ཡེའུ་ཐེའི་ལེགས་བཤད་མི་ཆོས་གསེར་གྱི་རྣ་རྒྱན།
ལོ་ཙཱ་བ།
གངས་ཅན་དབྱངས་འཚོ།
དང་བོ། འཇིག་རྟེན་ལ་འཇུག་པའི་མན་ངག
༈ རང་གི་སྨྲ་སྒོ་ལེགས་པར་བསྡོམས་པས་ན། །
འདི་ཕྱི་གཉིས་ཀའི་མགོ་རྣ་མངོན་པར་མཐོ། །
༈ མི་ཡི་ཁ་ལ་གསེར་སྲང་ཁྲི་མ་འབུམ། །
འཆལ་གཏམ་དོར་ནས་སྨྲ་སྒོ་གཅེས་པར་མཛོད། །
༈ འདུ་འཛི་ཁྲོད་དང་ངལ་དུབ་སྣ་ཚོགས་དབུས། །
སེམས་ཉིད་བརྟན་པོས་རང་ལ་ལྟ་སྲུང་དང་། །
གཞན་གྱི་སྤྱོད་ལ་བླང་དོར་ལྡན་པའི་ཚེ། །
ཁྱོད་ཀྱི་མཁས་མཛངས་མངོན་དུ་གྱུར་པ་ལགས། །
༈ སྤྱིར་ན་མི་ལ་སྨྲ་སྒོ་ཡ་གཅིག་དང་། །
ཐོས་འཛིན་རྣ་བ་ཟུང་དུ་ལྡན་པ་འདིས། །
གཞན་དང་ལྷན་དུ་གཏམ་ལ་མོལ་བའི་ཚེ། །
བཤད་པ་ལས་ཀྱང་ཉན་པ་གལ་ཆེར་མཐོང་། །
༈གཞན་དོན་གཞན་ལས་རང་གིས་མི་བསྒྲུབ་ཅིང་། །
རང་དོན་རང་གིས་ལེན་པ་ཕལ་བའི་གཤིས། །
རང་དོན་གཞན་ལ་བཅོལ་ནས་གཞན་དོན་དག །
རང་དོན་ཉིད་དུ་བསྒྲུབ་ཀྱང་གླེན་པ་ཉིད། །
རང་དོན་རང་གིས་འགྲུབ་ཅིང་གཞན་དོན་དག །
རང་དོན་ཉིད་དུ་བསྒྲུབ་མཁས་འཕགས་པ་འོ། །
༈ ཉེས་པའི་བདེན་དཔང་གཞན་གྱིས་བཙལ་ན་ཡང་། །
ཉེས་པ་ཡིན་མིན་རང་གིས་དཔྱད་ན་འགྲིག །
༈ གཞན་གྱི་ངག་ལ་དཔྱད་ན་ལེགས་མོད་ཀྱང་། །
བཤད་ཚད་དང་དུ་ལེན་པ་སྨྱོན་པའི་སྤྱོད། །
དུས་དང་གནས་སྐབས་གང་དང་འཕྲད་པའི་ཚེ། །
ཤི་ཡང་བློ་འཁེལ་ཡིད་བརྟན་རང་ལ་བཅོལ། །
༈ ཆ་མེད་མི་དང་ལྷན་དུ་འགྲོགས་པའི་ཚེ། །
རྫུན་གཏམ་མོལ་ཡང་ཐོབ་བྱ་ཅི་ཡང་དབེན། །
དྲང་གཏམ་ཐམས་ཅད་ཅི་ལ་ཁ་ནས་ལུད། །
བདེན་རྫུན་གསང་པོའི་ཐབས་ཀྱིས་མི་སེམས་སྐྱོང་། །
༈ འདོད་ཧམ་མགོ་བོ་སྲིངས་པ་ཐལ་དྲགས་ན། །
མི་ཚེའི་མིད་ཐག་ན་བའི་རྐྱེན་དུ་འགྲོ། །
༈ ཁ་ཆད་དམ་བཅའ་མི་ཡི་དགོས་མཁོ་ཉིད། །
ཁ་ཆད་ཐོག་ཏུ་བབས་དུས་འགྱོད་པ་ལས། །
ཁ་ཆད་ཐོག་མར་འཇོག་དུས་བརྟག་ན་བཟང་། །
གཉིས་པ།
གུས་ཞབས་དང་འབྲེལ་བའི་མན་ངག
༈ རང་གིས་བཞན་ལ་བརྩི་བཀུར་ཞུས་པ་ན། །
གཞན་གྱི་བརྩི་བཀུར་ངང་གིས་རང་ལ་ཐོབ། །
༈ དཀའ་བ་གདོང་གིས་འཇལ་ན་བསོད་ནམས་འཕེར། །
ཁྲོ་བ་འཛུམ་གྱིས་བསུས་ན་བདེ་སྐྱིད་ལྡན། །
༈ གུས་དང་བརྩེ་བའི་ཉམས་འགྱུར་སྲོག་ལས་གཅེས། །
དཀོན་མཆོག་ལ་ཡང་གུས་ཞབས་མཁོ་བ་ལྟར། །
གཉེན་དང་གྲོགས་སོགས་ཐ་ན་རང་གི་དགྲར། །
བཅོས་མིན་སེམས་ཀྱིས་གུས་བཀུར་འཆང་བར་རིགས། །
༈ ཟོལ་བཟང་ངང་རྒྱུད་མི་ཡི་རྩ་དོན་ཉིད། །
གལ་ཏེ་དོར་ན་མི་ཡི་གྲལ་ནས་བུད། །
ལེགས་པར་འཁྱོངས་ན་མི་ཡི་མཚན་ཉིད་ལྡན། །
༈ འཇིག་རྟེན་མི་གཤིས་ཟེར་བ་མེ་ལོང་ལྟར། །
