པཎ་འཆང་བའི་རིང་ལུགས་དྲི་མ་མེད་པའི་ཆོས་རྒྱུན་མཐའ་དག་བུམ་པ་གང་བྱོའི་ཚུལ་ཏུ་གསན་པར་མ་ཟད། ཆོས་རྒྱུད་གཞན་གྱི་ཟབ་ཆོས་རང་ལུགས་ལ་རྒྱུན་གང་བཞུགས་ཐམས་ཅད་ངོམས་པ་མེད་པར་གསན་བསམ་གྱི་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་བགྲོད།རོང་བོ་དགོན་ཆེན་གྱི་དུས་ཞབས་པ་མཁས་དབང་སྟག་ལྷའི་མདུན་ནས།རྒྱ་བོད་ཀྱི་རྩིས་གཞུང་ལྔ་བསྡུས་ནས་གཟའ་ལྔའི་བར་གོ་རིམ་མཐར་ཆགས་སུ་སྦྱངས།དབུས་ཀྱི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱ་མཚོ་ཚང་སྤྲེལ་རྫོང་དགོན་པའི་དགེ་རྒན་དུ་ཕེབས་ཡོད་པ་གཏེར་ལུང་དུ་གདན་དྲངས་ཏེ།གྲུབ་མཐའ་ཆེན་མོ་རྩ་འགྲེལ་སྦྲགས་པ་དང་མཛོད་རྩའི་དཔེ་ཁྲིད་ཞུས་ཤིང་ཐོས་པ་རྒྱ་ཆེར་བཙལ།

           དགུང་ལོ་ཉེར་གཅིག་པ་མེ་བྱ་༼༡༩༥༧༽ལོའི་ས་གའི་ཉ་ལ་སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་གིས་མཁན་སློབ་སྦྲགས་མ་དང་།བསྟན་པའི་སྲོག་ཤིང་དམ་པ་སྐྱབས་རྗེ་མི་ཉག་རིན་པོ་ཆེས་གསང་སྟོན།དགེ་བའི་བཤེས་གཉེན་བློ་བཟང་རྒྱ་མཚོ།བཤེས་གཉེན་དགེ་ལེགས་རྒྱ་མཚོ་སོགས་ལས་ཀྱི་ཁ་སྐོང་འོས་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས།ལོ་དེའི་སྟོན་ཁར།དབུས་ཀྱི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱ་མཚོ་གཏེར་ལུང་དུ་གདན་དྲངས་ཏེ་གུང་ཐང་འདུལ་སྡོམ་དང་།སྡོམ་གསུམ་བསླབ་བྱ།གཞི་གསུམ་ཆོ་ག་སོགས་འདུལ་བའི་སྐོར་ལ་ཞིབ་རྒྱས་གསན།བཤེས་གཉེན་ཆེན་པོ་བཞག་སྡོམ་ཨ་ཁུ་རིན་པོ་ཆེའི་མདུན་ནས་དབྱངས་ཅན་སྒྲ་མདོ་དང་སྦྲགས་པའི་འགྲེལ་བ་གསལ་ལྡན་གྱི་དཔེ་ཁྲིད་ཞུས་ཏེ་སྒྲ་རིག་རྒྱ་མཚོའི་གནས་ལ་སྦྱངས་པ་གནད་སྨིན་མཛད།

