ཧྭ་ཧྥོར་སྤྱི་བསྒྲགས་སློབ་ཚན་ལས་བསྒྱུར་བའི་ལེགས་བཤད་ཚན་པ་བཞི།

ལེགས་བཤད་ཁག་བཞི།

 

དང་པོ། ལས་དབང་ནི་རང་ཉིད་ཀྱི་ལག་ན་ཡོད།

 འཚོ་བ་སྤྱིར་བཏང་ཡིན་པའི་མི་ཞིག་གིས་རང་གི་ལས་དབང་ཅི་འདྲ་སྙམ་ནས་འཚམ་པ་ཞིག་གི་མདུན་དུ་འདྲི་བར་བྱིན། 

ཁོ་ན་རེ། ཁྱེད་ཀྱིས་བལྟས་ན་ལས་དབང་ངོ་མ་འདུག་གམ། 

འཚམ་པ་ན་རེ། འདུག 

ཁོ་ན་རེ། དེ་ན་ངའི་ལས་དབང་དེ་གང་ན་འདུག

འཚམ་པས་ཁོའི་ལག་པ་གཡོན་པ་རྐྱོང་དུ་བཅུག་ནས་གསལ་བོར་བསྟན་ཏེ་ན་རེ། ཁྱོད་ཀྱིས་གསལ་བོར་མཐོང་སོང་ངམ། 

འཕྲེད་ཐིག་འདི་ནི་མཛའ་བརྩེ་ཡི་ཐིག་རེད། གསེག་ཐིག་འདི་ནི་བྱ་གཞག་གི་ཐིག་རེད། ད་དུང་གཞུང་ཐིག་འདི་ནི་ཚེ་སྲོག་གི་ཐིག་རེད། 

འཚམ་པས་ཁོའི་སྤར་ཁ་ག་ལེར་སྡོམ་དུ་བཅུག་ནས་ན་རེ། ཁྱོད་ཀྱིས་ཤོད་དང་ཐིག་དེ་དག་གང་ན་འདུག