སྒྲིབ་གཡོགས་ཅི་ཡང་དབེན་པ་ཤིན་ཏུ་དཀའ། །
འོན་ཏེ་གཞུང་དྲང་གནད་ལ་མཐོང་ཆེན་དང་། །
རང་སེམས་གསོང་པོར་བསྟན་པ་ཅིས་ཀྱང་མཆོག །
༈ བདེ་པའི་གཏམ་གྱིས་གཞན་སེམས་དཀྲུགས་པ་ལས། །
རྫུན་ཚིག་ཕྲན་བུས་མི་སྲོག་བསླུ་བར་གཅེས། །
༈ དྲོད་ཁོལ་ལྡན་པའི་གཞིས་ཁྱིམ་བདེ་བའི་དཔལ། །
ལས་བརྩོན་འཚོ་སྒྲུབ་གནས་ལ་ཅིས་ཀྱང་འབད། །
འོན་ཏེ་འབད་འབད་བྱ་བའི་བྲེལ་ཟིང་ལས། །
གཉེན་གྱི་ཉེ་དུང་ཁྱོ་ཤུག་མཛའ་འབྲེལ་སོགས། །
དོར་ཏེ་མགོ་བོ་བསྙོགས་པ་བླུན་པོའི་མཚང་། །
༈ བྱ་བ་ཆེ་ཕྲ་གང་ཞིག་གཉེར་བའི་ཚེ། །
རེ་བའི་མགོ་འཕངས་དེ་ཙམ་སྟོད་མི་བྱ། །
འགྲུབ་ན་རྒྱལ་ཁའི་དགོས་སྒྲ་གཏིང་ནས་བཞད། །
མ་འགྲུབ་ན་ཡང་རེ་ཆད་འབྱུང་མི་སྲིད། །
གསུམ་པ། ཀུན་སྤྱོད་དང་འབྲེལ་བའི་མན་ངག
༈ རྒྱུ་འབྲས་བློ་མིག་སྲོག་ཏུ་བཟུང་བའི་ལས། །
ཇི་ཙམ་བསྒྲུབས་ན་དེ་ཙམ་འཕེལ་འགྱུར་ཞིང་། །
བདེན་དོན་དོར་བའི་ལས་ལ་སྲོག་བཏང་ཡང་། །
མཐར་ཐུག་རྒུད་པའི་ངན་མཚང་ཀུན་ལ་ཁྱབ། །
༈ ཁྲིམས་དང་སྐུལ་མ་བོར་བའི་གནས་ཉིད་དུ། །
ཉེར་བར་བསླེབས་ཚེ་གཟུ་བོའི་བློ་གྲོས་ཀྱིས། །
རང་གི་སྤྱོད་ལམ་ལེགས་པར་སྡོམ་པ་གཅེས། །
༈ རང་རྟོག་བོར་ཚེ་རང་ཉིད་སུ་ཡིས་སྐྱོང་། །
གཞན་རྟོན་མེད་ན་རང་ཉིད་ཇི་ལྟར་འཚོ། །
༈ མཐོ་དང་དམན་པའི་སྐྱེས་བུ་སུ་ཡིན་རུང་། །
དམ་པ་རྣམས་ཀྱི་སྤྱོད་ལམ་ཇི་བཞིན་དུ། །
དམན་དང་གུས་པའི་བརྟུལ་ཞུགས་འཆང་བར་རིགས། །
༈ རང་གི་ལ་རྒྱ་ཤོར་བའི་རབ་དོགས་ནས། །
གཞན་གྱི་མགོ་རྣ་རྡོག་པས་མི་མནན་པར། །
འཕྲལ་དུ་ཕམ་པའི་བརྙས་མིང་འཁུར་དགོས་རུང་། །
ནམ་ཞིག་རྒྱལ་ཁའི་མཚན་སྙན་ཡོད་པར་ངེས། །
༈ ལན་གཅིག་ཁྱོད་ལ་གནོད་པའི་རྐྱེན་བྱས་ཏེ། །
ཚེ་གཅིག་དགྲ་བོའི་རྣམ་འགྱུར་འཆང་མི་རིགས། །
གནོད་ལན་ཕན་པས་འཇལ་བའི་དཔའ་གདེང་གིས། །
དགྲ་ཡང་གྲོགས་སུ་བཀུག་པའི་གཏམ་རྒྱུད་མང་། །
བཞི་བ། བསམ་བློ་དང་འབྲེལ་བའི་མན་ངག
༈ མཛངས་པའི་བློ་གྲོས་འབྱོར་བ་ལས་ཀྱང་འཕགས། །
མཛངས་པའི་མི་ལ་འབྱོར་ཕྱུག་ངང་གིས་འཕེལ། །
འབྱོར་ཕྱུག་ལྡན་ཡང་མཛངས་པའི་བློ་བྲལ་ཚེ། །
རང་ཉིད་འབྱོར་ཕྱུག་ཙམ་གྱི་ཁོལ་པོར་འགྱུར། །
༈ མི་ཚེའི་ཐོག་མ་གཞན་གྱིས་བསྩལ་ན་ཡང་། །
མི་ཚེའི་མཐར་མཐུག་རང་གིས་བསྐྱལ་དགོས་པས། །
ངལ་བའི་གནད་དང་དཀའ་བའི་དོན་འཕྲད་ཚེ། །
རང་བློ་ཞིབ་མོས་རང་ཐག་གཅོད་པ་ལས། །
གཞན་གྱི་ངག་ལ་ནམ་ཡང་རྟོན་མི་རིགས། །
༈ འཇིག་རྟེན་འདི་ཡི་བྱ་བཞག་ཕལ་མོ་ཆེར། །
ཞིབ་ཏུ་དཔྱད་ན་ཧ་ཅང་ངོ་མཚར་ཆེ། །