         དགུང་ལོ་ཉེར་གཉིས་པ་ས་ཁྱི་༼༡༩༥༨༽ལོར་དུས་འགྱུར་གྱིས་བསྟན་པ་ལ་ཉམས་འགྲིབ་ཆེན་པོ་བྱུང་བས་རྗེ་ཉིད་ཀྱང་ཁྲི་མོན་དུ་བཅུག་སྟེ་ཟི་ལིང་དུ་བསྐྱལ།དེ་སྐབས་སུའང་ཤར་སྐྱབས་མགོན་བདུན་པ་ཆེན་པོ་དང་མཇལ་ཏེ་གསང་ཐབས་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་ལུས་སྲུང་གི་གདམས་པ་བཀའ་རྒྱ་མའི་ཁྲིད་དང་།ཏིང་ངེ་འཛིན་གྱི་དབང་བཞི་ཐུན་མོང་མ་ཡིན་པའི་ལུང་བཅས་མནོས།སྐྱབས་མགོན་མཆོག་ལ་ཆོས་སྣམ་གྱི་རྒྱུའི་བྱིན་རླབས་ཞུས་ཤིང་བསླབ་ཁྲིམས་སྲོག་ལས་གཅེས་པར་མཛད།རྐྱེན་ངན་དགེ་བའི་གྲོགས་སུ་བསྒྱུར་ནས་བཙོན་ཁང་དུ་བདེ་གསང་འཇིགས་གསུམ་དང་།དུས་འཁོར་རྩ་སྔགས་འབུམ་ཕྲག་ལྔ་བཅུ་རེ་དང་།འཇམ་དཔལ་མཚན་བརྗོད་དག་ཚར་ལྔ་བརྒྱ་ལྷག་གསང་བཟླས་གནང་།

        དགུང་ལོ་ཉེར་དྲུག་པ་ཆུ་སྟག་༼༡༩༦༢༽ལོའི་སྤྱི་ཟླ་དགུ་བར་བཙོན་གྲོལ་ཐོབ་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཀུན་མཁྱེན་དྲུག་པ་ཆེན་པོར་དངོས་མཇལ་དང་།ཚོགས་ཆེན་ལ་མཆོད་མཇལ་རྒྱས་པ།ཀུན་མཁྱེན་གོང་མའི་གདུང་མདུན་དང་མགོན་ཁང་སོགས་ལ་མཆོད་འབུལ་དང་འཕྲིན་བཅོལ་གནད་སྨིན་གནང་།

        དགུང་ལོ་སུམ་ཅུ་བ་མེ་རྟ་༼༡༩༦༦༽ལོར་རིག་གསར་གྱི་འགོ་བཙུགས་པས་སླར་ཡང་བཙོན་དུ་ཕེབས།བཙོན་ཁང་དུ་འཇིགས་བྱེད་ཀྱི་སྙིང་བོ་འབུམ་བརྒྱ།མ་ཎི་བྱེ་ཆེན།ལྟུང་བཤགས་དང་བཟང་སྤྱོད་ལྔ་སྟོང་རེ་གྲངས་གསོག་གནང་།༡༩༦༨ལོར་བཀས་བཀོད་རྒྱུད་འཛིན་གྱི་ཞྭ་མོ་བསྐོན་ནས་བསང་ཆུ་རྫོང་བང་གུར་ཐང་ཡུལ་ཚོའི་དགའ་ཕུག་སྡེ་གྲོང་དུ་ངལ་རྩོལ་བསྒྱུར་བཀོད་བྱེད་པར་མངགས་ཏེ་ལོ་བཅུ་གཅིག་ལ་བཞུགས།བཞད་སྒྲའི་སྐབས་མིན་བསྟོད་པའི་རྒྱན་གྱི་དཔེར་བརྗོད་ཀྱང་སྐབས་དེའི་མྱོང་བ་དྲན་ནས་བྲིས་པར་གསུངས།དེ་གར་བཞུགས་རིང་ལ་བློ་གཏད་ཐུབ་པའི་སྐྱེས་བུ་དག་ལ་གྲོགས་དན་གྱིས་ཕྱག་དཔེ་གཡར་ཏེ་རྗེའི་ལམ་སྔགས།རིམ་ལྔ་དང་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་སོགས་བསྐྱེད་རྫོགས་དུ་མ།ལམ་རིམ་བློ་སྦྱོང་དང་རིག་གནས་སྐོར་སོགས་ལ་གཟིགས་རྟོག་རྒྱུན་མི་ཆད་པར་གནང་བ་དང་འབྲེལ་ཉམས་ལེན་ཀྱང་གནད་སྨིན་མཛད། 

