མེ་སྤྲེལ་ལོའི་ལོ་སར་ཤིས་ཚིག་བཀྲ་ཤིས་ཀུན་འཛོམས་མ།

མེ་སྤྲེལ་ལོའི་ལོ་སར་ཤིས་ཚིག་བཀྲ་ཤིས་ཀུན་འཛོམས་མ།


          བཛྲ་ཚུལ་ཁྲིམས་རྒྱ་མཚོས།

བཀྲ་ཤིས་རྣམ་དཀར་དགེ་ཚོགས་ཀུན་འདུས་པས།།

བདེ་ལེགས་འབྲས་བུ་གཡུར་དུ་ཟ་བའི་མཐུ།།

བཀྲ་ཤིས་ལུས་ལ་རྫོགས་པའི་མེ་སྤྲེལ་ལོ།།

དགེ་ལེགས་འཛུམ་གྱིས་ཚེས་འདི་ཨེ་མ་བསྔགས།།

བཀྲ་ཤིས་ཀུན་གྱི་ནང་ནས་བཀྲ་ཤིས་པ།།

བཀྲ་ཤིས་ཀུན་རྫོགས་བླ་མའི་སྐུ་བདེ་ཞིང་།།

བཀྲ་ཤིས་གསུང་སྙན་གཡས་འཁྱིལ་དུང་གི་སྒྲས།།

བཀྲ་ཤིས་ཐུགས་བརྩེ་ཟབ་མོ་མཚོན་འདི་སྐྱིད།།

བཀྲ་ཤིས་བདེ་ལེགས་ཁ་ལ་གོམས་པའི་བོད།།

བཀྲ་ཤིས་བདེ་ལེགས་སེམས་ལ་གྲུབ་འདོད་ན།།

བཀྲ་ཤིས་ཆོས་ལ་བརྩོན་དང་བདེ་འབྱུང་ཞེས།

བཀྲ་ཤིས་གསུང་གིས་སྐྱོང་འདི་དྲིན་དུ་ཚོར།།

བཀྲ་ཤིས་དད་གསུམ་མཁའ་དབྱིངས་གསལ་བའི་རྒྱུ།།

བཀྲ་ཤིས་མཐུན་སྒྲིལ་ལྗོན་བཟང་བརྟན་པའི་རྨང་།།

བཀྲ་ཤིས་དཔལ་འབྱོར་ལོ་འདབ་རྒྱས་པའི་གཞི།།

བཀྲ་ཤིས་རྣམ་དག་ཐོས་བསམ་ཉིད་དུའང་གོ།།

བཀྲ་ཤིས་རྒྱུ་ལས་བཀྲ་ཤིས་འབྲས་འབྱུང་བ།།

བཀྲ་ཤིས་ཚུལ་གསུམ་ཚང་བའི་རྟགས་ཀྱིས་འགྲུབ།།

བཀྲ་ཤིས་སྣོད་བཅུད་སྣུམ་པའི་ཕྱྭ་གཡང་ཕྱིར།།

བཀྲ་ཤིས་གྲོགས་ཀྱེ་བཀྲ་ཤིས་ལས་ལ་འབུངས།།

བཀྲ་ཤིས་གདམས་པ་ཟབ་མོའི་གསུང་སྙན་དང་།།

བཀྲ་ཤིས་གནམ་ལོ་གསར་བའི་འཛུམ་ཞལ་དང་།།

བཀྲ་ཤིས་འགྱུར་མེད་དད་པའི་བཀྲགས་མདངས་གསུམ།།

བཀྲ་ཤིས་ལྷན་འཛོམས་བྱུང་འདི་བཀྲ་ཤིས་ཉིད།།

བཀྲ་ཤིས་གོང་ནས་བླ་མའི་སྐུ་ཚེ་བརྟན།།

བཀྲ་ཤིས་བར་ནས་བོད་པའི་ཆོས་སྲིད་རྒྱས།།

བཀྲ་ཤིས་མཐའ་ནས་འཛམ་གླིང་ཞི་བདེའི་དཔལ།།

བཀྲ་ཤིས་བདེ་ལེགས་འབྱུང་བར་སྙིང་ནས་སྨོན།།

བཀྲ་ཤིས་རྟེན་འབྲེལ་བཅུད་དུ་སྨིན་པའི་གླུ།།

བཀྲ་ཤིས་འཁྱིལ་ནས་བླངས་པ་སྐད་ཅིག་གིས།།

བཀྲ་ཤིས་སྐད་འཕྲིན་ཕོ་ཉས་ཤར་ནུབ་ཀྱི།།

བཀྲ་ཤིས་ཟླུམ་གཟུགས་གོ་ལར་སྐྱེས་སུ་ཁྱེར།།

བཀྲ་ཤིས་གཞིས་ལ་འཐབ་རྩོད་འཁྲུགས་ལོང་ཞི།།

བཀྲ་ཤིས་བྱེས་ལ་ནད་མེད་ཚེ་རིང་ཞིང་།།

བཀྲ་ཤིས་འགྱུར་མེད་དུང་སེམས་གསེར་ཞགས་ཀྱིས།།

གཞིས་བྱེས་ལྷན་དུ་སྦྲེལ་བའི་བཀྲ་ཤིས་ཤོག།

རྩོམ་ཡིག་མཁོ་སྤྲོད་པ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-02-07 ལྟ་ཀློག (4752)