ཚེ་ཕྱི་མའི་ཡུལ་ཡོད་དམ།


སྲོལ་རྒྱུན་ཆོས་ལུགས་ལྟར་ན"ཚེ་ཕྱི་མའི་ཡུལ"ཞེས་པའི་གནས་འཇིགས་སུ་རུང་བ་ཞིག་ཡོད་པར་སྣང་། འོན་ཀྱང་མི་ལ་ལས། མིའི་བློ་ངོར་མི་ཆོས་དང་མི་མཐུན་པའི་ལས་ལ་ཞུགས་པ་དེ་འགོག་བྱེད་དུ་བཤད་པ་ལས་དོན་དངོས་སུ་དེ་ལྟ་བུ་ཞིག་གཏན་ནས་མེད་ཅེས་བཤད་དེ། དོན་དངོས་སུ་དེ་ལྟ་བུ་ཞིག་ཡོད་དམ།

 དྲི་བ། མཚོ་སྔོན་གསོ་རིག་སློབ་གླིང་གི་རྨ་སོག་བཀྲ་ཤིས་དབང་ཕྱུག   ལན། སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར། 

    སྐྱེ་བ་སྔ་ཕྱི་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་དང་མཚན་ཉིད་རིག་པའི་གནད་དོན་ཞིག་མ་ཡིན་པར་འགྲོ་བ་མིའི་རིགས་ཀྱི་གནད་དོན་ཞིག་རེད། གནད་དོན་དེ་ཐག་གཅོད་པར་ད་གཟོད་ཆོས་ལུགས་བྱུང་བ་རེད། མཐར་གཏུག་ན་སྐྱེ་སྔ་ཕྱི་ཡོད་མེད་དེ་རྣམ་ཤེས་ཡོད་མེད་ལ་ཐུག་ཡོད་པ་རེད། མི་ཤི་ཚེ་རྣམ་ཤེས་ཡོད་མེད་ལ་རྩོད་པ་བྱེད་བཞིན་ལོ་སྟོང་ཕྲག་མང་བོ་འགོར་བ་རེད། འོན་ཀྱང་གནད་དོན་འདི་ད་དུང་ཐག་མ་ཆོད་ཅིང་དཔྱད་གཞིའི་ཡིག་ཆ་རེ་གཉིས་ལྟར་ན་སྐྱེ་བ་སྔ་ཕྱི་ནི་ད་ལྟའང་ཚན་རིག་གིས་ཀྱང་རྟོགས་ཐུབ་མེད་པས་ཚན་རིག་པ་མང་བོས་རྣམ་ཤེས་ལ་ཞིབ་འཇུག་བྱེད་བཞིན་པ་མ་ཟད། སེམས་ཁམས་རིག་པ་མང་བོས་ཞིབ་འཇུག་གི་ཁ་ཕྱོགས་འདི་ལ་སྤྲོ་བ་བླ་ལྷག་རྒྱས་ཡོད་ཟེར།"ཚན་རིག་གི་ལས་འགན་ནི་ང་ཚོས་ཤེས་མེད་པའི་རིགས་ལ་ཞིབ་འཇུག་བྱས་ནས་མ་ཤེས་པ་དེ་ཤེས་པར་བྱེད་རྒྱུ་དེ་ཡིན"པས་གནད་དོན་འདི་ཐག་ཆོད་ན་འགྲོ་བ་སེམས་ཅན་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་ཡིད་ཆེས་བྱེད་པ་ལས་རང་འཁྲུལ་གཞན་རྨོངས་ཀྱིས་རང་ཉིད་ཀྱི་དགོས་པར་དམིགས་པ་ཞིག་གཏན་ནས་མིན། གནད་དོན་དེ་ལས་བལྟས་ན་ཚན་རིག་པ་མང་བོ་ཞིག་གིས་སྐྱེ་བ་སྔ་ཕྱི་མེད་པའི་བསྡོམས་ཚིག་བཞག་ཡོད་ནའང་མིག་སྔའི་གནས་བབས་ལས་དཔྱད་ནས་ཚན་ རིག་མང་བོས"སྐྱེ་བ་སྔ་ཕྱིའི་ཚན་རིག"ཅེས་ཚན་རིག་གི་གནད་དོན་ཞིག་ཏུ་གཏན་ལ་ཕབ་པ་འདི་ཚན་རིག་གི་བྱ་བ་ཡར་རྒྱས་སུ་སོང་བའི་རྟགས་མཚན་ཞིག་རེད་སྙམ། དེ་ཡང་ཡིན་ཏེ།"ཚན་རིག་གི་མཁས་དབང་ཚོས་བཏོན་པའི་ལྟ་ཚུལ་ཚང་མ་བདེན་དོན་ཡིན་པའི་ངེས་པ་མེད་ལ་ཚང་མས་ཡིད་ཆེས་བྱས་པའི་བསམ་བློ་དེ་ཡང་དག་པ་ཡིན་པའི་ངེས་པ་ཡང་མེད་པ"བཞིན་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པ་ནི་བདེན་དོན་འཚོལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད།

    དེང་རབས་གསོ་བ་རིག་པའི་སྙིང་དཔྱད་གློག་ཀླད(心电图)ལས་གློག་རླབས་སྙོམས་པོར་གནས་ཚེ་མི་དེ་ཤི་བར་འཇོག་བཞིན་ཡོད། འོན་ཀྱང་དེའི་ཚེ་རྣམ་ཤེས་ མེད་དམ་ཞེ་ན། ཀ་ན་ཊའི་མིང་དུ་གྲགས་པའི་སྨན་རམས་པ་བིན་ཧྲ་ཟེར་བས་མིའི་ རྣམ་ཤེས་ནི་ལུས་ལ་གནས་ཤིང་ཤི་བའི་དུས་སུ་རྣམ་ཤེས་ལུས་དང་ཁ་འབྲལ་བའི་ངོས་འཛིན་བྱས་ནའང་ཡོངས་ཁྱབ་ནས་བདེན་དཔང་གསལ་བོ་ཞིག་གསུངས་མི་འདུག ཧྥ་རན་སིའི་སྨན་པ་ཞིག་གིས་ཁྱད་མཚར་བའི་ཚོད་ལྟ་བརྒྱུད་ནས་མགོ་བོ་ལུས་དང་བྲལ་བའི་སྐད་ཅིག་མ་དེར་རྣམ་ཤེས་ཡོད་པ་གཏན་ལ་ཕབ། འདས་ལོག(濒死)ལ་ཞིབ་འཇུག་བྱས་པ་ལྟར་ན་སྙིང་དཔྱད་གློག་རིས་སྙོམས་པར་བསྡད་པའི་སྐབས་རྣམ་ཤེས་ཀྱི་རྒྱུན་ཡོངས་སུ་ཆད་པ་མིན་པར་གཤིན་པོར་འཕྲུལ་སྣང་སྣ་ཚོགས་ཤིག་སྐྱེས་པ་རེད། སེམས་ཁམས་སྤྱི་ཚོགས་རིག་པ་བ་ཁུན་ཉེ་སི་ལ་ཡིན་གུ(肯尼斯赖因格)ཡིས་འདས་ལོག་གི་དུས་ཡུན་བཞི་རུ་བགོས་ཡོད། གོ་རིམ་དང་བོར། རང་ཉིད་རླུང་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་ཞིང་ཆེ་ལྷིང་འཇགས་དང་ལྷོད་ཡངས། བདེ་སྣང་བྱུང་བ། གཉིས་པར། རླུང་འཚུབ་ཅིག་གིས་ཁོད་ཡངས་པའི་མུན་དོང་དུ་དྲངས་པ་དང་མདུན་ཕྱོགས་སུ་འདེད་པའམ་འཐེན་པ་མ་ཟད་སྒྲ་འཇིགས་སུ་རུང་བ་ཞིག་ཐོས་པ། གསུམ་པར། དོང་སྣེར་འོད་ཅིག་འཚེར་བ་དང་དེ་ཉེ་སར་སླེབས་དུས་སུ་གཟུགས་སྟོབས་ཆེ་ཞིང་མཛེས་སྡུག་ལྡན་པ། འོད་སྒོར་མང་བོས་བསུ་བ། བཞི་བར། རང་ཉིད་འོད་དེར་ཐིམ་པ་ལས་སྟོང་བསམ་དང་གཅིག་ཏུ་འདྲེས་པ་ཇི་བཞིན་བདེ་བ་ཁྱད་པར་ཞིག་སྐྱེས་ཏེ་སྟོང་གསུམ་གྱི་གསང་བ་ཡོད་ཚད་རང་ལ་དབང་ཐོབ་པའི་ཉམས་སྣང་ཤར་བ་བཅས་ཏེ། འདི་ལས་རྣམ་ཤེས་དང་ཤི་བའི་བར་གྱི་འབྲེལ་བའི་ཐད་ནས་དཔྱད་གཞི་ཆེན་པོ་ཞིག་མཁོ་འདོན་བྱས་པ་སྟེ་ལུས་དང་རྣམ་ཤེས་ཁ་འབྲལ་བ་དེ་ཤི་བ་ཡིན་པར་གསལ་བོར་མཚོན་ཞིང་། དུས་ཡུན་ངེས་ཅན་ཞིག་རྣམ་ཤེས་ཕྱིར་ལུས་ལ་ཞུགས་ཏེ"འདས་ལོག"བྱུང་བའི་གནས་ལུགས་དེ་གསལ་བོར་མཚོན་ཐུབ། ད་དུང་ཉེ་བའི་ལོ་འགའི་ནང་ཀ་ན་ཊ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ་སོགས་ནས་ལོ་བརྒྱ་ཕྲག་མང་བོར་ཆབ་རོམ་དུ་ལུས་པའི་མི་རོར་གསར་དུ་དབུགས་འབྱིན་རྔུབ་བཅུག་པ་ལས་མི་ཤི་རྗེས་རྣམ་ཤེས་ད་དུང་ཡུན་རིང་དུ་སྡོད་པའི་གསལ་བཤད་བྱས། འོན་ཀྱང་། འདིའི་སྐོར་གྱི་ཡིག་ཆ་མ་འཛོམས་པས་དུས་ཡུན་རིང་བོ་དེའི་ནང་དུ་གཤིན་པོར་འཕྲུལ་སྣང་ཇི་བྱུང་ཐད་ནས་བརྗོད་ཐབས་བྲལ།

    སི་ཕན(新加波)རྒྱལ་ཁབ་ཀྱི་ལྷོ་ཕྱོགས་གྲོང་བརྡལ་ཞིག་ཏུ་བུད་མེད་ཅིག་དང་མོའི་ཚ་མོ་གཉིས་ཀྱིས་རང་གི་ཁྱིམ་དུ་སར་བཏིངས་པའི་སོ་ཕག་ལ་གདོན་གཟུགས་ཤིག་ཐེངས་འགར་མཐོང་ཞིང་དེའི་ནང་བུ་མོ་ཞིག་ཀྱང་ཡོད། རྗེས་སུ་བརྟག་དཔྱད་བྱས་པ་ལྟར་ན་ཁང་བ་འདིར་དུས་རབས་བར་མའི་བང་སོ་ཞིག་ཡོད་ཅིང་། དེ་ལས་ཀྱང་མཚར་བ་ཞིག་ནི་དེ་གའི་སྒྲ་ཕབ་འཕྲུལ་ཆས་ཀྱི་སྒྲ་ཐག་ལ་དོན་མི་གོ་བའི་སྐད་ཆ་ཡ་མཚན་ཞིག་ཕབ་ཡོད། སྐད་ཆའི་བབ་ལ་བརྟགས་ན་སྐྱོ་གདུང་གིས་ཁེངས་ལ་ཕལ་ཆེར་སྣང་བའི་གཟུགས་རིས་ཀྱི་ཉམས་འགྱུར་དང་འདྲ་ཟེར། དེང་གི་ཚན་རིག་གིས་འདིའི་རིགས་ལ་འགྲེལ་བཤད་གསལ་བོ་ཞིག་བྱེད་མ་ཐུབ།  