         དགུང་ལོ་ཞེ་གསུམ་པ་ས་ལུག་༼༡༩༧༩༽ལོར་དཀར་འདོན་གནང་སྟེ་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭའི་དགེ་རྒན་དུ་གདན་དྲངས་པ་ལྟར་ཕེབས་ནས་དགེ་སློབ་རྣམས་ལ་སྙན་ངག  སུམ་རྟགས།སྒྲ།ལམ་རིམ་བཅས་ཀྱི་འཆད་ཁྲིད་གནང་བ་དང་འབྲེལ་སྙན་འགྲེལ་《ཚངས་སྲས་བཞད་སྒྲ་》ལྗགས་རྩོམ་གནང་།ལོ་འདིར་རྗེ་རང་གི་མཚན་ཞབས་པ་ཀིརྟིའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བློ་གསལ་རྒྱ་མཚོ་མཆོག་གཙོས་དགོན་པ་དང་ཁ་གྱ་དགོན་པའི་དགེ་རྒན་དུ་མངགས་ཏེ་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་དང་དགེ་ཚུལ་སློང་གི་བསླབ་པ་འབོག་ཏུ་བཅུག་པས་ཡང་དར་བསྟན་པའི་སྒོ་མོ་ཐོག་མར་ཕྱེས།

          དགུང་ལོ་ཞེ་དགུ་བ་ཤིང་གླང་༼༡༩༨༥༽ལོར་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭ་གསར་དུ་བཙུགས་སྐབས་དེར་ཕེབས་ནས་སློབ་སྤྱི་གཞོན་པའི་འགན་བཞེས་ཏེ་མི་རིགས་སློབ་གསོའི་ལས་དོན་ལ་མཛད་བཞེས་གཞན་འགྲན་མེད་པ་བཞག་པས་ཀན་ལྷོའི་མི་རིགས་སློབ་གསོའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་པའི་ངེས་དོན་གྱི་སློབ་གསོ་བ་ཆེན་མོར་གྱུར། 

        དགུང་ལོ་ལྔ་བཅུ་བ་མེ་སྟག་༼༡༩༨༦༽ལོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཕྱག་ཕྱིར་སི་ཁྲོན་དཀར་མཛེས་ཁུལ་དང་།བོད་ལྗོངས་ཆབ་མདོ་ཁུལ།ཡུན་ནན་བདེ་ཆེན་ཁུལ།ཏཱ་ལིས་གྲོང་ཁྱེར(འཇང་ཡུལ)སོགས་ལ་གཟིགས་རྟོག་གནང་བར་ཕེབས།

        དགུང་ལོ་ང་གཅིག་པ་མེ་ཡོས་༼༡༩༨༧༽ལོར་ཀུན་གཟིགས་པཎ་ཆེན་མཆོག་གི་བཀའ་ལྟར་པེ་ཅིན་དུ་ཕེབས་ནས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་གནང་བའི་གྲ་སྒྲིག་ཚོ་ཆུང་གི་གྲས་སུ་སློབ་དེབ་གསར་སྒྲིག་གི་གཙོ་འགན་བཞེས།སྐབས་དེར་པཎ་ཆེན་རིན་པོ་ཆེས་ཁོང་ལ་ནང་བསྟན་སློབ་གྲྭ་འདི་གསར་དུ་བཙུགས་པ་ལ་སློབ་གསོའི་བྱ་བར་ཉམས་མྱོང་ཡོད་པའི་འགོ་འདྲེན་ཞིག་དགོས།ད་ལྟའི་བླ་སྤྲུལ་ནང་ན་དེའི་ཉམས་མྱོང་ཅན་དཀོན།ལྷ་ས་ན་རྒན་པ་འགའ་རེ་བཞུགས་ཀྱང་དགུང་ལོ་སྨིན་པས་པེ་ཅིན་ལ་སླེབས་མི་ཐུབ།ཁྱེད་སློབ་གསོའི་སྡེ་ཁག་ཏུ་ཡོད་པས་ཉམས་མྱོང་ཡོད།པེ་ཅིན་ལ་ཡོང་ནས་ནང་བསྟན་སློབ་གླིང་གི་འགན་འཁུར་དགོས་ཞེས་བཀའ་གསུང་ཕེབས་པ་ལ།ཁོང་གིས་ཀན་ལྷོའི་བོད་རིགས་སློབ་གསོར་ཉམས་ཉེས་འབྱུང་དོགས་ཀྱིས་ཁག་གཞན་ལ་དཀྲིས་ནས་དགོངས་པ་ཞུས།པཎ་ཆེན་རིན་པོ་ཆེས་དགོངས་པ་འཁྲོལ་ཀྱང་ནང་བསྟན་སློབ་གླིང་དུ་ལོ་རེར་དཔེ་ཁྲིད་འཆར་ཅན་རེ་གནང་དགོས་པའི་བཀའ་ཕེབས་པ་དང་དུ་བླངས་ཏེ།༡༩༩༨ལོའི་བར་དུ་སློབ་གླིང་དེར་གྲུབ་མཐའ་དང་འདུལ་བ་སོགས་ཀྱི་སློབ་ཁྲིད་ལོ་རེར་ཟླ་གསུམ་རེར་རྒྱུན་ཆགས་སུ་གནང་།དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན་ཡང་སྐབས་དེར་ཀུན་གཟིགས་མཆོག་གི་བཀའ་ལྟར་སློབ་གླིང་གི་དགོས་མཁོར་བརྩམས།

