བོད་ཀྱི་སྤྱི་ཚོགས་དང་ཐོན་མིའི་སློབ་ཚོགས།

ཐོན་མིའི་སློབ་ཚོགས་ཀྱིས་སྤེལ་བའི་བྱ་འགུལ་ཕྱོགས་བསྡུས།


          གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ནི་མ་ཡུམ་སློབ་གླིང་དབུ་བརྙེས་ནས་བགྲང་བྱ་ཉི་ཤུ་འཁོར་བའི་འཁྲུངས་སྟོན་གྱི་སྐབས་སུ།    བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་བརྒྱད་ཅུ་ལྷག་ཞལ་འཛོམས་པའི་སྐབས་སུ་གསུང་གླེང་བྱས་པའི་དགོངས་དོན་གཞིར་བཞག་ཐོག་རྩ་འཛུགས་བྱས་པའི་སློབ་གྲོགས་མཐུན་སྒྲིལ་ཚོགས་པ་ཞེས་པ་དེ་ཡིན་ལ།   སློབ་གླིང་འདི་གའི་དགེ་སློབ་ལས་བཟོ་བ་དང་བཅས་པ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡིན་པ་མ་ཟད།   སློབ་གླིང་འདིར་མཐར་ཕྱིན་ཟིན་པའི་སློབ་མ་དང་མཐར་ཕྱིན་འགྱུར་གྱི་སློབ་མ་ཡོངས་རྫོགས་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡིན།   ཐེངས་འདིར་ཡང་།  སློབ་གླིང་གིས་ཆེད་དུ་རྩ་འཛུགས་བྱས་པ་མ་ཡིན་པར་ཚོགས་མི་རྣམས་ཀྱིས་དང་བླངས་སྒོས་དགུན་གནང་སྐབས་ཀྱི་གུང་གསེང་གི་དུས་ཚོད་བེད་སྤྱད་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་མངའ་ཁོངས་མང་རྫོང་།   འབའ་རྫོང་།  ཁྲི་ཀ་རྫོང་། བྲག་དཀར་རྫོང་སོགས་དང་།  མགོ་ལོག་ཁུལ་དགའ་བདེ་རྫོང་།  རྨ་ཆེན་རྫོང་།    རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་།   གཅན་ཚ་རྫོང་།   སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ།  སྡེ་དགེ    ཁྲིན་ཏུ།  ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་།   ཀླུ་ཆུ་རྫོང་།   རྨ་ཆུ་རྫོང་སོགས་ཀྱི་མངའ་ཁོངས་སུ་གསབ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་བའི་གནས་ཚུལ་ཕྱོགས་བསྡུས།  

ཤེས་རིག་གླིང་གི་མཐར་ཕྱིན་སློབ་མ་རྭ་རྒྱ་འཇམ་དབྱངས་དང་བློ་བཟང་འོད་ལྡན།  མ་ཅིག་སྐྱབས།  འོད་ཟེར་ལྗང་གུ།  འབའ་འཇིགས་མེད་རྒྱ་མཚོ། མན་ངག་རྡོ་རྗེ།  བསྟན་པ་བཟང་བོ།  མ་ཅིག་སྐྱབས། བཀྲ་ཤིས་ཉི་མ། རྟ་མགྲིན་མཚོ་བཅས་དགེ་རྒན་བཅུ་དང་སྦྱིན་བདག་རྭ་རྒྱ་དགོན་པའི་དགེ་སློང་བསྟན་པ་དང་སྨོན་ལམ་བློ་གྲོས། མར་སྟེང་ཚུལ་ཁྲིམས། མར་སྟེང་དཔའ་ལོ།མར་སྟེང་བློ་བཟང་།མར་སྟེང་རྟ་མགྲིན།  མར་སྟེང་ལོའུ་ཧྲི།ཧྭ་བྱ་རྒྱལ་མཚོ།    མགར་ཞོལ་བང་ཀེ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྭ་རྒྱ་ས་ཁུལ་དུ་སློབ་མ་སུམ་བརྒྱ་དྲུག་ཅུ་ལྷག་ལ་ཉིན་ཉེར་བཞིའི་རིང་ལ་བོད་རྒྱ་དབྱིན་གསུམ་གསབ་སྦྱོང་འཛིན་གྲྭ་བསྒྲུབས་པ།

