བོད་ཀྱི་རྡུང་ལེན་པ་བདུད་བྷེ་ལགས་རྗེས་དྲན་རྩོམ་ཡིག

བོད་མི་རིགས་ཀྱིས་ནམ་ཡང་བརྗེད་དུ་མེད་པའི་དབྱངས་ཀྱི་རྡོ་རིང་།

     སྤྱི་ལོ་༢༠༡༦ལོའི་ཟླ་༢པའི་ཚེས་༢༧ཉིན་ནི་ང་ཚོས་དུས་ནམ་ཡང་བརྗེད་པར་མི་འོས་ཏེ་དེ་ནི་བོད་ཀྱི་རྡུང་ལེན་སྒྱུ་རྩལ་བ་ཆེན་མོ་གངས་ལྗོངས་ཁུ་བྱུག་སྔོན་མོ་མཆོག་དགོངས་པ་རྫོགས་པའི་ཉིན་མོ་ཡིན། དེ་ནི་བོད་གངས་རིའི་ལྗོངས་ཀྱི་ཁེར་རྐྱང་གི་གཞས་པ་དམ་པ་ཁྲོ་ཁོའི་བདུད་འདུལ་རྡོ་རྗེ་མཆོག་མི་ཡུལ་འདི་དང་གཏན་དུ་བྲལ་བའི་ཉིན་མོ་ཡིན། དེ་ནི་བོད་གངས་ཅན་གྱི་གླུ་གར་རིག་གནས་ལ་བསམ་དུ་མེད་པའི་གྱོང་གུད་ཐེབས་པའི་ཉིན་མོ་ཡིན།

  ད་ནས་བཟུང་ཉི་མ་འདི་སླེབས་དུས་ང་ཚོས་ཅི་ཞིག་བྱའམ། ང་ཚོས་ཇི་ལྟར་བྱས་ཏེ་ཁོང་གིས་བོད་མི་རིགས་ཀྱི་སྣོད་བཅུད་ཡོད་ཚད་ལ་བཅངས་པའི་ལྷག་བསམ་དང་རེ་བ། བརྩེ་སེམས་དང་དད་མོས་སོགས་དྲན་པར་བྱ་འོས། འདི་ནི་བོད་མི་ཡོད་ཚད་དང་ལྷག་ཏུ་བོད་ཀྱིགཞས་པ་གཞས་མ་རྣམས་ཀྱིས་བསམ་བློ་གཏང་དགོས་པའི་གནས་ཤིག་གོ །
  གཤམ་དུ་ངེད་ཀྱི་དྲ་བས་ཁོང་ཉིད་ཀྱིས་བོད་ཀྱི་གླུ་གར་རིག་གནས་ལ་བཞག་པའི་བྱས་རྗེས་རྗེས་སུ་དྲན་ཕྱིར་རྩོམ་ལུས་མི་འདྲ་བ་གསུམ་གྱི་ལམ་ནས་བྲིས་པའི་མྱ་ངན་ཞུ་ཚིག་ཙམ་གསུམ་དགོད་པར་བྱའོ། །

 བོད་ཀྱི་རྡུང་ལེན་སྒྱུ་རྩལ་དང་བདུད་བྷེ་གླེང་ཚུལ། 

              གྱི་ལིང་འཇིགས་མེད།

 ད་ལྟ་བདུད་བྷེ་ཞེས་གླེང་ན་དེ་ནི་རྡུང་ལེན་སྒྱུ་རྩལ་དང་ཐད་ཀར་འབྲེལ་བ་ཟབ་པའི་བརྡ་ཆད་ཅིག་ཏུ་གྱུར་ཡོད། དེ་བས་ང་ཚོས་སྒྱུ་རྩལ་མི་སྣ་འདིས་ཚེའི་འདུ་བྱེད་བཏང་བ་ནི་རྡུང་ལེན་སྒྱུ་རྩལ་གྱི་ངོས་ནས་གྱོང་གུད་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་དུ་གྱུར་ཡོད་ལ། དུས་མཚུངས་སུ་༼曼陀林༽རྨ་ཐུང་ལེན་༼འདི་ནི་ངས་བབ་ཅོལ་དུ་སྒྲ་སྒྱུར་བྱས་པ་ཡིན།༽རོལ་ཆས་དང་བོད་ཀྱི་རོལ་ཆས་རིག་གནས་བར་གྱི་འབྲེལ་བའི་གནད་དོན་ལའང་བསམ་བློ་ཞིག་མི་གཏོང་ག་མེད་ཡིན།    