 དགུང་ལོ་ང་གཉིས་པ་ས་འབྲུག་༼༡༩༨༨༽ལོར་ཁོང་གི་ཐུགས་བཀོད་བཞིན་མདོ་སྨད་གཙོས་མི་ལའི་མཐོང་གྲོལ་ལྷ་ཁང་ཆེན་མོ་བསྐྱར་བཞེངས་ཀྱི་དབུ་བཙུགས་ཏེ་ལོ་ངོ་དྲུག་གི་རིང་རྟེན་དང་བརྟེན་པ་ཡོངས་སུ་གྲུབ་སྟེ་བྱིན་རླབས་ཀྱི་གཏེར་དུ་བསྒྲུབས།༡༩༩༠ལོར་སློབ་དཔོན་ཆེན་མོའི་གོ་འཕང་ལ་མངའ་བརྙེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་སྣོན་ལེན་པའི་སློབ་གསོའི་ཆེད་ལས་པར་བདམས།

        དགུང་ལོ་ང་དྲུག་པ་ཆུ་སྤྲེལ་༼༡༩༩༢༽ལོའི་ཧོར་ཟླ་བརྒྱད་པར་མགར་རྩེ་དགོན་གྲོང་གཉིས་ཀྱིས་གསོལ་བ་ཡང་ཡང་བཏབ་པ་ལྟར་དད་ལྡན་མང་ཚོགས་དྲུག་ཁྲི་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཟབ་མོ་ཕྱག་ལེན་རྒྱས་པའི་ལུགས་སུ་གནང་སྟེ།དབང་གི་དཀྱིལ་འཁོར་ལ་རང་བྱུང་འོད་ཀྱི་ཀ་བ་ཤར་བ་སོགས་ཕྱི་ནང་གི་རྟེན་འབྲེལ་ལ་མངའ་བརྙེས་པའི་རྟགས་མཚན་ངོ་མཚར་བ་བྱུང་།༡༩༩༥ལོར་གཏེར་ལུང་འདུ་ཁང་ཆེན་མོ་བསྐྱར་བཞེངས་མཛད་དེ་ལོ་ལྔའི་ནང་ཕྱི་ནང་གི་བཀོད་པ་ངོ་མཚར་བ་བསྐྲུན། སྔ་རྗེས་སུ་གདན་ས་ཆེན་པོ་གཏེར་ལུང་དང་གཙོས་དགོན་སོགས་སུ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན།འཇིགས་གསང་བདེ་གསུམ་གྱི་དབང་། ལམ་རིམ་དང་བླ་མཆོད། བློ་སྦྱོང་སྣ་ཚོགས་ཀྱི་ཁྲིད།གུར་ཞལ།ལྷ་མོ།སེང་གདོང་མ།འཇམ་དབྱངས་དཀར་པོ།རིག་བྱེད་མ།རྟ་མགྲིན།གདུགས་དཀར་སོགས་ཀྱི་སྤྱི་ཟུར་གྱི་རྗེས་གནང་གི་ཆོས་ཀྱི་ཆར་པ་འདོད་དགུར་སྩལ།གཞན་དོན་གཉེར་ཅན་མང་བོར་ཞང་ཐང་སག་པའི་འཇིགས་བྱེད་བསྐྱེད་རྫོགས།བླ་བྲང་ཨ་ཁུ་རིན་པོ་ཆེའི་ལཱུ་ཨི་བའི་ལུགས་ཀྱི་བདེ་མཆོག་བསྐྱེད་རིམ་གྱི་ཟིན་བྲིས།འདུལ་སྡོམ་སོགས་ཀྱི་བཤད་ཁྲིད་སྔོན་མེད་ལེགས་བཤད་ཀྱིས་བརྒྱན་ཏེ་མཁས་པ་མགུ་བའི་རྒྱན་དུ་མཛད།