1963ལོར་ལུས་ཁམས་རིག་པ(生理学)དང་གསོ་བ་རིག་པའི་ནོ་པེའར་བྱ་དགའ་ཐོབ་པའི་ཨོད་ཧྭ་ཨད་ཁུའར་སིས་མི་ཞིག་གི་མངལ་གྱི་འཕེལ་རིམ་མམ་བྱིས་པའི་སྐབས་སུ་གཟུགས་ཅན་མ་ཡིན་པའི་བསམ་གཞིག་དང་ཤེས་རྟོགས་ཀྱི་ནུས་པ་ཞིག་ཡོད་གསུངས། འདི་ནི་མིའི་ཁྱད་ཆོས་ཤིག་ཏེ་འདི་ལ་འདུ་ཤེས་དང་བསམ་གཞིག དགའ་སྡང་སྔངས་སྐྲག་བཅས་འདུ་ཞིང་གཟུགས་ཅན་མ་ཡིན་པའི་བདག་དེ་གཟུགས་སུ་གྲུབ་པའི་ཀླད་པ་འཇིག་ནའང་ད་དུང་གསོན་པའི་བསྡོམས་ཚིག་བཞག་པ་དེས་ཐེ་ཚོམ་ཅི་ཡང་མེད་པར་རྣམ་ཤེས་རྒྱུན་མི་ཆད་པར་ཁས་བླངས་པ་རེད།

    དེང་འདིར་མི་རྣམས་ཧ་ལས་པའི་ངོ་མཚར་བ་ཞིག་ནི་པོ་ཅ་ལི་ཡི་བུ་མོ་གཟུགས་ཡག་འཕེལ་ཟེར་བ་སྐྱེས་ནས་ཟླ་གཉིས་ལོན་པ་ན། ཧྥ་རན་སིའི་སྐད་དང་ དབྱིན་ཇི། སི་ཕན། ཨུ་རུ་སུ། སྟག་གཟིག ལི་ཐོ་དབེན་གྱི་སྐད། ཉམས་ཟིན་པའི་ལ་ཏིང་གི་སྐད། རང་གི་རྒྱལ་ཁབ་ཀྱི་སྐད་དང་བཅས་དགུ་ཤེས་པར་གྱུར་ཅིང་། ད་དུང་འཛམ་གླིང་གི་ས་གནས་སོ་སོར་ཡང་འདི་ལྟ་བུའི་སྣང་ཚུལ་ཧ་ཅང་མང་ཟེར་ཀྱང་། འདིའི་རྒྱུ་རྐྱེན་ལ་ད་ལྟའི་ཚན་རིག་གིས་གང་ཅིའི་ཐད་ནས་ཞིབ་འཇུག་གམ་འགྲེལ་བཤད་གཏན་ནས་བྱེད་ཐུབ་མེད་ན་ཡང་བྱིས་པ་འདིའི་རིགས་ཀྱིས་མ་བསླབས་པར་ སྐད་རིགས་སྣ་ཚོགས་ཤེས་པ་འདི་ཕལ་ཆེར་གཤམ་ནས་འབྱུང་བའི་སྐྱེ་བ་སྔ་ཕྱི་དྲན་པ་དང་གཅིག་མཚུངས་ཡིན་པས། ནང་བའི་གོམས་པའི་རྟགས་ཀྱིས་སྐྱེ་བ་སྔ་མ་ཡོད་པར་སྒྲུབ་ཚུལ་དང་སྦྱར་ན་ཤིན་ཏུ་འཕྲོད་པར་མ་ཟད་དཀའ་གནད་འགའ་ཞིག་ཀྱང་གསལ་འདོན་བྱེད་ཐུབ། འོན་ཀྱང་ཚན་རིག་པས་ཐབས་ལམ་འདི་བཀོལ་ནས་དཔྱད་པ་ད་དུང་བཏང་མེད།