གནས་ཚུལ་མཁོ་སྤྲོད་པ། རྭ་འོད་ལྡན་རྒྱ་མཚོ།

ཕ་ཡུལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་གཞུངས་རོང་བོ་སྡེ་གསུམ་གསབ་སྦྱོང་ལྟེ་གནས་ཀྱིས་2006་ནས་2015་ལོར་གསབ་ཁྲིད་བྱས་ཏེ་སློབ་མ་སྟོང་དང་སུམ་བརྒྱ་ཉེ་བའི་སློབ་མ་ཚོས་སློབ་སྦྱོང་བྱས་ནས་མཐར་ཕྱིན་སྐབས་དང་པོ་ནས་བཞི་བའི་བར་མཐར་ཕྱིན་ཟིན་པ་དང་།ད་ལོའི་གསབ་སྦྱོང་འཛིན་གྲྭར་རྒྱུན་ཞུགས་འཛིན་གྲྭ་བཞི་ཡོད།དགེ་རྒན་དང་ལས་བཟོ་བ་བཅུ་གསུམ་ཡོད།

གནས་ཚུལ་མཁོ་སྤྲོད་པ། རྭ་འོད་ལྡན་རྒྱ་མཚོ།

སྐབས་ལྔ་བའི་མཐར་ཕྱིན་སློབ་མ་བློ་བཟང་བསྟན་པས་རྩ་འཛུགས་བྱས་པའི་མགོ་ལོག་རྨོངས་སེལ་འདབས་སྐྱོར་ཚོགས་པའི་སྐབས་བཅུ་གཅིག་པའི་ཟབ་སྦྱོང་འཛིན་གྲྭ་སྤྱི་ལོ་༢༠༡༥ལོའི་ཟླ་༡༢པའི་ཚེས་༢༤ཉིན་སློབ་འགོ་ཚུགས་པ་དང་ཁྱོན་ཡོངས་སློབ་མ་༥༠ལྷག་ཡོད།སྐབས་བཅུ་གཉིས་པའི་ཟབ་སྦྱོང་འཛིན་གྲྭ་སྤྱི་ལོ་༢༠༡༦ལོའི་ཟླ༡པོའི་ཚེས༡༨ཉིན་སློབ་འགོ་ཚུགས་ནས་ད་ལྟ་བསྒྲུབ་བཞིན་ཡོད། ཁྱོན་ཡོངས་སློབ་མ་༤༠ལྷག་ཡོད།

གནས་ཚུལ་མཁོ་སྤྲོད་པ། བློ་བཟང་བསྟན་པ།

        བན་ཤུལ་འཇམ་དབྱངས་ཀྱིས་ཉིས་སྟོང་གསུམ་ལོར་རྩ་འཛུགས་བྱས་པའི་གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་ཉིས་སྟོང་བཅོ་ལྔ་ལོའི་བྱ་འགུལ་ཐེངས་གསུམ་པ་༢༠༡༥ལོའི་བོད་ཟླ་༡༢པའི་ཚེས་༨ཉིན་མཚོ་ལྷོ་ཁུལ་མང་རྫོང་གསེར་གྱི་སྙེ་མ་གསོལ་མགྲོན་ཁང་ཆེན་མོ་རུ་སྤེལ་བ།ཚོགས་ཐོག་ཏུ་ཀླུ་ཚང་སྣང་གསལ་ལམ་ཕྱག་ཤུལ་སྤྲུལ་སྐུ་དང་བོད་ཀྱི་སྒྲུང་གཏམ་རྩོམ་པ་བོ་གྲགས་ཅན་སྐུ་ཞབས་སྟག་འབུམ་རྒྱལ།སྐུ་ཞབས་ལྡོང་ཕྲུག གཟི་མིག་གསུམ་པ།ལྡོང་ལུག་རྫི་སོགས་ཀྱིས་སློབ་གསོ་དང་མཐུན་སྒྲིལ་སྐོར་གྱི་གསུང་བཤད་གལ་ཆེན་གནང་བར་མ་ཟད།  ཨ་མྱེས་གླང་ཆེན་རྩོམ་སྒྲིག་ཚན་ཆུང་ལ་པདྨ་དཀར་བོའི་རྟིང་སྐུལ་བྱ་དགའ་གནང་སྟེ་སྐུལ་འདེད་བྱས།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་འཁྱམ་བསེ་རུ།

ཉིས་སྟོང་བཅུ་གཅིག་ནས་བཅོ་ལྔའི་བར་ལོ་རེར་དགུན་ཁར་ཟླ་གཅིག་རིང་ལ་ཕ་ཡུལ་སུ་ཁྲོན་ཞིང་ཆེན་སྡེ་དགེ་སྨན་ཤོད་དུ་སུམ་རྟགས་སྐོར་གྱི་གསབ་སྦྱོང་རེ་སྒྲུབ་མྱོང་ཡོད་ལ། ད་ལོའི་གསབ་སྦྱོང་འཛིན་གྲྭའང་བདེ་ལེགས་ངང་མཇུག་སྒྲིལ་བ་ཡིན།   སྒྲུབ་མཁན་སྐབས་བཅུ་བདུན་པའི་སློབ་བུ་ཀརྨ་དབང་ཆེན།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་སེར་སྐོར་འཇམ་ཚེ། 