གཞན་གྱིས་མི་སྲིད་མི་འགྲུབ་སྨྲས་པ་དག །
ལག་ཏུ་བླངས་ཚེ་སླ་བའི་ཆོས་སུ་གྲུབ། །
དེང་འདིར་མཚན་སྙན་འབར་བའི་མཛད་རྗེས་དག །
གཞན་གྱི་བློ་ལས་འགོངས་པ་མ་ཡིན་ནམ། །
༈ འཇིག་རྟེན་འདི་ཡི་སྒོ་ཟྭ་མཐའ་དག་ལ། །
སྤྱི་སྤྱོད་ལྡེའུ་མིག་ཟེར་བ་མེད་པ་བཞིན། །
དཀའ་བའི་གནད་ཀུན་ལེགས་པར་སེལ་བ་ལ། །
སྤྱི་འགྲོས་རིགས་པའི་ཐབས་ལ་བརྟེན་དུ་མེད། །
༈ ཡན་ལག་ལྔ་ཡི་མཆོག་ཏུ་མགོ་བོ་ཞེས། །
ལས་སྣང་སྟོབས་ཀྱིས་བསྐྲུན་པའི་དངོས་པོ་འདི། །
བསམ་གཞིག་གཏོང་བའི་སྒྲོམ་དུ་གྲུབ་པ་ལས། །
ཞྭ་མོའི་ཚུལ་དུ་མཆོག་ཅེས་ག་ལ་གླེང་། །
༈ ཁྱོད་ཉིད་བསམ་གཞིག་གཏོང་ལ་གོམས་པའི་ཚེ། །
ནམ་ཞིག་འབྱོར་བའི་གཏེར་སྒོ་རྙེད་པར་ངེས། །
༈ ཐབས་དང་བཀོད་པ་དོན་གྱི་འབྱོར་ཕྱུག་ཉིད། །
མནོ་བསམ་བློ་རྩལ་ཡོངས་སུ་རྫོགས་པའི་ཚེ། །
སྟོབས་དང་འབྱོར་བའི་རྒྱལ་ཁ་ཤིན་ཏུ་མང་། །
༈ བསམ་བློ་དོར་བའི་མི་ནི་འགྲེང་ཡང་རུང་། །
དོན་ལ་དུད་ནས་འགྲོ་བའི་རིགས་ཙམ་ཉིད། །
ལྔ་བ། ལས་བརྩོན་དང་འབྲེལ་བའི་མན་ངག
༈ གཞན་ལས་ལྷག་པའི་བརྩོན་སེམས་འཆང་བ་དེས། །
གཞན་ལས་ལྷག་པའི་རྒྱལ་ཁ་ངེས་པར་བརྙེད། །
༈ དོན་མེད་མགོ་བོ་བསྙོགས་ན་སྡུག་གི་རྒྱུ། །
བློ་རྩེ་རྣལ་དུ་བབས་ན་དགོས་དོན་འགྲུབ། །
༈ དངུལ་སྒོར་གསོག་འཇོག་ནུས་ཤིང་རང་ཉིད་ལ། །
མེད་ཚེ་གཞན་གྱི་ལག་ནས་སྐྱི་གཡར་བྱེད། །
འོན་ཏེ་དུས་ཚོད་གསོག་འཇོག་བྱེད་པ་དང་། །
གཞན་གྱི་ལག་ནས་སྐྱི་གཡར་ག་ལ་རུང་། །
ལེགས་པར་སོམས་དང་མི་ཚེའི་སྒོར་ཁང་དུ། །
ད་ལྟ་ཤུལ་ལུས་དུས་ཚོད་ག་ཙམ་གདའ། །
དེ་བས་དུས་ཚོད་ཡིད་བཞིན་ནོར་བུ་ལྟར། །
གཅེས་པར་བསྐྱངས་ཏེ་དོན་ཡོད་བྱ་བར་འབད། །
༈ ཉིན་ལྟར་ཞོགས་པའི་སྐྱ་རེངས་ཤར་བ་དང་། །
དེ་རིང་ཉིན་མོ་མི་ཚེའི་མཐའ་མཇུག་ཏུ། །
བཟུང་སྟེ་ཕྱི་བཤོལ་ངན་མཚང་དོར་བའི་ཚེ། །
བསམ་པའི་དོན་རྣམས་འགྲུབ་པར་ཐེ་ཚོམ་མེད། །
༈ དུས་ཚོད་བློ་གྲོས་རྒྱས་པའི་ཤེས་བྱ་ཉིད། །
དུས་ཚོད་ནོར་མང་འཕེལ་བའི་གཏེར་མཛོད་ཉིད། །
དུས་ཚོད་ལེགས་འགྲུབ་ཀུན་གྱི་གོ་སྐབས་ཏེ། །
དུས་ཚོད་ས་སྟེང་འདི་ནས་རིན་ཆེན་ཉིད། །
༈ ཐབས་དང་གོ་སྐབས་འཛོམས་ན་བྱ་བཞག་ཀུན། །
བསྒྲུབ་པར་ནུས་ཞེས་འུར་གྱིས་སྒྲོགས་པ་ནི། །
གཡོ་དང་སྒྱིད་ལུགས་མཁན་གྱི་ཁ་གཡང་ཙམ། །
༈ བསམ་པའི་ཀུན་བསླངས་གནད་ལ་གཟབ་དགོས་ཏེ། །
འདི་ལ་བརྟེན་ནས་སྨྲ་སྒོ་གཞན་དུ་འགྱུར། །
སྨྲ་སྒོའི་འཆལ་གཏམ་ལེགས་པར་བསྡོམ་དགོས་ཏེ། །
འདི་ལ་བརྟེན་ནས་སྤྱོད་ལམ་གཞན་དུ་འགྱུར། །
