2016ལོའི་ཚོ་ཤོག་གསར་པའི་ལོ་སར་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།​

2016ལོའི་ཚོ་ཤོག་གསར་པའི་ལོ་སར་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།


པདྨ་ལྷུན་གྲུབ་ཀྱིས་གཏམ་བཤད་སྤེལ་བཞིན་པ།


མང་ར་རྒྱལ་མཚན་གྱིས་གཏམ་བཤད་སྤེལ་བཞིན་པ།


2016ལོའི་ཚོ་ཤོག་གསར་པའི་ལོ་སར་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

     ཚོ་ཤོག་གསར་པའི་ཚོང་ལས་དཔུང་སྡེས་གཙོ་སྒྲུབ་དང་མཚོ་སྔོན་ཚོ་ཤོག་གསར་པའི་ཁེ་ལས་བློ་འདོན་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་གནང་བའི་མཚོ་སྔོན་ཚོ་ཤོག་གསར་པའི་སྤྱི་ལོ2016ལོའི་ལོ་སར་གྱི་བཞུགས་མོལ་ཚོགས་འདུ་དེ་ཉེ་ལམ་གནའ་མཁར་ཟི་ལིང་ཨ་ཁུ་པདྨ་མི་རིགས་གླུ་གར་གླིང་ནས་གཟབ་རྒྱས་ངང་བསྡུས་ཤིང་། 
ཐེངས་འདིའི་ལོ་གསར་ཚོགས་འདུ་ནི་ཚོ་ཤོག་གསར་པའི་ཁེ་ལས་བློ་འདོན་ཚད་ཡོད་སྤྱི་གཉེར་ཁང་གིས་མཚོ་སྔོན་གྱི་ཁེ་ལས་ཆེ་གྲས་ཁག་དང་མཉམ་སྦྲེལ་གྱིས་སྒྲུབ་པ་ཡིན།
     ཚོ་ཤོག་གསར་བའི་ཞབས་ཞུའི་དམིགས་ཡུལ་ནི་ཟི་ལིང་དུ་བྱ་བ་གཉེར་མཁན་དང་། རང་ཞིང་གི་གོང་དུ་འཕེལ་བཞིན་པའི་ལས་རིགས་སོ་སོའི་ཕུལ་བྱུང་མི་སྣར། ཐོན་ཁུངས་ནུས་ལྡན་གྱིས་ལེགས་སྒྲིག  ཐུན་མོང་གིས་འཕེལ་རྒྱས་ཀྱི་འཆར་འགོད་ལ་གྲོས་སྡུར། དགེ་རྒན་དང་སྤུན་གྲོགས་ངོ་ཤེས། མཉམ་ལས་ཀྱི་གོ་སྐབས་དམ་འཛིན། མཉམ་གཅིག་ཏུ་འབྱུང་འགྱུར་གྱི་འཕེལ་ལམ་གསར་གཏོད་ཀྱིས།  ཕན་ཚུན་ངོ་ཤེས་དང་རྒྱུས་མངའ་ཡོད་པ། ཐོན་ཁུངས་མཉམ་སྤྱོད། ཕན་ཚུན་རོགས་རེས། ཡུལ་མི་སྤུན་ཟླའི་བརྩེ་བ་དམ་ཟབ་གཏོང་བའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་སོགས་དང་། ཁེ་ལས་སོ་སོ་དང་མི་སྒེར་ལ་མཐུན་པའི་སྤྱི་ཚོགས་དགོས་མཁོ་དམིགས་སུ་བཟུང་ནས་སྒྲུབ་པ་ཡིན།