 མང་བོ་ཞིག་གི་སེམས་སུ་ང་ཚོའི་བོད་ཀྱི་རྡུང་ལེན་རོལ་ཆས་ནི་ངེས་པར་དུ་མངའ་རིས་སྒྲ་སྙན་ཡིན་འོས་ལ་རྨ་ཐུང་ལེན་ནི་མི་རིགས་གཞན་གྱི་རོལ་ཆས་ཡིན་པས་མི་ལེགས་ཟེར་ཞིང་། མདོ་སྨད་ནས་རྡུང་ལེན་འགྲན་ཚོགས་འགའི་སྐབས་སུའང་རོལ་ཆས་ཀྱི་ཐད་ནས་ངེས་པར་དུ་མངའ་རིས་སྒྲ་སྙན་འཛིན་དགོས་པའི་ཆ་རྐྱེན་འདོན་གྱིན་འདུག 

 ཆ་རྐྱེན་འདི་ནི་ཅུང་ཚད་ལས་བརྒལ་བ་ཞིག་དང་། རྡུང་ལེན་པ་གྲགས་ཅན་བདུད་བྷེ་ལགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ལ་དང་ལེན་མི་བྱེད་པའི་རྣམ་འགྱུར་སྟོན་སྟངས་ཤིག་རེད། དེ་བས་བདུད་བྷེའི་རྡུང་ལེན་སྒྱུ་རྩལ་གྱི་ཆ་ནས་འདས་པོ་ཁོང་ལ་རྗེས་དྲན་དང་མྱ་ངན་ཞུ་ན་ངེས་པར་དུ་ཁོང་གི་རོལ་ཆས་འདི་གནད་དོན་གཙོ་བོ་ཞིག་ཏུ་བཟུང་ནས་གླེང་འོས་པར་སྙམ།     

 དེ་ནས་བདུད་བྷེའི་དབྱངས་རྟ་དང་དེ་ལ་འདྲེས་པའི་བརྩེ་དུང་གླེང་འོས་ལ། དེ་ནི་ཕྱི་རབས་རྡུང་ལེན་པ་དག་གི་སློབ་དེབ་ཏུ་གྲུབ་ཡོད།   ཁོང་གི་སྐད་ངག་དང་གདངས། འགྱུར་ཁུགས་སོགས་ཀྱིས་ཁོང་གི་རྡུང་ལེན་སྒྱུ་རྩལ་གྲུབ་པ་ཡིན་པས་སློབ་སྦྱོང་དང་ཞིབ་འཇུག་གི་གནས་སུ་གྲུབ་ཡོད་ལ། ཁོང་གི་རིན་ཐང་མཚོན་པའི་ཤུལ་བཞག་ཏུའང་གྱུར་ཡོད།    

  དེ་བས་བདུད་བྷེ་དང་བོད་ཀྱི་རྡུང་ལེན་སྒྱུ་རྩལ་གཉིས་ལས་ཐུག་ལམ་ཐུག་གི་ལམ་འགྲོ་བ་ཙམ་གྱི་ཚད་ནས་མ་བཞག་པར་བདུད་བྷེས་རང་གི་གྲུབ་འབྲས་ཀྱི་ཆེད་དུ་ཅི་ཞིག་བློས་བཏང་བ་སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟིན་ཐོར་བཀོད་དེ། སྒྱུ་རྩལ་གྱི་ལམ་བུ་འདི་སྔར་ལས་ཇེ་ལེགས་སུ་གཏོང་ཐུབ་ན་བདུད་བྷེ་ནི་ཤི་ཡང་གསོན་པ་ལས་ལྷག་པའི་མཛད་རྗེས་མི་ཡུལ་དུ་མངོན་པ་རེད། 