སྒོ་གསུམ་སྤྱོད་ལམ་ཚུལ་བཞིན་འཆོས་དགོས་ཏེ། །
འདི་ལ་བརྟེན་ནས་གོམས་སྲོལ་གཞན་དུ་འགྱུར། །
གོམས་སྲོལ་ཚུལ་མཐུན་ཕྱོགས་ལ་བསྒྱུར་དགོས་ཏེ། །
འདི་ཉིད་ཁྱོད་ཀྱི་གཤིས་ཀར་འགྱུར་བས་སོ། །
ད་དུང་གཤིས་སྤྱོད་གནས་ལ་མ་གཟབ་ན། །
འདི་ཀུན་ཁྱོད་ཀྱི་ལས་དབང་ཉིད་དུ་འགྱུར། །
འདི་དག་བཟང་ངན་གང་དུ་འགྱུར་བ་ཡིས། །
ཁྱོད་ཀྱི་ལས་དབང་དེ་ཡི་རྗེས་འགྲོ་ཉིད། །
༈ ལུས་ཀྱི་ཡན་ལག་མ་ཚང་གྱུར་པ་ལས། །
སེམས་ཀྱི་ཡན་ལག་མ་ཚང་གྱུར་པ་ཐུ། །
དབང་སྐྱོན་མང་བོས་དོན་ཡོད་བྱ་བ་འགྲུབ། །
སེམས་སྨྱོན་སུ་ཞིག་འཇིག་རྟེན་མི་གྲལ་འདུག །
དྲུག་པ། རང་རྟོན་དང་འབྲེལ་བའི་མན་ངག
༈ སུ་ལ་སྒམ་ཚུགས་དོད་པའི་རང་རྟོན་ལྡན། །
དེ་ཡིས་འཇིག་རྟེན་བྱ་བ་ཐམས་ཅད་འགྲུབ། །
༈ བསྒྲུབ་ལ་ལག་ལེན་གཙོ་བོ་བགྱིས་པ་ན། །
མི་འགྲུབ་བྱ་བ་སྲིད་འདིར་ཡོད་རེ་ཀན། །
༈ རང་རྟོན་མེད་ན་དོན་ཀུན་དཀའ་བའི་ལས། །
འགྱུར་ཞིང་རང་རྟོན་ལྡན་ཚེ་བྱ་བ་རྣམས། །
སླ་བའི་ལས་སུ་རུང་བར་མཐོང་བའི་ཕྱིར། །
རང་རྟོན་གཡུལ་ལ་འཇུག་པའི་ཁྲབ་རྨོག་འདྲ། །
༈ ཧ་ཅང་དམན་པའི་བརྟུལ་ཞུགས་འཆང་བ་ཡིས། །
གཞན་གྱིས་བརྙས་དང་བྲན་དུ་བཀོལ་བར་བྱེད། །
དེ་ཕྱིར་མཐོ་དམན་གྲལ་ཁ་བསྟར་བའི་དབུས། །
རང་གི་གོང་ཚད་རང་གིས་འཇལ་བར་འོས། །
༈ རྒྱུད་སྐུད་དམ་ལྷོད་རན་ན་སྒྲ་དབྱངས་མཆེད། །
དེ་ལ་ཉན་འདོད་སྐྱེས་བུ་ཚོགས་ཀྱིས་བསྐོར། །
མི་ཡི་སྒོ་གསུམ་སྤྱོད་པ་འདི་དང་མཚུངས། །
ཧ་ཅང་ཚད་ལ་རན་ན་གཞན་གྱིས་བཀུར། །
༈ གཞན་གྱི་ལུགས་ལས་ཅུང་ཟད་འགོངས་པའི་ཚེ། །
རང་ཉིད་ནོར་རོ་སྙམ་ནས་ཞུམ་མི་བྱ། །
རང་ཉིད་གཞན་ལས་ཁྱད་དུ་འཕགས་པ་ལ། །
རང་ལ་རང་དང་མཐུན་པའི་ཁྱད་གཤིས་དགོས། །
༈ སྐྱེས་བུ་ཐམས་ཅད་རྒྱལ་བོའི་ཀོང་ཇོ་རུ། །
རུང་ན་དེ་ལ་ཡ་མཚན་ཅི་ཞིག་མཆིས། །
གལ་ཏེ་ཁྱོད་རང་ཉི་མར་མ་ནུས་ཀྱང་། །
ཅི་ཕྱིར་སྐར་མར་བྱེད་ལ་མི་འབད་དམ། །
ཅི་སྟེ་རང་ལ་དད་སེམས་མངའ་བ་ན། །
ཁྱོད་ཀྱི་མི་ཚེ་རིན་ཐང་སྟོང་གིས་ཕྱུག །
༈ རྐང་གཅིག་ཞ་བར་གྱུར་ཀྱང་དཀོན་མཆོག་ལ། །
རྐང་ཟུང་ཞ་བར་མེད་པས་བཀའ་དྲིན་ཞུ། །
གལ་ཏེ་རྐང་ཟུང་ཞ་བར་གྱུར་ཀྱང་རུང་། །
སྐེ་ཚིགས་ཞ་བར་མ་གྱུར་དགའ་བ་བསྐྱེད། །
བདུན་པ།
རྒྱུན་འཁྱོངས་དང་འབྲེལ་བའི་ལེགས་བཤད།
༈ བརྩོན་པའི་ཆོད་སེམས་བརྟན་དང་མི་བརྟན་ལས། །
བྱ་བའི་ཕམ་ཉེས་ཆེ་ཆུང་ཅི་ཡང་འབྱུང་། །
༈ དཀའ་བའི་རྔུལ་ཆུས་ཕུགས་བསམ་རི་བོ་བསྙིལ། །
ཆད་མེད་གོམ་པས་འགྲོ་འདོད་གནས་སུ་བསྐྱལ། །
༈ འདུན་པའི་རྨི་ལམ་རེ་འགའ་ཤོར་ཡང་རུང་། །