    དཔེ་དེབ་འགའ་རེས་མི་གཉིད་དུ་ཡུར་དུས་རྨི་ལམ་ནས་རང་ཉིད་ཀྱི་སྐྱེ་བ་སྔ་མར་སླེབས་པ་ལྟ་བུའི་སྣང་ཚུལ་བྱུང་བས་སྐྱེ་བ་སྔོན་མར་བསྡད་མྱོང་བའི་ཁང་ཁྱིམ་དང་བགྲོད་མྱོང་བའི་ལམ། ཕ་མ་དང་གཉེན་ཉེ་སོགས་ཀྱི་མིང་བརྗོད་འདུག འོན་ཀྱང་། སྐྱེ་བ་སྔ་ཕྱིར་ཞིབ་འཇུག་པ་འགའ་དོན་དངོས་དང་མི་འབྲེལ་བ་ཕར་ཞོག་རྫུན་གཏམ་དང་བསླུ་བྲིད་འབའ་ཞིག་ཡིན་པའི་ངོས་འཛིན་བྱས། འབྲེལ་ཡོད་ཡིག་ཆ་ལྟར་ན་རྨི་ལམ་ལ་འདས་པ་དྲན་པའི་ནུས་པ་ཡོད་པ་མ་ཟད། སྔོན་དཔག་གི་ནུས་པ་ཁྱད་མཚར་ཞིག་ཀྱང་ཡོད་པ་རེད། དེ་བས་རྨི་ལམ་ལས་གོང་ལྟར་སྣང་བ་ཡོད་ཚད་བདེན་པའི་ངེས་པ་གཏན་ནས་མེད་ནའང་། ཡང་དག་པའི་ཆ་ཡོད་པའང་སོམ་ཉི་མི་དགོས་པ་ཞིག་ཡིན། དཔྱད་གཞི་ལྟར་ན་དབྱིན་ཇིའི་ལྕམ་མོ་བོའུ་ཉེ་ཁུ་ཁུའར(詹文尼科克尔)ཟེར་བས་རྒྱུན་དུ་རྨི་ལམ་ལ་རང་ཉིད་ཀྱི་སྐྱེ་བ་སྔ་མ་བསྡད་པའི་ས་ཆ་དང་།  བྱིས་པ་ཡང་ཡང་ཤར་བས་ས་ཁྲའི་སྟེང་ནས་ས་ཆ་དེ་བཙལ་ནས་རྙེད་པ་མ་ཟད་རྗེས་སུ་ མཇལ་དུས་བྱིས་པ་དང་ཁྱིམ་ཚང་ནང་གི་བཀོད་པ་སོགས་ཡོད་ཚད་རྨི་ལམ་བཞིན་ བྱུང་སྟེ་སྤྱི་ལོ་གོ་གསུམ་ལོར་ཁྱིམ་དེ་རུ་དགའ་འཛོམས་སྟོན་མོ་ཞིག་བྱས་པར་མ་ཟད། མོས་ད་དུང《བུད་མེད་ཅིག་གིས་དུས་ཚོད་དང་ཤི་བ་བརྒལ་ཏེ་རང་ཉིད་ཀྱི་སྐྱེ་བ་སྔ་མའི་བུ་ཕྲུག་བཙལ་ཏེ་རྙེད་པ》ཞེས་པའི་དཔེ་དེབ་ཅིག་ཀྱང་བྲིས་ཡོད། མཁས་པ་ལ་ལས་ཁུ་ཁུའར་གྱི་རྨི་ལམ་ནི་མོས་བཀླགས་པའི་སྒྲུང་དང་ཐོས་པའི་གཏམ་རྒྱུད་ཀྱི་ཚོར་སྣང་ལས་གྲུབ་ཟེར་ནའང་རྨི་ལམ་དེ་མོ་རང་ལོ་གསུམ་ལ་ལོན་དུས་ཐོག་མར་རང་གི་མ་ཡུམ་ལ་བཤད་པས་ཕལ་ཆེར་སྐྱེ་བ་སྔོན་མ་ལ་འབྲེལ་བ་ཡོད་པ་སྨོས་མ་དགོས། སྨྱོ་ནད་རིག་པ་བ་ཆེན་པོ་པུ་ལ་ཨུན་བེ་སི་ཆེས་ཀྱིས་དེ་ནི་བརྫུན་གྱིས་བསྒྲིགས་པ་ཞིག་གཏན་ནས་མིན་པའི་ངོས་འཛིན་བྱས།