 དེ་མ་གཏོགས་མང་བོ་ཞིག་གིས་དྲ་ལམ་ནས་སྙན་ངག་རེ་འབྲི་བའམ། ཁོང་གི་འདྲ་པར་འགོད་པ། ད་དུང་ཁོང་གི་རྡུང་ལེན་རེ་དྲ་ལམ་དུ་བཀོད་པ་ཙམ་གྱིས་གནས་སྐབས་ཀྱི་སེམས་ཚོར་ཙམ་མཚོན་པ་ལས་ཁོང་གི་མཛད་རྗེས་གསལ་དུ་གཏོང་མི་ཐུབ་ལ། རིན་ཐང་ནི་དེ་བས་ཀྱང་བསྔོག་མི་ཐུབ་པས། ཁོང་ལ་ཆ་རྒྱུས་ཡོད་པ་དང་། རྡུང་ལེན་སྒྱུ་རྩལ་ལ་འདྲིས་ཆ་ཡོད་པའི་རྡུང་ལེན་པ་དང་ཆེད་ལས་མཁས་པ་ཚང་མས་ཕན་ཚུན་མཉམ་འབྲེལ་གྱིས་བདུད་བྷེ་དང་བོད་ཀྱི་རྡུང་ལེན་སྒྱུ་རྩལ་བར་རྡོ་རིང་གསར་བ་ཞིག་འཛུགས་པར་རེ་འབོད་ཞུས་པ་ཡིན།༼འོན་ཀྱང་ཉིན་འདི་དག་ལ་འདས་པོའི་རྗེས་སུ་དགེ་རྩ་བསྒྲུབས་ཤིང་བསྔོ་སྨོན་རེ་བྱེད་ཐུབ་ན་དེའང་མི་རིགས་འདིའི་གོམས་སྲོལ་ཡིན་ལ་འདས་པོར་ཡང་དེ་ལས་ལྷག་པའི་ཕན་པ་གཞན་མེད་པར་ཧ་ཅང་ལེགས་པར་སྙམ།༽    

 སྤྱིར་དེ་རིང་གྲོགས་ལྷོ་ཉི་གཞོན་ལགས་ཀྱིས་གུས་པ་ཚོགས་པ་འདིར་ཆེད་དུ་བོས་ཏེ་སྐད་ཆ་རེ་བཤད་དགོས་ཟེར་མོད། འོན་ཀྱང་དངོས་གནས་བྲེལ་བ་ཆེ་ཞིང་སྐད་ཆ་བཤད་པར་སྟབས་མི་བདེ་བས་འདི་ལྟར་རང་གི་དྲན་ཚུལ་འགའ་ཡི་གེར་བྲིས་ཏེ་ཕུལ་བ་ལགས།   

                             ཞེས་ཆུང་དུས་ནས་བདུད་བྷེའི་གླུ་སྐད་ཀྱི་ཁྲོད་ནས་ནར་སོན་པ་གྱི་ལིང་འཇིགས་མེད་ཀྱིས་གནའ་བོའི་གྱི་ཐང་མཁར་ནས་འཕྲལ་དུ་བྲིས།
                                                                                                                         2016-3-2ཉིན་གུང་།

 

སེམས་པ་ངུས་པའི་དབྱངས།              

                            ———རྡུང་ལེན་མཁན་པོ་བདུད་པེ་ལ་མྱ་ངན་ཞུ།                                     

         —རྒོ•ཚེ་རིང་སྐྱབས།

ཉེ་སྔོན་ཞིག་ལ་ཚུར་དགའ་ཡིན་པ་ཐོས། །

མདང་ནུབ་གློ་བུར་གཅིག་པུར་བཞུད་པ་གོ །

བདེན་ནམ་བདེན་ནམ་གཏམ་ངན་འདི་བདེན་ནམ། །

ཤེས་བཞིན་ལྡོག་འདྲི་འདི་ཡིས་རང་སེམས་གསོས། །

 