བསམ་པའི་ལས་དོན་གཞན་གྱིས་ཁྱོད་ལ་སྒུག །
༈ སོ་དཀར་འཛུམ་མདངས་སྣོམ་མཁན་སུ་ལའང་། །
མིག་ཆུའི་རྒྱུད་རིམ་མེད་མཁན་སྲིད་མཐའ་ཙམ། །
མིག་ཆུ་འཛུམ་གྱིས་ཕྱིས་ཏེ་དཀའ་སྡུག་ལ། །
བཟོད་པའི་གོ་ཆ་བརྟན་པ་ལེགས་འགྲུབ་མཁན། །
༈ བཟོད་པ་སྤྱོད་ལམ་ཀུན་གྱི་མཆོག་ཏུ་ལྟ། །
བརྩོན་འདུན་རེ་བ་ཀུན་གྱི་མ་མ་ཉིད། །
༈ འཇིག་རྟེན་འདི་ན་དཔའ་བོ་ཤིན་ཏུ་མང་། །
དོན་གྱི་དཔའ་བོ་གཅིག་ལས་མ་མཆིས་ཏེ། །
སྲེད་པའི་མངའ་བྲན་འདོད་པའི་རོལ་རྩེད་ལས། །
རིང་དུ་འགོངས་པ་དོན་གྱི་དཔའ་བོ་ཉིད། །
བརྒྱད་པ། འབྱོར་ཕྱུག་དང་འབྲེལ་བའི་ལེགས་བཤད།
༈ དཔལ་འབྱོར་དོན་གཉེར་ལམ་དུ་ཞུགས་པའང་། །
ཀུན་གྱིས་བཀུར་དང་ཡི་རངས་བྱ་བའི་གནས། །
༈ ཚོད་ཐོར་བལྟས་ནས་གཡོས་སྦྱོར་བྱས་པས་ན། །
དཀའ་ཚེགས་ཆུང་ཞིང་བསྒྲུབ་པར་སླ་བ་བཞིན། །
ཁེ་ལས་མ་རྩའི་ཁུངས་དང་བསྟུན་པ་ནི། །
ཚོང་ལས་ཡུན་དུ་བསྒྲུབ་ལ་མན་ངག་ཉིད། །
༈ སྒོར་ཟུར་གཅིག་གི་ཁེ་བཟང་རག་ནའང་། །
འདི་འདྲའི་གོ་སྐབས་ནམ་ཡང་བཤོལ་མི་རུང་། །
༈ ཚོང་ཟོག་རིན་གོང་ཀུན་ལ་མ་ཁྱབ་པར། །
གང་འདོད་དངོས་ཟོག་གཞན་ལ་བཙོང་མི་བྱ། །
༈ དྲང་པོའི་ཚོང་ལམ་ཡོད་ན་རང་བཞིན་ཀུན། །
ཕན་ཞིང་ཉོ་ཚོང་འབྲེལ་ལམ་རྟག་ཏུ་བརྟན། །
གལ་ཏེ་ཁེ་ཕམ་ཕྱོགས་སུ་ལྷུང་འགྱུར་ན། །
ཚོང་འབྲེལ་མི་བརྟན་རིང་མིན་འཇིག་པའི་རྒྱུ། །
༈ གལ་ཏེ་སྒོར་གཅིག་སྒོར་བཅུར་འཕར་བ་དང་། །
སྒོར་བཅུ་སྒོར་བརྒྱ་ཉིད་དུ་མ་ནུས་ན། །
ཁྱོད་ཉིད་ཁེ་ལས་སྒྲུབ་པའི་རེ་བ་བྲལ། །
༈ དཔལ་འབྱོར་ཚོང་ལམ་ཡུན་དུ་བརྟན་པའི་ཕྱིར། །
ལུགས་མཐུན་ཆིངས་དང་ཡང་དག་སྒྲིག་གཞི་སོགས། །
ཕྲ་ཞིབ་བརྩིས་ཕྲའི་རིགས་ལམ་ངེས་པར་བྱ། །
དགུ་བ།
ཁེ་བཟང་དང་འབྲེལ་བའི་ལེགས་བཤད།
༈ རྩལ་དུ་དཀྲུགས་ཤིང་ལེགས་པར་སྤྱོད་ནུས་ན། །
རང་གི་ཤེས་རབ་ཐོན་ཁུངས་བླ་ན་འཕགས། །
༈ བསམ་གཞིག་སྐབས་སུ་རང་གི་ཀླད་པ་སྤྱོད། །
གནད་དོན་གང་མང་གཞན་ལ་བརྟགས་ནས་སེལ། །
༈ མཚོ་ཆེན་ཁ་ལ་ཉ་བ་ཁྲི་སྟོང་ཙམ། །
ཉ་ཆེན་ལག་ཏུ་ལོན་ནས་ལོག་མཁན་ཉུང་། །
སུ་ལ་སྡུག་རུས་འབད་འབུངས་བླ་མེད་ལྡན། །
དེ་ཡིས་བཟའ་དགུ་འཚེངས་པའི་ཉ་ཆེན་ལོན། །
༈ མི་ཉིད་སྒོར་མོར་དགའ་བས་འབྱོར་ལྡན་དུ། །
འགྱུར་བར་མི་ནུས་སྒོར་མོ་མི་ཉིད་ལ། །
དགའ་བས་འབྱོར་བའི་བང་མཛོད་ནོར་གྱིས་གང་། །
༈ འཐོབ་པར་དཀའ་བའི་ཁེ་བཟང་རླབས་པོ་ཆེ། །
དཀའ་ཁག་ཉེན་ཁའི་གཡང་ནས་བཙལ་བ་ལས། །
ཟ་བདེ་གཉིད་སྟོང་བསམ་ཁོ་ན་ཡིས། །
འཐོབ་པར་འགྱུར་ཞེས་སྨོན་པ་རྨི་ལམ་ཙམ། །