     སྤྱི་ལོ་ཉིས་སྟོང་བཅུ་བཞིའི་དགུན་གནང་སྐབས་དང་བསྟུན་ཕ་ཡུལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐང་དཀར་ནང་ཡུལ་ཚོའི་སློབ་མ་རྣམས་ལ་སུམ་རྟགས་སྐོར་གྱི་གསབ་སྦྱོང་དང་ཉིས་སྟོང་བཅོ་ལྔ་ལོར་བླ་མ་གྲྭ་ཚང་གི་མཐུན་རྐྱེན་འོག་རྨང་གཞིའི་ཤེས་རིག་འཛིན་གྲྭ་ཞིག་དངོས་སུ་བཙུགས་ནས་ད་ལྟ་དགོན་པའི་རྒན་པ་འགའ་དང་བཅས་མུ་མཐུད་ནས་ཡར་རྒྱས་གཏོང་བཞིན་ཡོད།  སྒྲུབ་མཁན་སྐབས་བཅུ་བདུན་པའི་སློབ་བུ་སྐལ་བཟང་ཕུན་ཚོགས་ཀྱིས།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་རླུང་གཤོག་ཅན། 

ཉིས་སྟོང་བརྒྱད་ལོར་ཚོགས་པ་གསར་ཏུ་བཙུགས་ཤིང་ཉིས་སྟོང་བཅུ་ནས་བཅུ་དྲུག་བར་ཕ་སྐད་བྱ་འགུལ་དང་བགྲོ་གླེང་བསྡུས་ལ་ཟབ་སྦྱོང་ཡང་ལོ་རེའི་དགུན་ཁར་ཉིན་བཅོ་ལྔ་ནས་ཉི་ཤུའི་རིང་དགའ་བདེ་ནས་སྤེལ།  སྒྲུབ་མཁན་སྐབས་བཅུ་བདུན་པའི་ཚེ་སྦྱིན། སྐབས་བཅོ་བརྒྱད་པའི་མགོན་དཀར་ཚེ་རིང་། སྐབས་ཉི་ཤུའི་བའི་སྐལ་བཟང་ནོར་བུ་ཡིན།དཔལ་ཆེན་དང་འཆི་མེད།བཀྲ་རབ།བསོད་ཉི་བཅས་སོ།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་སེར་སྐོར་འཇམ་ཚེ།

མ་ཡུམ་སློབ་གྲྭའི་སྐབས་དྲུག་པའི་མཐར་ཕྱིན་སློབ་མ་འབུམ་རྩེ་ཡག་གིས་གཙོ་སྒྲུབ་མཛད་པའི་བློ་གསར་ཟབ་སྦྱོང་སློབ་གྲྭ་ནི་སྤྱི་ལོ་༢༠༠༩ལོ་ནས་ལོ་རེ་རེ་བཞིན་དབྱར་དགུན་གནང་གི་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དམིགས་ནས་བཙུགས་པ་ཡིན་ལ།ད་ལོ་ཡང་མུ་མཐུད་དུ་ཧོར་ཟླ་༡༢་པའི་༦ནས་མཚོ་ལྷོ་མང་རྫོང་སུམ་མདོ་རུ་རྒྱུན་སྐྱོང་བཞིན་ཡོད།  ལོ་རིམ་དང་པོ་ནས་དམའ་གསུམ་བར་གྱི་སློབ་མ་༡༠༠ལྷག་ཡོད

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་བན་ཤུལ་འབུམ་རྩེ་ཡག

མཐར་ཕྱིན་སློབ་མ་འབུམ་རྩེ་ཡག་དང་སྐབས་དགུ་བའི་མཐར་ཕྱིན་སློབ་མ་འབྲུག་ལྷ་རྒྱལ་གཉིས་ཀྱིས་མཚོ་ལྷོ་མང་རྫོང་བན་ཤུལ་སྡེ་བ་རུ་2015ལོའི་ཧོར་ཟླ་12་པའི་ཚེས15ནས་18བར་སྒྲུབ་བཞིན་པའི་སྐབས་བདུན་པའི་མི་གཤིས་གསོ་སྦྱོང་འཛིན་གྲྭའི་རྒྱུགས་རའི་ཟུར་ཞིགཐེངས་འདིར་སློབ་ཆེན་པ་དང་སློབ་མ།ལས་བྱེད་པ།གྲྭ་བ་བཅས་མ་ཡིན་པའི་རང་སྡེ་བའི་ན་གཞོན་230ལ་སྐྱབས་འགྲོ་དང་མདོ་གདུགས་སྒྲོལ་གསུམ།བཟང་སྤྱོད།བསངས།མག་སྐགབག་རེས།ཕ་སྐད་བཅས་ལ་བསྐྱར་རྒྱུགས་དང་གསར་རྒྱུགས་མཉམ་དུ་བླངས་ཏེ་ལོ་གསུམ་གྱི་འཆར་གཞི་བདེ་བླགས་ངང་མཇུག་རྫོགས།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་བན་ཤུལ་འབྲུག་ལྷ་རྒྱལ།