གནམ་ས་ཕྱེས་པའི་ངག་གི་རྡོ་རིང་ཞིག།།

ཉི་ཟླ་ཁུར་བའི་དབྱངས་ཀྱི་གཤོག་པ་ཞིག།།

སྣོད་བཅུད་སྒུལ་བའི་གླུ་ཡི་རྣལ་འབྱོར་བ། །

བཞུད་པ་སྔ་སོང་བརྩེ་ལྡན་གངས་ཀྱི་བུ། །

 

ཆུང་ནས་འདྲིས་ཤིང་གོམས་པའི་གླུ་སྐད་ཅིག།།

ཚེ་གང་སུན་པ་མེད་པའི་གླུ་སྐད་ཅིག།།

འུ་ཚོའི་རྩེད་ར་རྩེད་རྡོ་དྲན་བྱེད་དང་། །

སྐྱིད་སྡུག་ལོ་ཟླར་དྲན་ཤིང་འཇོག་བྱེད་ཡིན། །

 

བདག་གི་འཚོ་བ་ཁྱེད་ཀྱི་གླུ་སྐད་ཡིན། །

ཁྱེད་ཀྱི་གླུ་སྐད་བདག་གི་འཚོ་བ་ཡིན། །

བདག་ནི་ཁྱེད་ཀྱི་གླུ་ལ་དགའ་བ་དེ། །

མཛད་པ་མཐའ་དང་བྲལ་བའི་ལོངས་སྤྱོད་ཡིན། །

 

ངག་གི་དཔལ་ལ་ཉི་ཟླ་སྐར་གསུམ་ཤར། །

དབྱངས་ཀྱི་བཅུད་ལ་རི་ཆུ་ནགས་གསུམ་འཁོར། །

མི་གཤིས་གཡང་ལ་མར་རྩམ་འོ་དྲི་ཆགས། །

ཁྱེད་རང་བཞུད་པས་གངས་རི་ཁེར་རྐྱང་ཡིན། །

 

སྐད་ངག་གང་དེས་ང་ཚོ་བཀྱགས་ནས་ཡོད། །

གདངས་དབྱངས་གང་དེས་ང་ཚོ་སྦྲེལ་ནས་ཡོད། །

སྨྲ་ལྕེ་གང་དེས་ང་ཚོ་བཟུང་ནས་ཡོད། །

བསམས་ཤིང་དྲན་ནོ་འོ་མས་གསོས་བའི་བུ། །

 

དྲོད་འཇམ་ཉི་མ་ཤར་ན་ཁྱེད་རང་དྲན། །

གླུ་ཡི་ནང་ན་དགའ་སྐྱིད་ཉི་འོད་ཡོད། །

བསིལ་འཇམ་ཟླ་བ་ཚེས་ན་ཁྱེད་རང་དྲན། །

དབྱངས་ཀྱི་ཁུགས་ན་སྐྱོ་གདུང་ཟླ་འོད་ཡོད། །

 

གླུ་བ་ཁྱེད་ནི་སེང་གེ་དཀར་མོ་འདྲ། །

ལན་བུ་སུལ་སུལ་གཡུ་རལ་སྔོན་མོ་ཡིན། །

དུས་ཀྱི་གད་རྒྱངས་ལན་གཅིག་བསྒྲགས་པ་དེས། །

སྤོབས་པའི་གངས་རི་གནམ་གྱི་ཀ་བར་བསླངས། །

 

སྣོད་བཅུད་གླུ་ཡིས་བསྟོད་ན་ཁྱེད་འདྲ་མེད། །

བདེ་སྡུག་དབྱངས་སུ་བཀུག་ན་ཁྱེད་འདྲ་མེད། །

ད་ནི་དྲི་ཟའི་གདངས་ཤིག་འགག་པ་ཡིས། །

སྟོད་ཀྱི་གངས་རི་དེ་ཡང་ཤུམ་ཤུམ་ངུ་། །

 