༈ བྱ་བ་ཐམས་ཅད་ལད་མོའི་ཚུལ་དུ་གྲུབ། །
ལད་མོའི་ནང་ནས་སུ་བཟང་སུ་སྔ་རྩོད། །
༈ བརྩེ་སེམས་གཏིང་ནས་འདྲེས་པ་མ་ཡིན་ན། །
གོང་སླ་རིན་བདེའི་ཉོ་ཚོང་འཛུགས་མི་རུང་། །
༈ འགྲོ་ལ་གོམ་པའི་ཁ་ཕྱོགས་ཡོད་པ་བཞིན། །
བསྒྲུབ་ལ་བྱ་བའི་དམིགས་གཏད་ཅིས་ཀྱང་མཁོ། །
རི་དྭགས་ཕལ་ཆེར་ཉེན་ཁའི་འཕྲང་ལམ་འགྲིམས། །
ཐོབ་པའི་ཁེ་བཟང་འདི་ཞེས་བསྟན་དུ་མེད། །
༈ འཇིག་རྟེན་འཚོ་བ་ཟེར་བ་འགྲན་རྩོད་ཅིག །
དཔའ་ངར་ཞུམ་མེད་རང་ལ་རྟོན་པའི་མིས། །
རྒྱལ་ཁའི་དགོད་སྒྲ་གཏན་དུ་སྒྲོག་པར་ངེས། །
༈ རི་རྩེའི་གྲང་ངར་ཙམ་ལ་འཇིགས་པ་ཡིས། །
དཔང་མཐོའི་རི་ཆེན་མཐོང་ན་སྙིང་རྩ་ཞུམ། །
འདི་ལྟའི་སྐྱེས་བུས་འཇིག་རྟེན་རྒྱ་ཁྱོན་དག །
ཇི་ལྟར་གཞལ་བའི་གཏམ་རྒྱུད་སུ་ཡིས་འཆད། །
༈ སུ་ལ་གསར་གཏོད་སྤོབས་པའི་གློ་སྙིང་དང་། །
ཤེས་རབ་རྩལ་དགུའི་མིག་ཟུང་ལྡན་པ་ཡིས། །
སྲིད་འདིའི་ལེགས་པའི་བྱ་བཞག་དབང་དུ་འབྱོར། །
༈ རླབས་ཆེན་སྐྱེས་བུ་སྐབས་རེར་ནོར་འཁྲུལ་གྱིས། །
ས་རུ་འགྱེལ་བའི་གཏམ་རྒྱུད་ནམ་ཞར་ཐོས། །
འོན་ཀྱང་ཁུང་བུ་ཙམ་གྱི་འཕྲལ་དོན་དུ། །
གོག་ནས་མི་ཚེ་གཏོང་བའི་སྲིན་འབུ་ལ། །
དེ་ལྟར་མིན་རུང་སུ་ཡིས་བསྔགས་པ་བརྗོད། །
༈ སྤྲོ་སྣང་ཅན་ལ་དཀའ་སྡུག་སྣ་མང་དབུས། །
བདེ་དང་སྐྱིད་པའི་ཐབས་མཆོག་ཤིན་ཏུ་མོད། །
སྐྱོ་སྣང་ཅན་གྱིས་བདེ་སྐྱིད་བྱ་བཞག་ཀྱང་། །
དཀའ་སྡུག་ཉིད་དུ་མཐོང་ནས་སྲོག་ལ་རྒོལ། །
བཅུ་བ།
སློབ་སྦྱོང་དང་འབྲེལ་བའི་མན་ངག
༈ བསླབ་ན་ཡོན་ཏན་འབྱོར་བ་གོང་དུ་འཕེལ། །
མ་བསླབས་བླུན་དང་རྒུད་པའི་གནས་སུ་ལྷུང་། །
དེ་ཕྱིར་མཁས་མཛངས་ཅན་གྱི་མི་རིགས་ཀྱིས། །
བསླབ་ལ་གཞོལ་བ་ཀུན་གྱི་མཆོག་ཏུ་ལྟ། །
༈ ལྟོ་འགྲང་ཙམ་ལ་ཉིན་མཚན་འདུར་བ་བཞིན། །
ཤེས་བྱའི་སླད་དུ་དུས་རྟག་བརྩོན་པར་བགྱིད། །
༈ ལྟོ་ཆས་དོན་དུ་བཏང་བའི་མ་རྩ་དེ། །
སྒྲོན་མེའི་ཕྱིར་ཏུ་བཏང་བ་མང་བའི་ཚེ། །
ཁྱོད་ཉིད་མཁས་པའི་ཁྲི་སར་ཉེ་བར་འགྱུར། །
༈ ཡེའུ་ཐེའི་མི་ལ་དཔེ་ལེགས་ལྟ་བ་ནི། །
མི་ཚེ་གཅིག་གི་བསླབ་གཞི་ཉིད་དུ་གྲུབ། །
༈ ཤེས་བྱ་ཙམ་ལས་འཇོན་ཐང་བོར་བའི་མི། །
དཔེ་མང་བཀལ་བའི་བོང་བུ་ཉིད་དང་མཚུངས། །
དེ་ཕྱིར་ཤེས་འཇོན་ཟུང་དུ་འབྲེལ་བ་ཡིས། །
ངེས་དོན་མཁས་པའི་རང་ཞལ་རྗེན་པར་མཐོང་། །
༈ ཤེས་ལྡན་ཚུལ་བཞིན་བཀོལ་བར་མཁས་པ་ནི། །
སློབ་གསོས་རང་རྒྱུད་སྨིན་པའི་དམ་པ་ཉིད། །
༈ ཤེས་ཡོན་བག་ཞའི་རོ་དང་ནུས་པ་ཉིད། །
གལ་ཏེ་དེ་ལ་ཐབས་ཀྱི་ཇུས་ཆེན་དང་། །