མི་དེ་ནི་འཐམ་འཐོམ་ངང་ན་རེ། ངའི་ལག་ནང་དུ་འདུག

འཚམ་པ་ན་རེ། དེ་ན་ལས་དབང་གང་དུ་འདུག

མི་དེ་ནི་མཐར་མཇུག་གློ་བུར་དུ་རྨོངས་གཉིད་ལས་སད་པར་གྱུར།

གཉིས་པ། རང་ཉིད་ཀྱི་ལམ་བུ་སྙོགས། གཞན་གྱིས་ཅི་ཞིག་བཤད་ཀྱང་བཤད་དུ་ཆུགས། 

སྦལ་པ་ཁྱུ་ཞིག་གིས་མཆོད་རྟེན་གྱི་རྩེ་མོ་ལ་སུ་བསླེབ་པར་འགྲན་བསྡུར་བྱས། མཐའ་སྐོར་དུ་ཡོད་པའི་སྦལ་པ་རྣམས་པས་འཁྲུག་ཆ་འདོད་པའི་ངང་ལྟད་མོར་བལྟས། འགྲན་བསྡུར་མགོ་བརྩམས་སོང་། སྦལ་པ་ལྟད་མོ་པ་འགས་ཤི་སྒྲ་དང་བཅས་ན་རེ། ངོ་མ་ཁོ་ཚོ་ཨར་ལ་གཏད་པ་རེད། ཐང་དུ་གོག་བགྲོད་ཡིན་ན་ཆོག་མོད་ཀྱི། མཆོག་རྟེན་གྱི་རྩེ་ལ་གོག་བགྲོད་བྱ་དགོས། འདི་ནི་མི་དྲན་དགུ་དྲན་རང་རེད། ཁོ་ཚོས་ངོ་མཚར་བའི་བྱས་རྗེས་གསར་སྐྲུན་བྱ་ཐུབ་མི་སྲིད་ཟེར། སྐད་ཆ་འདི་དག་ཐོས་རྗེས་འགྲན་བསྡུར་ཁྲོད་ཀྱི་སྦལ་པ་འགའ་རེའི་སེམས་ཤུགས་ལྷོད་པར་གྱུར། འོན་ཀྱང་འགའ་ཞིག་ད་དུང་ཡང་ཧུར་བརྩོན་ཆེན་པོས་གང་མྱུར་གྱིས་མདུན་དུ་གོག མཐོ་སར་བསླེབས་ཡོད་པའི་སྦལ་པ་རྣམས་མར་ལྷུང་བ་མཐོང་ནས་ལྟད་མོ་པ་ཚོས་སྐད་ཆེན་པོས་ཧ་ཅང་ཁག་པོ་འདུག ཁྱོད་ཚོ་མཆོད་རྟེན་གྱི་རྩེ་མོར་བསླེབ་ཐུབ་མི་སྲིད་ཟེར། གཅིག གཉིས། གསུམ། སྦལ་པ་རྣམས་རིམ་པ་བཞིན་མར་ལྷུང་། ལ་ལ་མཆོད་རྟེན་གྱི་དཀྱིལ་དུ་བསླེབས་ཡོད་ནའང་མཇུག་མཐར་མར་ལ་ལྷུང་། ལྟད་མོ་པའི་སྐད་སྒྲ་ཐོས་རྗེས་རྩེ་མོར་བསླེབ་ལ་ཉེ་བའི་སྦལ་པ་དག་ཀྱང་བལྟས་བལྟས་རིག་རིག་ཏུ་མཐར་མཇུག་མར་ལ་ལྷུང་ཞིང་འགྲན་བསྡུར་ལ་ཞུགས་པའི་སྦལ་པ་ཧ་ཅང་མང་པོས་ཀྱང་རང་ཉིད་ཀྱི་གདམ་ག་བློས་བཏང་བྱས། ཆེས་མཐར་མཇུག་སྦལ་པ་ཞིག་འགྲན་པའི་དོ་ཟླ་མེད་པར་མདུན་དུ་སྐྱོད་པར་མ་ཟད་མཆོད་རྟེན་གྱི་རྩེ་མོར་བསླེབས། འགྲན་བསྡུར་དུ་ཞུགས་པའི་སྦལ་པ་རྣམས་རང་ཉིད་ཀྱིས་མཐའ་མ་འཁྱོལ་བ་དེར་འགྱོད་པ་དྲག་པོ་སྐྱེས་ཤིང་ལྟད་མོ་པ་དག་གིས་རྒྱལ་ཁ་བླངས་པའི་སྦལ་པ་དེར་བསྟོད་བསྔགས་ཆེན་པོ་བགྱིས། ཚང་མ་ཡ་མཚན་པའི་ངང་ཁོས་ཅིའི་ཕྱིར་འདི་འདྲ་རྒྱུན་འཁྱོངས་བྱ་ཐུབ་པའི་རྐྱེན་དེ་ཤེས་འདོད་ཆེན་པོ་སྐྱེས། འོན་ཀྱང་ཚང་མ་ཧང་སང་བར་གྱུར་པ་ནི་མཆོད་རྟེན་གྱི་རྩེ་མོར་བསླེབས་པའི་སྦལ་པ་དེ་སྦལ་པ་འོན་པ་ཞིག་ཡིན་པ་དེའོ།།

གསུམ་པ། འཁོན་འཛིན་གྱི་སྒྱེ་མོ།        

གནའ་བོའི་གྷི་རི་སིའི་ལྷ་སྒྲུང་ཁྲོད་དུ་མིང་ལ་ཧེ་ཀི་ལེ་སུ་ཟེར་བའི་དཔའ་རྒོད་ཅིག་ཡོད། ཉིན་གཅིག་ཁོ་རི་ལམ་འབར་འབུར་ཞིག་བརྒྱུད་ནས་འགྲོ་སྐབས་ཁོའི་རྐང་པ་སྒྱེ་མོ་ཞིག་དང་འདྲ་བའི་ཅ་དངོས་ཤིག་ལ་ཐོགས། ཧེ་ཀི་ལེ་སུས་ཅ་དངོས་དེར་རྡོག་བརྫིས་ཤིག་བྱས། ཡིད་ལ་མ་ཤར་བ་ཞིག་ལ་ནི་དངོས་པོ་དེ་སྦོས་ནས་ལྡབ་ཀྱིས་ཆེ་བར་གྱུར། ཧེ་ཀི་ལེ་སུ་ངོ་ཚ་ཞིང་ཁོང་ཁྲོ་ལངས་ཏེ་དབྱུག་པ་སྦོམ་པོ་ཞིག་གིས་ཁོ་ལ་གཞུས། དངོས་པོ་དེ་ནི་དེ་ལས་ཀྱང་ཆེ་བར་གྱུར་ཏེ་འགྲོ་ལམ་ཡང་བཀག་ནས་སོང་། ཏག་ཏག་སྐབས་འདི་ལ་རི་གསེབ་ནས་བགྲེས་པོ་ཞིག་ཡོང་སྟེ་ཧེ་ཀི་ལེ་སུ་ལ་གྲོགས་པོ་ལགས། ཁོ་མ་འགུལ། ཁོ་བརྗེད་དུ་ཆུགས། ཁོ་དང་བྲལ་བ་གྱིས། ཁོ་དང་རིང་དུ་སོང་། ཁོའི་མིང་ལ་འཁོན་འཛིན་གྱི་སྒྱེ་མོ་ཟེར། ཁོའི་ཁ་མ་སློང་དང་ཁོ་སྔར་བཞིན་ཆུང་ངུར་འགྱུར། ཁོའི་ཁ་སློང་དང་ཁོ་སྦོས་ནས་ཁྱོད་ཀྱི་ལམ་འགོག ཁྱོད་རང་ནམ་ཡང་དགྲ་རུ་འཛིན། དེ་ནས་ཧེ་ཀི་ལེ་སུས་བགྲེས་པོ་དེའི་ངག་ལ་ཉན་ནས་ཁོ་ཡིད་ནས་བོར་ཅིང་མ་རེག་མ་ཐུག་པས་ངོ་མ་སྒྱེ་མོ་དེ་ཇེ་ཆུང་ནས་ཇེ་ཆུང་དུ་སོང་སྟེ་མཐར་མེད་པར་གྱུར། 