སྐྱེ་འཆི་གཉིས་ཀ་འཁོར་བའི་རང་བཞིན་ཡིན། །

ཆོས་ཉིད་འདི་ལ་ལྡོག་ཏུ་མེད་མོད་ཀྱང་། །

ཕོ་ལོ་ཞེ་དགུ་མ་རྒས་མ་གཞོན་ཡིན། །

འུ་ཅག་རྣམས་ནི་བསྐལ་བ་དམན་པས་སྐྱོ། །

 

་ནི་བཞུད་ཅིག་བཞུད་ཅིག་ཚངས་པའི་སྲས། །

དབྱངས་ཅན་ངག་གི་ལྷ་མོའི་བསུ་བ་ཡོད། །

ཨ་མས་ཁྱེད་ལ་མ་ཎི་ཚར་གཅིག་བགྲངས། །

ངས་ཀྱང་ཁྱེད་ལ་མཆོད་མེ་ཀོང་གཅིག་བསྒྲོན།།

 

རུས་པའི་རྐང་ལ་འཐིམ་པའི་བག་ཆགས་དང་། །

ཁྲག་གི་ནང་ན་རྒྱུ་བའི་གླུ་སྐད་དེར། །

འཆི་བའི་ནང་མོའང་ལན་གཅིག་ཉན་པར་ངེས། །

དེ་ཡང་ཁྱེད་ལ་དད་པའི་མཚོན་བྱེད་ཡིན། །          

 ཞེས་པའི་ཚིགས་བཅད་སྙན་ངག་ཡིན་ནོ་ལོ་འདི་ནི་ད་བར་དུ་གླུ་བ་བདུད་པེའི་གླུ་སྐད་ལ་ཉན་ནས་རང་སེམས་གསོས་མྱོང་བའི།
སའི་གོ་ལའི་མི་སེར་རམ། རྒོ•ཚེ་རིང་སྐྱབས་ཀྱིས་མྱ་ངན་གྱི་ཚུལ་དུ་2016-2-28ཀྱི་ཞོགས་པར་ཤར་མར་བྲིས།

 སྙན་དབྱངས་ཀྱི་ནམ་མཁའ།

བདུད་བྷེ།      བདུད་འདུལ་རྡོ་རྗེ།     གངས་ལྗོངས་ཀྱི་ཁུ་བྱུག

བོད་ཡུལ་ལུང་པར་བཞད་པའི་མཛེས་པའི་མེ་ཏོག་རྐང་གཅིག

སྦྲ་ནག་དང་ལུག་ཁྱུར་དུངས་པའི་འབྲོག་པ

རྫི་གླུ་སྙན་མོ་སྤང་ལ་མཆེད་པའི་ལོ་རབས

བདུད་བྷེ་ངོ་ཤེས་ཤིང་བདུད་བྷེར་དགའ་བའི་མི་རབས

ང་དང་ཁྱོད་ཀྱི་འཚོ་བ་དང་སེམས་ཁམས་སྐྱོང་རོགས

ཁྱེད་ཀྱི་གླུ་སྐད་ནི་བོད་མིའི་སེམས་དང་རང་བྱུང་ཁམས་ལ་འཐིམ་ཡོད

 

མདང་ནུབ་ཁྱེད་ཉིད་གངས་ཀྱི་ལུང་པ་ནས་བཞུད་སོང་སྐད

ང་དང་ང་འདྲ་བ་ཁྲི་ཕྲག་མང་བོས་ཁྱེད་ལ་མ་ཎི་བགྲང

མཆོད་མེ་སྒྲོན།  སེམས་ཀྱིས་མྱ་ངན་ཞུས།

ཁྱེད་ཀྱིས་བླངས་པའི་རྡུང་ལེན་རེར་ཉན་ཙམ་ཉན་ཙམ་བྱས

ཉན་གྱིན་ཉན་གྱིན་མིག་མཐའ་མཆི་མའི་དགང་ཡོང

མགྲིན་པ་བརྣངས་པར་བྱས་ཡོང

གངས་ལྗོངས་ཀྱི་གླུ་བ

ཁྱེད་རང་གཤེགས་སོང་བས་སེམས་པ་ཕངས་པས་མནར

 