སྒམ་པོའི་ལག་ལེན་ཟུང་དུ་སྦྲེལ་བ་ན། །
ཤེས་ཡོན་འཇིག་རྟེན་འདི་ན་སྟོབས་ཀྱི་མཆོག །
༈ མཁས་གང་མཐོ་དམན་སྐྱེས་བུ་ཐམས་ཅད་ལས། །
ཚུལ་བཞིན་ལེགས་ཆ་ལེན་མཁན་མཁས་པ་འོ། །
༈ ས་བོན་ལུད་དང་དྲོད་ཀྱིས་མྱུ་གུར་བསྒྱུར། །
བསམ་བློ་ཐོས་དང་བརྩོན་པས་ཞུན་བརྡར་བྱེད། །
བཅུ་གཅིག
འཚོ་བ་དང་འབྲེལ་བའི་མན་ངག
༈ སྒོར་མོ་ཉེས་པ་ཀུན་གྱི་རྩ་བ་དང་། །
ངན་དགུ་ཡོངས་སུ་ཚང་བའི་དམོད་ཚིག་མིན། །
སྒོར་གྱིས་མི་ཚེ་བདེ་བའི་དཔལ་དུ་འདྲེན། །
༈ སྒོར་གཅིག་གྲོན་ཆུང་བྱས་པས་སྒོར་གཅིག་གི། །
ཁེ་བཟང་ལོན་དང་མཚུངས་ཕྱིར་སྒོར་མོ་ཉིད། །
བཀོལ་དང་སྲི་ཚོད་རན་ལ་མཁས་པར་གཅེས། །
༈ སྒོར་ཉིད་འཇིག་རྟེན་བྱེད་པོར་བཀུར་བའི་ཚེ། །
ཁྱོད་ཉིད་གཏན་དུ་སྡུག་བསྔལ་འདམ་དུ་བྱིང་། །
ལྷམ་གྱིས་རྐང་བ་གཡོགས་པ་མཐོང་བ་ལས། །
རྐང་བས་ལྷམ་ཉིད་གཏུམ་ན་ཇི་ལྟར་རུང་། །
༈ རྒྱུ་དང་ནོམ་པའི་རྣམ་གྲངས་མང་བ་དེས། །
སེམས་དང་བསམ་པའི་བདེ་སྐྱིད་ཕྱེ་མར་འཐག །
༈ བསགས་པའི་དངུལ་སྒོར་ཡོད་ཚད་རང་སྐེད་དུ། །
དམ་པོར་བཅིངས་ཀྱང་དོན་གྱི་འབྱོར་ལྡན་མིན། །
༈ སྒྲུབ་པའི་བྱ་བཞག་ཇི་ལྟར་རྒྱ་ཆེ་ཞིང་། །
ལས་ཀའི་བྲེལ་འཚུབ་ཇི་ཙམ་མང་ན་ཡང་། །
ཕུང་བོའི་བདེ་ཐང་གཙིགས་སུ་ལེགས་བཟུང་སྟེ། །
གཏན་འདིར་བདེ་བར་འཚོ་ལ་ཡི་རངས་བྱ། །
༈ བདེ་བའི་གཞི་མ་ལུས་ཀྱི་ཕུང་ཁམས་ཉིད། །
མི་འདོད་ནད་ཀྱིས་མནར་ཚེ་འཇིག་རྟེན་གྱི། །
འདོད་རྒུ་རང་ལ་དབང་ཡང་སྙིང་བོ་ཅི། །
དེ་ཕྱིར་ཅིས་ཀྱང་བདེ་ཐང་ལས་ལ་བརྩོན། །
༈ རང་གི་བླ་དང་སྲོག་ལ་མ་གཅེས་ན། །
གཏན་དུ་ཡང་དག་བདེ་བའི་མིང་ཡང་མེད། །
བཅུ་གཉིས།
བདེ་སྐྱིད་དང་འབྲེལ་བའི་མན་ངག
༈ མི་ཚེའི་སྙིང་བོ་ཟེར་བ་གང་ཞེ་ན། །
བློ་གྲོས་སྟོབས་ཀྱིས་བདེ་ལ་མངོན་པར་བརྩོན། །
འོན་ཀྱང་ཟ་ཉལ་གཉིད་ཀྱི་བདེ་བ་ནི། །
ཕག་པའི་སྤྱོད་ལམ་དུ་ཡང་རུང་བའི་ཕྱིར། །
རང་ཉིད་ཕག་པའི་སྤྱོད་ལས་འགོང་བར་བྱ། །
༈ངན་ལ་བརྩོན་པས་འཁོན་ལན་འཇལ་བ་ལས།
།
བཟང་ལ་ཐབས་ཀྱིས་བཀའ་དྲིན་གཟོ་བར་གཅེས། །
༈ དབུལ་དང་ཕྱུག་གི་ཁྱད་པར་རྫས་ཀྱིས་མིན། །
གང་ལ་ཆོག་ཤེས་ལྡན་ན་དེ་ཡི་ཁྱད། །
༈ བདེ་སྐྱིད་ལོངས་སུ་སྤྱོད་པའི་གོ་རིམ་ལས། །
དགེ་སྦྱོར་བཟང་སྤྱོད་བརྗེད་མེད་འཆང་བ་ནི། །
ཀུན་གྱིས་བཀུར་ཞིང་བསྔགས་འོས་དམ་པ་ཉིད། །
༈ ན་ཆུང་ལང་ཚོའི་སྐབས་ཀྱི་རིན་ཐང་ནི། །
རྒས་མཁར་ལག་ལ་ཐོགས་ཚེ་གཞི་ནས་ཤེས། །
༈འཛུམ་ནི་དོན་བརྒྱ་སྒྲུབ་པའི་སྔོན་འགྲོ་ཞིག
།
འཛུམ་ནི་ཤེས་རབ་རྩལ་གྱི་ངར་ལྕགས་ཤིག །