    ཉེ་ལམ་འཛམ་གླིང་གི་ས་གནས་སོ་སོར་སྐྱེ་བ་སྔོན་མ་དྲན་པའི་མི་གང་མང་ཞིག་ཐོན་པ་དེས"མི་ཤི་རྗེས་རྣམ་ཤེས"ཡོད་མེད་ཞིབ་འཇུག་བྱེད་མཁན་དག་ལ་ དཔྱད་གཞི་ཆེན་པོ་ཞིག་མཁོ་འདོན་བྱས།1926ལོར་རྒྱ་གར་གྱི་ལྡི་ལིར་སྐྱེས་པའི་བུ་མོ་ཞང་དྷི་ཏི་པད་ཟེར་བ་ཞིག་སྐྱེས་པ་དེས་ལོ་བདུན་ནས་མོའི་སྐྱེ་བ་སྔོན་མ་མ་ཐི་ལ་ནས་བསྡད་པའི་གནས་ཚུལ་དང་ད་དུང་གཉེན་སྒྲིག་ནས་བྱིས་པ་གསུམ་སྐྱེས་པར་བཤད། གཏམ་འདིར་རྒྱ་གར་སྲིད་གཞུང་གིས་དོ་སྣང་བྱས་ཏེ་ཆེད་དུ་རྟོག་དཔྱོད་བྱས་པར་ཞང་དྷིས་རང་གི་སྐྱེ་བ་སྔོན་མའི་སྡོད་གནས་དང་། ཁང་བ། འཚོ་བ། བྱིས་པ། གྲོགས་པོའི་བར་གྱི་འབྲེལ་བ་སོགས་མ་འཁྲུལ་བར་ངོས་འཛིན་དང་གསལ་བརྗོད་བྱས་པ་མ་ཟད། ས་དེར་སྡོད་དུས་དེའི་ཕལ་སྐད་ཀྱིས་གླེང་མོལ་བྱས་པ་སོགས་ཀྱིས་སྲིད་གཞུང་གིས་ཞང་དྷི་ཤི་ནས་སླར་སྐྱེ་བ་ཞིག་ཏུ་ཁས་ལེན་མི་བྱེད་ཐབས་མེད་བྱུང་།"དེ་བཞིན་ཨ་མེ་རི་ཀའི་བུད་མེད་ཅིག་གིས་སྐྱེ་བ་ཞེ་བདུན་བླངས་ཚུལ་དྲན་ཞིང1890ལོར་མོས་བུད་མེད་སྨན་པ་མིང་གྲགས་ཅན་ཞིག་བསྟེན་མྱོང་བ་བརྗོད་པ་བཞིན་སྨན་པའི་ལོ་རྒྱུས་སུ་ངོ་མ་མོས་བཤད་པ་ལྟ་བུའི་སྨན་པ་ཞིག་བྱུང་མྱོང་བས་ད་ལྟ་འདི་ལ་བརྟག་བཞིན་ཡོད་ཟེར། ནང་ལོགས་ས་ཁུལ་དུའང་འདི་འདྲ་མང་བོ་བྱུང་ཡོད། དཔེར་ན་ཀྲད་གོ་ཡུག(折国娥)ཟེར་བའི་བུ་མོ་དེ1918ལོར་མ་ཅ་ཐན()ཟེར་བའི་སྡེ་བ་ཞིག་ཏུ་སྐྱེས་ཤིང་མིང་ལ་གྱང་ཧྥུ་ཏ་ཟེར་སྟེ་དེའི་ཤི་བའི་དུས་དང་། རྒྱུ་རྐྱེན། ཁྱིམ་ཚང་དང་བུ་ཕྲུག་སོགས་ཀྱི་གནས་ཚུལ་བཤད་པ་བཞིན་ས་དེར་སོང་ནས་བརྟག་པ་ན་དངོས་གནས་མོས་བཤད་པ་ལྟར་བྱུང་། རྗེས་སུ་མོ་ཁྲིད་ནས་ས་དེར་སོང་དུས་ཁྱིམ་ཚང་དང་སྲང་ལམ། ཁོར་ཡུག ཉེ་འབྲེལ། བུ་ཕྲུག་སོགས་ཐམས་ཅད་ངོས་ཟིན་པས་དེའི་སྐྱེ་བར་ཁས་མི་ལེན་ག་མེད་བྱུང་།