     ཕྱོགས་སོ་སོའི་བོད་ཀྱི་ན་གཞོན་གཙོ་བྱས་ཁེ་ལས་དང་མི་སྒེར་སོགས་མི་བརྒྱ་ཕྲག་ལྷག་ཚོགས་འདུར་འདུས། ཚོགས་རའི་ནང་ཁག་བགོས་ལྟར་གདན་ཞུའི་ཆེད་མཁས་འཆད་ཁྲིད་འོག་བགྲོ་གླེང་བྱས་པ་དང་། དེར་མཐུད་ཚོགས་ཞུགས་སྤྱི་གཉེར་ཁང་དག་གི་གནས་ཚུལ་རགས་བསྡུས་དང་། གཏམ་བཤད། ས་ཁུལ་བོད་ཚོང་གི་གནས་ཚུལ་ངོ་སྤྲོད་སོགས་གཏམ་གླེང་མང་དུ་བྱས་ཤིང་། འདི་དང་འདི་ལྟ་བུའི་ཚོགས་འདུའི་གོ་སྐབས། བོད་ཚོང་བརྡ་འཕྲིན་རྗེས་རེས་ཀྱི་ཚོང་ལས་གནད་དམིགས་རང་བཞིན་གྱི་བྱ་འགུལ་འཐུས་ཚང་དུ་གཏོང་བའི་རེ་འདུན་སོགས་མང་དུ་བཏོན། 
     གདན་ཞུའི་སྐུ་མགྲོན་རྒན་མང་རའི་རྒྱལ་མཚན་ལགས་ཀྱིས་ཚོགས་ཐོག་ནས་ང་ཚོས་དོ་སྣང་བྱ་དགོས་པའི་དཔལ་འབྱོར་གྱི་རྒྱུན་ཤེས་དང་རྨང་གཞིའི་ཤེས་བྱ་དང་། ལྷག་པར་དུ་བོད་ཀྱི་ཁེ་ལས་པའི་དཔེ་ཀློག་འདུ་ཤེས་དང་ཚོང་རའི་ལམ་ལུགས་ཀྱི་རྨང་གཞི་བརྩི་མཐོང་བྱེད་དགོས་པའི་གནད་དོན་ལ་དངོས་བྱུང་དཔེ་མཚོན་དང་གཞུང་ལུགས་མང་དུ་དྲངས།
     ཐེངས་འདིའི་ཆེད་ཞུའི་དགེ་རྒན། བོད་ཀྱི་སྲིད་ཇུས་ཞིབ་འཇུག་ཆེད་མཁས་པ་ཆམ་ཚང་པདྨ་ལྷུན་གྲུབ་ལགས་ནས་དབུལ་སྐྱོར་དང་ལས་བསྐྲུན། སྐྱེ་ཁམས། NGOསོགས་ཀྱི་སྲིད་ཕྱོགས་གཙོ་གཉེར་དང་སྲིད་ཇུས་འཚོལ་སྟངས་སྐོར་ངོ་སྦྱོར་གནང་བ་མ་ཟད། ན་གཞོན་དག་གིས་བཏོན་པའི་ལས་བསྐྲུན་ལས་གཉེར་ཁྲོད་འཕྲད་པའི་སྲིད་ཇུས་ཀྱི་དཀའ་ཉོག་དང་གེགས་བར། ལས་གཉེར་དོགས་གཞི་སོགས་ལ་དཔེ་དང་ཡིག་ཚགས་ལས་བསལ་འགྲེལ་གནང་།
     མཐར། རྒོད་པོ་འཕུར་ས་གནམ།། སྟག་མོ་མཆོང་ས་ནགས།།ཞེས་བོད་དམངས་ཁྲོད་ཀྱི་གཏམ་དཔེ་དྲངས་ནས་ན་གཞོན་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་གལ་ཆེན་རང་བཞིན་གྱི་ཁ་ཏ་མང་དུ་བྱས་ནས། 2016ལོའི་ཚོ་ཤོག་གསར་པའི་ལོ་སར་བཞུགས་མོལ་ཚོགས་འདུ་བདེ་ལེགས་ངང་མཇུག་སྒྲིལ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-02-19 ལྟ་ཀློག (2998)