གང་དང་འཕྲད་ན་སོ་དཀར་འཛུམ་མདངས་ཀྱིས། །
དགའ་བས་བསུ་མ་བགྱིས་ན་དོན་ཀུན་འཁྱོངས། །
༈ དཀའ་བའི་གནད་ཀྱིས་མཆོག་གི་ཤེས་རབ་བསྐྱེད། །
ངལ་བའི་ཚེགས་ཀྱིས་བཟོད་པའི་གོ་ཆ་བགོ། །
སུ་ལ་དཀའ་ངལ་ལས་ཀྱི་གཉའ་ཤིང་མང་། །
དེ་ཡི་མདུན་དུ་དགོས་འདོད་ནོར་བུ་མང་། །
༈ ཁོང་ཁྲོ་དྲག་པོས་ལས་ལ་འཇུག་མི་བྱ། །
འཆི་བདག་ཞགས་པས་རང་ཉིད་བསྐོར་བའི་ཚེ། །
མི་ཚེའི་ནག་ཉེས་འགྱོད་གདུང་ནང་དུ་ལྷག །
༈ གཞན་གྱིས་ཁྱོད་ལ་སུན་སྣང་བསྐྱེལ་དུ་མེད། །
རང་གིས་བསམ་བཞིན་སུན་སྣང་འཚོལ་མི་རིགས། །
མིང་དུ་གྲགས་པའི་མཐར་སྡོམ་གྱི་ལེགས་བཤད་ཚན་པ་བཅུ།
༈ཆུ་རྙོག་ཐིགས་པ་གཅིག་གིས་རྐྱེན་བྱས་ཏེ།
།
ཆུ་གཙང་ཕོར་བ་གང་ཡང་རྙོག་མར་བསྒྱུར། །
འོན་ཀྱང་རྙོག་བྲལ་ཆུ་ཐིགས་གཅིག་ཉིད་ཀྱིས། །
ཆུ་རྙོག་ཕོར་གང་དྭངས་མར་བསྒྱུར་དུ་མེད། །
༈ བཟས་ཟིན་ཕོ་བར་གནས་པའི་ཟས་རིགས་དང་།
།
མི་མངོན་སེམས་སུ་ཉར་བའི་འདུན་མ་སྟེ། །
བཀླགས་ཟིན་བློ་ལ་ངེས་པའི་གླེགས་བམ་བཅས། །
སུས་ཀྱང་འཕྲོག་ཏུ་མེད་པའི་དངོས་པོ་གསུམ། །
༈ འདམ་རྫབ་ཁྲོད་ནས་རྟ་ཕོ་འགྱེལ་སླ་ཞིང་། །
གཏན་སྙན་ཁྲོད་མི་སེམས་འགྱེལ་སླ་འོ། །
༈ སྲིད་འདིར་སྐྱོ་དང་སྤྲོ་བའི་ཟློས་གར་ཞེས། །
འདྲེས་མེད་སོ་སོར་བཀར་བའི་དབྱེ་བ་མེད། །
སྐྱོ་གར་ཀློང་ནས་ཐར་ན་སྤྲོ་གར་ཉིད། །
སྤྲོ་གར་ཁོ་ནར་གཡེངས་ཚེ་སྐྱོ་གར་རོ། །
༈ གལ་ཏེ་དཔེ་ཀློག་ཐོས་པའི་མིག་བོར་ཚེ། །
ལེ་བར་ཁྲི་ཕྲག་ཉུལ་ཡང་ཁྱོད་ཉིད་ནི། །
ཕོ་ཉ་གླ་གཟན་ཞིག་གི་རྗེས་འགྲོ་ཙམ། །
༈ མཚན་ཐུན་དང་བོར་ཁྱིམ་མཚེས་བདག་པོ་ཡིས། །
རྣོ་སྦྲེང་སྒྲ་ཡིས་རྨི་ལམ་བསངས་ན་ཡང་། །
མཚན་ཐུན་གཉིས་པར་སྤྲོ་བའི་ཉམས་སྣང་གིས། །
སྐད་འབོད་བཏང་སྟེ་སྙན་ཞེས་འཆད་ཀྱང་འོས། །
༈ རེ་བ་ཁོ་ནས་མི་ཚེ་འདའ་འགྱུར་ན། །
བསྒུག་པའི་འབྲས་བུ་རྒས་པའི་ཐོད་གཉེར་ཙམ། །
༈ འཛད་མེད་གཏམ་གྱིས་གཏན་གྲོགས་མི་མཚོན་ཞིང་། །
ལབ་གླེང་བྲལ་ཡང་ཕན་ཚུན་སེམས་གཏིང་ནས། །
དགའ་དང་དུང་བས་སྦྲེལ་བ་གཏན་གྲོགས་སོ། །
༈ དུས་ཚོད་སེམས་ཁམས་གསོ་བའི་ལྷ་རྗེ་ཉིད། །
འོན་ཀྱང་གནད་དོན་ལག་ཏུ་བསྟར་བ་ལ། །
ཆེད་མཁས་ལག་རྩལ་མཁན་དུ་ལྟ་མི་རིགས། །
༈ མ་བསྒྲུབ་སྟོང་བསམ་འགྱོད་པས་གདུང་བས་ལས། །
བསྒྲུབས་པའི་ནོར་འཆུག་འགྱོད་པས་བཤགས་ན་དགའ། །
༢༠༡༦ ༢ ༡༨
རྩོམ་དབང་འདི་གར་དབང་བས་ངེད་དྲ་བའི་ཆོག་མཆན་མེད་པར་གང་འདོད་དུ་འཕྲིན་སྟེགས་སོགས་སུ་བརྒྱུད་འགོད་བྱས་མི་ཆོག
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|