ཁཱ་ཤེར་གྱི་རང་མོས་སྙན་ངག་ཁ་ཤས།


  ཁཱ་ཤེས་རབ་རྒྱ་མཚོ། 


ལྡེའུ་མིག

ལྡེའུ་མིག་སྒོ་འགོར་བཏགས་པ་དེ

རླུང་གིས་བསྒུལ་ནས་དཔྱང་དཔྱང་ཁྲུལ་ཁྲུལ་བྱེད

ལྡེའུ་མིག་སྒོ་འགོར་བཏགས་པ་དེས
ང་ལ་འདང་མི་དཔོག་པའི་ཚོར་བ་སྣེ་འཛིང་ཞིག་སྐྱེ་རུ་བཅུག་ལ
ཏག་ཏག་མཚན་ལམ་དེར་འཁྲལ་ལེ་འཁྲུལ་ལེ་བུད་སོང
                                 2016/3/11ཉིན་རྔ་བར།

 

འཚོལ


ཕ་ཡུལ་དུ་ལོག་ཐེངས་འདིར
སེམས་པའི་ཟབ་ས་ཞིག་དང  དུངས་པའི་ཉེ་ས་ཞིག་ནས
དྲོ་འཇམ་ཉི་འོད་འཁྱིལ་བའི་ཁང་མིག་གྲུ་བཞི
འཇམ་ཅག་གེར་ལུས་པ་མཐོང་བས

ཨ་སྔོན་ནམ་མཁའ་སྟོང་བ
དོག་མོ་ས་གཞི་སྟོང་བ

གཞི་ནས་བོར་བ་བཞིན   དངན་པ་འཐེན་ཞོར
དངངས་འཚུབ་ལངས་པ་དེས་
ཁ་པར་ནང་གི་པར་རིས་ལ་སེམས་པ་གླན་ནས
ཟླ་གསུམ་པ་ཇི་འདྲའི་གྲང་ངར་ཆེ་ཡང
ང་རང་སྒོ་འགྲམ་ནས་ཡུན་རིང་ཧད་སོང་བ
ལྐོག་ལྟ་རྒྱག་མཁན་གྱི་སྐར་མའི་ཚོགས་ལས
ང་རིག་མཁན་མེད་ཀྱང

སྤྱི་བའི་དོན་དེ་བསམས་ན
མི་ཚེའི་འདུན་མ་དེར་གཞིག་ན

འཇིག་རྟེན་འདིར
བཙལ་ན་རྙེད་ཆོག་ཅིང   
རྙེད་ན་རིན་ཐང་ལྡན་པའི
སྤྱད་ན་མི་ངོམས་པའི
མཛེས་སྡུག་དང་ལང་ཚོའི་ལོངས་སྤྱོད་དེ་དག
རེ་རེ་ནས་རྒས་ཤིང   རེ་རེ་ནས་འཛད་ཀྱིན

འཚོལ

དགོས་པའི་བདེ་སྐྱིད་རྟག་བརྟན་ཅིག་གང་ན་ཡོད


ང་ཚོ་ཚང་མ་གཅིག་ཡིན
ཤ་དང་ཁྲག་གིས་གྲུབ་པ་ཡིན་ཙང
དཀའ་སྡུག་ལྟེབ་ནས་རུམ་དུ་བཅུག་ཆོག་ཀྱང
ཁྱེད་རང་གློ་བུར་དུ 
གར་སོང་ཆ་མེད་མ་གནངས

                              2015/3/12ཉིན་རྔ་བར།


འཁོར་བ

དེ་རིང་ཡར་དེད་ན    
ཁ་སང་ནི་གློག་འགྱུ་བཞིན
སེམས་པའི་ཨ་ལོང་ལ་བརྒྱུས་ཤིང
དུང་བའི་འཇུ་ཐགས་ལ་འཐམས

ཞོགས་པར་གོག་ནས་འགྱེལ་ཞོར
རི་བོའི་སྒང་དང   རྒྱ་མཚོའི་འཇིངས་སུ
སེམས་པ་རླུང་ལ་ཞོན

འཁོར་བ
རྨི་ལམ་བཞིན་རྨིས་མི་ཚར་བའི
ཟློས་གར་གྱི་འཁྲབ་གཞུང་རིང་མོ་ཞིག

ཅིའི་ཕྱིར
ཁྱོད་འདི་ལྟར་ང་ཚོ་དང་གྱེས་པ་ཡིན
འཁྱགས་དུས་ཉི་མར་བསྲོས་པས་དྲོ་ཐིང་ཐིང་བྱས་ཆོག་ཀྱང
                                            2016/3/13ཉིན་རྔ་བར།


ལས་དབང


གནམ་རྒན་མ
ཉམ་ཆུང་གི་ལས་དབང་ལ
ཀུ་ཡངས་ཤིག་གཏོང་རོགས

ལས་དབང
མཚོ་ངོགས་ཀྱི་ཀོ་གྲུ་ཆུང་ཆུང་བཞིན
ཐག་རིང་ན་རྦ་རླབས་འགུལ་བའི་རི་མོ་བཞིན
གཅིག་རྗེས་གཉིས་མཐུད་ཀྱི་གཉེར་མ་བཞིན

ལས་དབང
བཟུང་དུ་མེད་ཅིང་རྣམ་པར་བཀྲ་བའི་འཇའ་ཚོན་ཡིན
                                  2016/3/14ཉིན་རྔ་བར།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-03-14 ལྟ་ཀློག (6590)