    རྒྱལ་སྤྱིའི་ཚེ་སྲོག་ཞིབ་འཇུག་ཁང་གི་ཡིག་ཆ་ལྟར་ན1987ནས1991ལོའི་བར་ དམངས་ཁྲོད་དུ་བཅར་འདྲི་དང་བརྟག་དཔྱད། འཚོལ་སྡུད་བྱས་པ་ལས་ཡང་སྲིད་ཀྱི་གནས་ཚུལ་མང་བོ་བསྡུས་ཡོད་ཟེར། དཔེ་མཚོན་དྲུག་འདྲ་པར་དང་བཅས《 麒麟文化》ཞེས་པའི་དེབ་ཏུ་བཀོད་པ་དེར་རྒྱ་ནག་གི་མཁས་པ་ཚོས་ཡོངས་ཁྱབ་ནས་དོ་སྣང་ཆེན་པོ་བྱས་ཏེ་ཞིབ་འཇུག་གི་སྤྲོ་སྣང་རྒྱས་བཞིན་ཡོད། དེ་བཞིན་ཧྥ་ཅི་ཉེ་ཡ་སློབ་གྲྭ་ ཆེན་མོའི་སྨྱོ་ནད་རིག་པའི་སློབ་དཔོན་ཆེན་མོ་ཧྲི་ཏེ་ཤུན་སུང་གིས1964ལོ་ནས་རང་གི་ཆེད་ལས་བསྐྱུར་ཏེ་ནུས་ཤུགས་ཡོད་ཚད་ཀྱིས་རྣམ་ཤེས་ཀྱི་ཚུལ་དང་ཁྱད་པར་སྐྱེ་བ་སྔ་ཕྱི་གནད་དུ་བཟུང་ནས་ཞིབ་འཇུག་བྱས་ཏེ་མིང་དུ་གྲགས་པའི་ཞི་བའི་གློག་པར(静电印刷)དང་བརྙན་པར་འཕྲུལ་ཆས་གསར་གཏོད་པ་སི་ཐེ་ཁའར་སུང(斯特卡尔森)གིས་རོགས་རམ་ཆེན་པོ་བྱས་པ་ལས་རྒྱ་གར་དང་། འབར་མ། ཐུའར་ཅི། ལེ་པ་ནན། མེ་གླིང་ནུབ་བྱང་དུ་ཡང་སྲིད་ཀྱི་དཔེ་མཚོན་དཔྱད་གཞི700ལྷག་བསྡུས་པ་ནི་བདེན་དཔང་ཆེན་པོ་རེད། དེ་དག་ལས་བལྟས་ན་སྐྱེ་བ་སྔ་ཕྱི་དོན་དངོས་ལས་ར་འཕྲོད་བྱུང་ཟིན་ནའང་། ཕྲ་ཞིབ་ཀྱི་གནས་ཚུལ་མང་བོ་ཞིག་ད་དུང་ལྐོག་ཏུ་གྱུར་པས་ཡོངས་ཁྱབ་ནས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཞིག་ཡོད་པ་རེད། དེའི་ཕྱིར་འཛམ་གླིང་ཚན་རིག་པ་དང་ཞིབ་འཇུག་པ་མང་བོས་སེམས་ཀྱི་སྣང་ཚུལ་རིག་པ་ཞེས་གཏན་ལ་ཕབ་ནས་ཞིབ་འཇུག་བྱེད་བཞིན་པ་དེར་ཆོས་ལུགས་ཀྱི་སྐྱེ་བ་སྔ་ཕྱིའི་ལྟ་བས་ཤུགས་རྐྱེན་དང་སྐུལ་འདེབས་ཆེན་པོ་ཞིག་གནང་ངེས་པས་དེ་དག་གི་མིག་ཟུང་དབང་མེད་དུ་བོད་བརྒྱུད་ནང་བསྟན་གྱི་སྟེང་དུ་འཁོར་བཞིན་ཡོད།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-02-20 ལྟ་ཀློག (7794)