        དགུང་ལོ་རེ་བདུན་པ་ཆུ་ལུག་༼༢༠༠༣༽ལོའི་ཧོར་ཟླ་བརྒྱད་པ་ནས་རོང་བོ་དགོན་ཆེན་གྱི་རྒྱུད་པའི་འདུ་ཁང་ནས་ཕྱོགས་འདུས་ཀྱི་བླ་སྤྲུལ་སེར་སྐྱ་ཁྲི་ཕྲག་བརྒལ་བར་གྲུབ་ཆེན་ཨ་བྷྱ་ཀ་རའི་ཐུགས་བཅུད།ཕྲེང་ཀྲྀ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་བསྐུར་ཟབ་མོ་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་སྩལ།གཞན་ཡང་མགར་རྩེ་དགོན།ཁ་སྟོད་དགོན།མཛོད་དགེ་སྒར་རྙིང་དགོན།རུ་ངར་དགོན།ཅོ་ནེ་དགོན་ཆེན།སྨན་ལུང་དགོན།ཤིས་ཚང་དགོན་གསར།སྟོད་མ།ཤོ་བ།ཁང་ཐོག་དགོན་གསུམ།རྡོ་དཀར་དགོན། སྟག་ཚང་དཔལ་ལྷའི་ཀིརྟི་དགོན།སོག་ཚང་དགོན།ཆོས་རྫོང་དགོན་གསར་རྙིང་གཉིས་སོགས་དགོན་སྒྲུབ་སྡེ་རི་ཁྲོད་བརྒྱ་ཕྲག་ཉེ་བར་དབང་ལུང་མན་ངག་གི་ཆོས་ཆར་ཕངས་མེད་དུ་སྩལ། 

      དགུང་ལོ་དོན་གཅིག་པ་མེ་ཕག་༼༢༠༠༧༽ལོོར་གཙོས་དགའ་ལྡན་ཆོས་གླིང་དུ་ཁ་གྱ།གཏེར་ལུང་སོགས་ནས་ཕེབས་པའི་དགེ་འདུན་པ་ལྔ་བརྒྱ་ལྷག་ལ་ཁོང་རང་ཉིད་ཀྱིས་མཛད་པའི་དཔལ་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་བཞག་འཇམ་མགོན་བསྟན་པའི་མཛེས་རྒྱན་གྱི་གཟབ་ཁྲིད་སྨིན་རྒྱས་སུ་སྩལ།གདན་ས་འདིར་སྔ་ཕྱིར་འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་མཁས་གྲུབ་དུ་མའི་གསུང་འབུམ་གྱི་ལུང་།མན་ངག་རིན་སྤུངས།དཔེ་ཆོས་རིན་སྤུངས།གཏམ་རྒྱུད་རིན་ཆེན་ཕྲེང་མཛེས་ཏེ་རིན་ཆེན་རྣམ་གསུམ།ལམ་རིམ་ཐར་རྒྱན།བློ་སྦྱོང་དོན་བདུན་མ།ཨང་ཡིག་བདུན་ཅུ་བ་སོགས་བློ་སྦྱོང་བརྒྱ་རྩར་གྲགས་པའི་ལུང་།བ་སོའི་ལྟ་ཁྲིད།ཚེམ་བུའི་དམར་ཁྲིད།དམར་བོ་སྐོར་གསུམ་སོགས་དབང་རྗེས་ལུང་གསུམ་གྱི་ཟབ་རྒྱས་ཆོས་ཀྱི་ཆར་བ་འཛད་མེད་དུ་ཕབ།