ཁྱེད་ཀྱི་སྙན་དབྱངས་ཀྱི་ནམ་མཁའ་ང་ཚོར་བཞག་ཡོད

ནམ་མཁའ་ཆེན་པོ་དེ་ནམ་ཡང་ང་ཚོར་དབང

ནམ་མཁའ་དེ་ནས་ང་ཚོས་བྱིས་དུས་དྲན་ཆོག

ནམ་མཁའ་དེ་རུ་ང་ཚོས་འཚོ་བ་དྲན་ཆོག

ཆེས་གཉུག་མར་གྲུབ་པའི་སྤང་ཐང་ཆེན་པོ་དྲན་ཆོག

ཨ་ཕའི་རྫི་གླུ་དང་ཨ་མའི་བཞོ་དབྱངས་དྲན་ཆོག

ད་དུང་འབྲོག་སྡེ་ཆེན་པོ་སོགས་མང་པོ་མང་པོ་ཞིག་དྲན་ངེས


འབྲོག་པ་དང་དེའི་འཚོ་བ་ཁྱོད་དང་འབྲལ་ཐབས་མེད

འབྲོག་མོ་དང་དེའི་དགའ་སྐྱོ་ཁྱེད་དང་ལྷན་དུ་ཡོད

ཁྱེད་འབྲོག་པ་དང་བོད་པའི་སེམས་ཀྱི་དཀྱིལ་ན་ཡོད

ཁྱེད་ཀྱི་སྙན་དབྱངས་ཀྱིས་ང་ཚོར་ཅི་ཡང་སྦྱིན་ནུས

ཁྱེད་ནི་བསྐལ་བའི་བར་ནུབ་པ་མེད་པའི་བོད་མིའི་སེམས་ངོགས་ཀྱི་རྡོ་རིང་དེ་ཡིན

ཁྱེད་ནི་མི་རབས་ཤིག་གི་སེམས་ཁམས

ལོ་རབས་ཤིག་གི་དཔའ་བོ

དུས་རབས་ཤིག་གི་སྒྱུ་རྩལ་གྱི་མེས་པོའང་ཡིན

 

ཁྱེད་བཞུད་སོང་ཡང

ཁྱེད་ཀྱི་སྙན་དབྱངས་རེ་རེ་མི་སེམས་སུ་གསོན་པོར་གནས་ཡོད

ཁྱེད་རང་བདེ་བར་བཞུད་རོགས

ལྷ་ཆེན་པོས་ཁྱེད་ལ་ལམ་འཇུག་བྱེད་ངེས

མི་མང་བོས་ཁྱེད་ལ་འབོད་པ་གཏོང་ངེས

ཁྱེད་ནམ་ཡང་ང་ཚོ་དང་མཉམ་དུ་ཡོད

ཁྱེད་རང་བདེ་བ་ཅན་དུ་སྐྱེ་བར་ཤོག

ཨོཾ་མ་ཎི་པདྨེ་ཧཱུྃ།   ཨོཾ་མ་ཎི་པདྨེ་ཧཱུྃ།   ཨོཾ་མ་ཎི་པདྨེ་ཧཱུྃ།

༼ གངས་ལྗོངས་ཀྱི་གླུ་བ་བདུད་བྷེའི་དགོངས་རྫོགས་ལ་བྲིས། ༽                         

 རྨ་ཆུ།  ཞི་དུལ་རྟོགས་སད།                      

  ༢༠༡༦   •   ༢   •   ༢༨ཉིན།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-03-03 ལྟ་ཀློག (12169)