གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སའི་གོ་ལའི་ཆུ་ཚོད་གཅིག་ཅེས་པའི་གོ་ལ་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་བ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སའི་གོ་ལའི་ཆུ་ཚོད་གཅིག་ཅེས་པའི་གོ་ལ་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་བ། 

    དེ་རིང་ངེད་སློབ་གླིང་གིས་འཛམ་གླིང་ཡོངས་ཀྱི་གཏན་འཁེལ་ལྟར་"སའི་གོ་ལའི་ཆུ་ཚོད་གཅིག་"ཅེས་པའི་བྱ་འགུལ་སྤེལ། དེ་ཡང་རྒྱལ་སྤྱིའི་སྟེང་གཏན་འཁེལ་ལྟར་ད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་དགུའི་ཉིན་འཛམ་བུ་གླིང་གི་རྒྱལ་ཁབ་སོ་སོ་ན་དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་དགུ་དང་ཕྱེད་ཀའི་བར་གློག་གཟིམས་ཏེ་གྲོན་ཆུང་བྱེད་པའི་བྱ་འགུལ་སྤེལ་གྱིན་ཡོད་པ་བཞིན་ངེད་སློབ་གླིང་གིས་ཀྱང་སློབ་མ་རྣམས་ལ་ས་སྒང་སྲུང་སྐྱོབ་དང་ཐོན་ཁུངས་གྲོན་ཆུང་གི་གོམས་གཤིས་གསོ་སྐྱོང་བྱ་ཕྱིར་དགོང་མོའི་ཆུ་ཚོད་8:30--9:30བར་སློབ་གླིང་ཡོངས་ཀྱི་གློག་གཟིམས་ཏེ་གླིང་སྟོད་སྨད་གཉིས་སུ་ཞག་སྒྲོན་སྦར་ཏེ་ས་སྒང་སྲུང་སྐྱོབ་ཀྱི་ནང་དོན་མཚོན་པའི་བྱ་འགུལ་སྣ་ཚོགས་སྤེལ། 

    བྱ་འགུལ་མཇུག་བསྡུ་ལ་ཉེ་སྐབས་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་གསུང་རྒྱུར། འདི་ནི་དྲན་སྐུལ་ཙམ་ཡིན། ཆུ་ཚོད་གཅིག་ལ་གློག་གྲོན་ཆུང་བྱས་པ་དེས་ཐོན་ཁུངས་འབོར་ཆེན་ཞིག་གྲོན་ཆུང་བྱ་ཐུབ་མེད་མོད། འོན་ཀྱང་འདིས་མཚོན་ཏེ་དེ་རིང་ནས་བཟུང་རང་བྱུང་ལ་གཅེས་སྤྲས་དང་ཐོན་རྫས་བཀོལ་ཤེས་བྱེད་པ། ཐོན་ཁུངས་ལ་གྲོན་ཆུང་དང་ཁོར་ཡུག་གཙང་སྦྲ་བྱེད་པ་སོགས། མདོར་ན་དེང་དུས་ཀྱི་"སྔོ་མདོག་གི་འཚོ་བ་"ཞེས་པའི་གོ་དོན་བཞིན་ནམ་མཁའ་སྔོ་ཞིང་མཁའ་དབུགས་གཙང་བའི་འཚོ་བ་ཞིག་རོལ་བར་འབད་པ་བྱེད་དགོས། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་མཛུབ་སྟོན་དང་མཐུན་ལ། སྐྱེ་འགྲོ་སེམས་ཅན་གྱི་དགོས་མཁོ་དང་འཚམ་པ་ཞིག་སྟེ། གལ་ཏེ་སའི་གོ་ལ་འདི་ལ་གནོད་པ་ཐེབས་ན་ང་ཚོ་མིའི་རིགས་ལའང་དོན་གྱིས་གནོད་པ་ཚབས་ཆེན་ཐེབས་སྲིད་པ་སྨོས་མེད་ཡིན་པས། ཚང་མས་རང་ཉིད་ཀྱི་ཆེད་དུ་ཁོར་ཡུག་ལ་བདག་སྐྱོང་བྱེད་དགོས། ལྷག་པར་དུ་དེ་རིང་ནས་མི་རྣམས་ཀྱིས་རང་རང་གིས་ལག་ཕྱིས་བཟུང་སྟེ་གཙང་ཤོག་བེད་སྤྱོད་ཇེ་ཉུང་དང་། རང་གི་ཇ་ཕོར་བཟུང་སྟེ་ཤོག་ཕོར་གྲོན་ཆུང་བྱེད་པ་སོགས་རང་གི་འཚོ་བའི་ཁྲོད་གོམས་གཤིས་ཡག་པོ་ཆགས་སུ་འཇུག་དགོས། ཞེས་སོགས་གསུངས།  

    སའི་གོ་ལའི་ཆུ་ཚོད་གཅིག་ཅེས་པའི་བྱ་འགུལ་འདི་ནི་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་2007ལོར་རེ་བ་བཏོན་པ་ལྟར་འཛམ་བུ་གླིང་གི་ཡུལ་གྲུ་སོ་སོ་ནས་ལོ་རེའི་སྤྱི་ཟླ་གསུམ་པའི་ནང་གི་ཆེས་མཇུག་མཐའི་གཟའ་སྤེན་པའི་ཉིན་མོ་དེ་གཏན་འཁེལ་གྱིས་གློག་གཟིམ་པའི་བྱ་འགུལ་སྤེལ། 2008ལོ་ནས་འཛམ་གླིང་གང་སར་དེ་ལ་དགའ་བསུ་བྱས་ཤིང་སྔ་ཕྱིར་རྒྱལ་ཁབ་80དང་གྲོང་ཁྱེར་1000ལྷག་བྱ་འགུལ་ལ་ཞུགས། 2013ལོ་ནས་ཀྲུང་གོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་127ལྷག་གིས་གློག་གཟིམ་པའི་བྱ་འགུལ་སྤེལ། ད་ལོར་3པའི་19ཉིན་སྤེལ་བར་གཏན་འཁེལ་བྱས། 

     བྱ་འགུལ་འདི་ལ་མི་སྒེར་དང་སྤྱི་ཚོགས། སྲིད་གཞུང་དང་ཚོང་ལས་སྡེ་ཁག་སོགས་འཛམ་བུ་གླིང་གི་ཚོགས་ཁག་ཚང་མ་མཉམ་ཞུགས་བྱེད་བཞིན་ཡོད་ལ། དམིགས་ཡུལ་དངོས་ནི་གློག་གྲོན་ཆུང་བྱེད་པ་ཙམ་མ་ཡིན་པར། མཁའ་དབུགས་འབག་བཙོག་དང་། ཁོར་ཡུག་ཉེན་ཁ་ཅན་དུ་འགྱུར་བཞིན་པ་ཀུན་ལ་ཤེས་སུ་འཇུག་རྒྱུ་དང་། ནུས་ཁུངས་དང་ཐོན་ཁུངས་གྲོན་ཆུང་བྱེད་པར་འབོད་བསྐུལ་གཏོང་རྒྱུ་དེ་ཡིན་ནོ།།

སློབ་མ་རྣམས་ཀྱིས་བྱ་འགུལ་ལ་གྲ་སྒྲིག་བྱེད་བཞིན་པ། 

སློབ་དཔོན་རྣམ་པས་བྱ་འགུལ་ལ་དངོས་སུ་དབུ་འབྱེད་མཛད་བཞིན་པ། 


འཛིན་གྲྭ་སོ་སོའི་སློབ་མ་རྣམས་ཀྱིས་དཀར་མེ་སྒྲོན་ནས་བྱ་འགུལ་ལ་ཞུགས་བཞིན་པ། 


བརྩེ་སེམས་དང་ཞི་འཇམ་གྱིས་ཁྱབ་པའི་སའི་གོ་ལའི་ཆུ་ཚོད་གཅིག་ཅེས་པའི་མཚན་ལྗོངས། 


མ་ཡུམ་གོ་ལར་སེམས་ཀྱིས་བཀའ་དྲིན་ཞུ་བ། 


དགེ་སློབ་ཡོངས་ཀྱིས་གློག་སྒྲོན་གཟིམས་ནས་མ་ཡུམ་གོ་ལར་གདུང་སེམས་མཉམ་སྐྱེད་གནང་བཞིན་པ། 

གསར་འགོད་པ།  གྱི་ལིང་འཇིགས་མེད།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-03-19 ལྟ་ཀློག (4727)