བཞི་པ། རྟ་ཕོ་དང་བོང་བུ།      

ཐང་ཐེ་ཙོང་གི་ཁྲི་ལོའི་སྐབས་སུ་ཁྲང་ཨན་གྲོང་ཁྱེར་ནུབ་ཕྱོགས་ཀྱི་རང་འཐག་ཁང་ཞིག་ཏུ་རྟ་ཕོ་ཞིག་དང་བོང་བུ་ཞིག་ཡོད་ཅིང་ཁོ་གཉིས་གྲོགས་པོ་ཡིན། རྟ་ཕོས་ཕྱི་རོལ་གྱི་ཅ་ལག་བསྐྱེལ་ཅིང་བོང་བུས་ཁྱིམ་གྱི་རྡོ་མཆིག་དྲུད། ཐེ་ཙོང་ཁྲི་ལོ་གསུམ་པར་རྟ་ཕོ་དེ་སློབ་དཔོན་ཆེན་མོ་ཐང་ཧྱན་ཙང་ངམ་སྡེ་སྣོད་གསུམ་པས་ཆིབས་པར་བདམས་ཏེ་ནུབ་ཕྱོགས་རྒྱ་གར་ལ་ཆོས་ལེན་དུ་སོང་། ལོ་བཅུ་བདུན་གྱི་རྗེས་སུ་རྟ་ཕོ་དེས་གླེགས་བམ་མང་པོ་ཁུར་ནས་ཕྱིར་ཁྲང་ཨན་དུ་བསླེབས། ཁོ་ཆེད་དུ་རང་འཐག་ཁང་དུ་གྲོགས་པོ་བོང་བུ་ལ་ལྟ་རུ་ཡོང་། རྟ་ཕོས་ཕ་མཐའ་གཞལ་དུ་མེད་པའི་བྱེ་ཐང་། རྩེ་མོ་གནམ་ལ་སྙེག་པའི་རི་རྒྱུད། གྲང་ངར་གྱིས་གཅུན་པའི་གངས་འཁྱག ཚ་རླངས་འཐུལ་བའི་རྦ་རླབས་སོགས་འགྲུལ་བཞུད་ཁྲོད་ཀྱི་གནས་ཚུལ་རྣམས་ཁོ་ལ་གླེང་། བོང་བུ་ཧ་ལས་ཤིང་ཧང་སང་བའི་ངང་ན་རེ། ཁྱོད་ལ་ཅི་འདྲའི་མཐོང་ཐོས་མང་པོ་ཞིག་འདུག་ཨང་། དེ་འདྲའི་ལམ་ཐག་རིང་པོ་ཞིག་ངའི་ཡིད་ལའང་དྲན་མི་ཕོད་ཟེར། རྟ་ཕོ་ན་རེ། དོན་ངོ་མར་འུ་གཉིས་སོང་བའི་ལམ་ཐག་ཕལ་ཆེར་འདྲ་བ་ཡིན། ང་ནུབ་ཕྱོགས་སུ་འགྲོ་བའི་སྐབས་ནས་བཟུང་ཁྱོད་ཀྱང་འདུག་མྱོང་མེད། འུ་གཉིས་མི་འདྲ་ས་ནི་ང་ལ་སློབ་དཔོན་ཧྱན་ཙང་དང་འདྲ་བར་རྒྱང་རིང་གི་འདུན་པ་ཡོད། ཐོག་མཐའ་ཀུན་ཏུ་འདུན་པ་དེ་སྙེག་པས་ངས་ཡངས་ཤིང་ཆེ་བའི་འཇིག་རྟེན་གྱི་སྒོ་མོ་ཕྱེས། འོན་ཀྱང་། ཁྱོད་ཀྱིས་མིག་ཟུང་བཀབ་ནས་མི་ཚེ་གཅིག་པོར་རྡོ་མཆིག་གི་མཐའ་རུ་སྐོར་བ་བརྒྱབ་པས་གུ་དོག་པའི་གནས་འདི་ལས་ཐར་མ་ཐུབ་པ་རེད་ཅེས་བཤད་དོ།།

འབྲོག་སངས་ཀྱིས་ཧྭ་ཧྥོར་སྤྱི་བསྒྲགས་སློབ་ཚན་ལས་བསྒྱུར།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-02-14 ལྟ་ཀློག (3891)