       དགུང་ལོ་དོན་བདུན་པ་ཆུ་སྦྲུལ་༼༢༠༡༣༽ལོར་སི་ཁྲོན་སོག་ཚང་དགོན་དུ་དད་ལྡན་འབུམ་ཕྲག་བཞིར་ཉེ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཉིན་བཞི་མའི་ལུགས་སུ་རྒྱས་པར་གནང་།

        དགུང་ལོ་དོན་བརྒྱད་པ་ཤིང་རྟ་༼༢༠༡༤༽ལོར་གདན་ས་དགའ་ལྡན་ཆོས་གླིང་དུ་འཕོ་མེད་བདེ་བ་མཆོག་གི་རང་བཞིན་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དཔལ་དུས་ཀྱི་འཁོར་ལོའི་སྐུར་མངོན་པར་བཞེངས་ཏེ། ཕྱོགས་འདུས་ཀྱི་སེར་སྐྱ་སུམ་འབུམ་ལྷག་ལ་དུས་དབང་ཆེན་མོ་ཐེངས་བཞི་བ་སྩལ་བས་སྐྱེ་དགུ་ཐམས་ཅད་རྫོགས་ལྡན་དང་བོའི་དཔལ་ལ་བཀོད།

       དགུང་ལོ་དོན་དགུ་བ་ཤིང་ལུག་༼༢༠༡༥༽ལོར་རོང་བོ་དགོན་ཆེན་དང་བིས་མདོ་ཟབ་མོ་སོགས་སུ་སྔར་གྱི་བཀའ་ཆོས་ཀྱི་རྒྱུན་གནང་འཕྲོས་སུ་མཛད་ཡོད་པ་དག་གི་འཕྲོ་མཐུད་དེ་མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད།  

        དགུང་ལོ་བརྒྱད་ཅུ་བ་མེ་སྤྲེལ་༼༢༠༡༦༽ལོའི་གནམ་ལོ་གསར་ཚེས་ལ་༧བསེ་རྡོ་རྗེ་འཆང་ཉིད་ཀྱིས་དགུང་གྲངས་བརྒྱད་ཅུ་བཞེས་པའི་རྟེན་འབྲེལ་དུ་གདན་ས་གཙོས་དགའ་ལྡན་ཆོས་གླིང་དང་གཏེར་ལུང་གཉིས་ཀྱིས་གཙོས་མཛོད་དགེ་སྒར་རྙིང་།མགར་རྩེ་དགོན།ཁ་གྱ་སྟོད། སེངྒེ་གཤོང་།སྐ་སར།རུ་ངར་དགོན།རོང་བོ་དགོན་ཆེན།རེབ་གོང་རི་ཁྲོད་སོགས་ཀྱིས་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་སྔོན་སོང་སྒོས་ཚེས་གཅིག་ནས་ཚེས་གསུམ་གྱི་བར་དུས་གཏན་བཞིན་ཁོང་རིན་པོ་ཆེར་ཚེ་བུམ་ཕུལ་ཏེ།བརྟན་བཞུགས་དང་གསོལ་འདེབས་ཀྱི་མཆོད་པ་ཀུན་ཏུ་བཟང་བོའི་རོལ་བར་འགྲན་བཟོད་པས་སྐུ་འཚོ་ཡུན་བཞུགས་ཀྱི་ཞལ་བཞེས་མནྡ་རའི་གསུང་གི་མེ་ཏོག་བུ་སློབ་ཀུན་གྱི་དད་གསུམ་སྤྱི་བོ་མཛེས་པའི་རྒྱན་དུ་མངོན་པར་སྩལ་བའི་ངང་འཕྲིན་ལས་མི་ཟད་པ་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡངས་པོར་འབྱེད་བཞིན་པ་འདི་ལགས་སོ།། 

         ཞེས་སྐྱབས་མཆོག་༧བསེ་རྡོ་རྗེ་འཆང་མཆོག་གི་མཛད་རྣམ་རགས་བསྡུས་འདི་ནི་༧ཡབ་རྗེ་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བར་ཤིས་ཚིག་བརྩམས་ཆོས་སྤེལ་པའི་སྤྱིའི་མཚམས་སྦྱར་གྱི་ཚུལ་དུ་སྔར་བྲིས་པའི་རྣམ་ཐར་དཔག་བསམ་ངག་གི་སྙེ་མ་ལས་ཉུང་ངུར་བསྡུས་ཏེ་སླར་ཡང་བཀོད་པ་བོ་ནི་མགོན་པོ་གང་གི་བཀའ་དྲིན་དང་ཐུགས་རྗེ་ཁོ་ནས་ཉེ་བར་འཚོ་བའི་འདུ་གསུམ་པ་གཙོས་ཤེས་རབ་རྒྱ་མཚོ་ཞེས་བྱ་བས་གདན་ས་ཆེན་པོ་གཙོས་དགའ་ལྡན་ཆོས་གླིང་དུ་བྲིས་པའོ།།  

༢༠༡༦/༢/༡༡   དགེ་གྱུར་ཅིག

བསེ་ཚང་གི་གསུང་རྩོམ་དང་ལས་གནས་ངོ་སྤྲོད།   

༡༼གསུང་རྩོམ།༽

      སྔ་ཕྱིར་མཛད་པའི་གསུང་རྩོམ་ལ་《ཚངས་སྲས་བཞད་པའི་སྒྲ་དབྱངས།》《དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན།》《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན།》《སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་རྣམ་ཐར།》《དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།》《མགར་རྩེ་དགོན་པའི་གདན་རབས་དང་བཅས་འཇམ་དབྱངས་མཐོང་གྲོལ་ཆེན་མོའི་དཀར་ཆག》《རེབ་གོང་སྐྱབས་མགོན་བདུན་པའི་རྟོགས་བརྗོད།》《གཏེར་ལུང་དགོན་པའི་བཅའ་ཡིག》《གཙོས་དགའ་ལྡན་ཆོས་གླིང་གི་གདན་རབས་》《ལམ་རིམ་ཤར་སྒོམ་བྱེད་ཚུལ།》《གུར་གྱི་བསྙེན་ཡིག》《དབྱངས་ཅན་མའི་སྒྲུབ་ཐབས།》《རྡོ་རྗེ་སེམས་དཔའི་བསྙེན་ཡིག》《ལྷ་མོ་རིག་བྱེད་མའི་ཚོགས་འཁོར་》སོགས་དངོས་སུ་པར་ཏུ་བསྐྲུན་པ་དེབ་དགུ་དང་།མ་བསྐྲུན་པ་གཅིག་བཅས་དེབ་བཅུ་མཛད།དེ་དག་ལས་《ཚངས་སྲས་བཞད་སྒྲ》ལ་སྐབས་བཞི་བའི་བྱང་ཁུལ་གྱི་ཞིང་གྲོང་རང་སྐྱོང་ལྗོངས་བཅོ་ལྔའི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ་དང་།ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་སྐོར་གྱི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ།ཀན་སུའུ་ཞིང་ཆེན་སློབ་གྲྭ་ཆེན་མོའི་ཁྱད་འཕགས་བསླབ་དེབ་ཀྱི་བྱ་དགའ་རྣམས་རིམ་པར་ཐོབ།

༢༼ལས་གནས།༽

      ཀན་སུའུ་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་སློབ་སྤྱི་གཞོན་པ།སློབ་གླིང་དེ་གའི་སློབ་དཔོན་ཆེན་མོ།སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ།ཀན་ལྷོའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ།ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ།ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་སྤྱི་གཞོན་པ།ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་བཅས་སོ།།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ་སེར་སྐོར་འཇམ་ཚེ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-03-21 ལྟ་ཀློག (6862)