   ༢༠༡༦ལོའི་ཟླ༡ཚེས༡༥ཉིན་ནས་ཚེས༢༥བར་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་དུས་ཐུང་བརྡ་སྤྲོད་ཟབ་སྦྱོང་འཛིན་གྲྭ་བསྡུས།ཐེངས་འདིའི་དང་བླངས་དགེ་རྒན་སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ་ཧོར་ཚང་བློ་བཟང་རྒྱ་མཚོ་དང་སྐབས་དགུ་བའི་མཐར་ཕྱིན་སློབ་མ་རིན་ཆེན་དཔལ་གཉིས་ཡིན།ཟབ་སྦྱོང་འཛིན་གྲྭའི་མགོ་མཇུག་བར་གསུམ་ལ་བཀོད་སྒྲིག་གནང་མཁན་སྐབས་བཅུ་བའི་མཐར་ཕྱིན་སློབ་མ་ཕྱོགས་གླང་དང་ཚེ་ཆུང་གཉིས་ཡིན། མ་འོངས་པར་མུ་མཐུད་དུ་བསྒྲུབ་རྩིས་ཡོད་དོ།།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་རྨ་གཞུང་བཙན་སྲས།

2016ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་དུ་དགུན་གནང་གསབ་སྦྱོང་འཛིན་གྲྭ་སྤྱི་ཟླ་1ཚེས་15ནས་ཟླ་གཉིས་པའི་ཚེས་3བར་བསྡུས་པ།འདིར་འབྲོག་ཁུལ་གྱི་སློབ་མ་མང་བོར་དཔལ་འབྱོར་དང་འགྲིམ་འགྲུལ་སོགས་ཕྱོགས་གང་ཅིའི་ཐད་དཀའ་ངལ་ཆེ་བས་དབྱར་དགུན་གནང་སྐབས་ཀྱི་གསབ་སྦྱོང་འཛིན་གྲྭར་ཞུགས་པའི་གོ་སྐབས་ཧ་ཅང་དཀོན།དེ་བས་ད་རེས་སློབ་ཆེན་སློབ་མ་བཞི་གདན་དྲངས་ནས་བོད་ཡིག་དང་། རྒྱ་ཡིག  རྩིས་རིག  དབྱིན་ཡིག་སོགས་བསླབ་བྱ་བཞི་ཁྲིད་ཀྱིན་ཡོད།དགེ་རྒན་5དང་་སློབ་མ་53ཡོད།  ཟབ་ཞུགས་སློབ་མས་སློབ་རིན་སྤྲོད་མི་དགོས་པར་མ་ཟད་སློབ་སྦྱོང་གི་ཡོ་བྱད་སོགས་ཀྱང་རིན་མེད་གཟིགས་འབུལ་བྱེད་ཀྱིན་ཡོད།བྱ་འགུལ་འདིའི་མགོ་ནས་མཇུག་བར་གྱི་བཀོད་སྒྲིག་དང་འགྲོ་སོང་ཆ་ཚང་སངས་རྒྱས་བཀྲ་ཤིས་སྒེར་གྱིས་འཁུར་བཞིན་ཡོད།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་ཁྲི་གཤོག་སྙེ་མ།

ཀན་ལྷོ་རྨ་ཆུ་དབལ་བན་རྨོངས་སེལ་མཐུན་ཚོགས་ནི་སྤྱི་ལོ་2005ལོ་ནས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་རང་ས་གནས་སློབ་མ་དང་ས་གནས་སློབ་ཆེན་སློབ་མས་མཉམ་སྒྲུབ་ཀྱིས་བཙུགས་ཤིང་།གཙོ་བོ་ཡི་གེ་མི་ཤེས་པའི་གཞི་རིམ་མང་ཚོགས་ལ་ཁ་གཏད་པའི་དུས་ཐུང་འཛིན་གྲྭ་ཞིག་ཡིན། 2016ལོར་སྐབས་བཅུ་གཅིག་པ་བསྒྲུབས་ཚར་བ་ཡིན་ནོ།།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་རྨ་ཐོག་རྒོད།

བྲག་དཀར་སྡེ་བའི་སྐད་ཡིག་རྨོངས་སེལ་སྐབས་དང་པོ།

བྱ་འགུལ་ནི་སྐབས་དྲུག་པའི་མཐར་ཕྱིན་སློབ་བུ་དཀོན་མཆོག་རྒྱ་མཚོས་དགོན་པ་དང་སྡེ་བའི་གཞོན་སྐྱེས་བསམ་བློ་བ་འགས་རོགས་རམ་འོག་གསར་དུ་གཙོ་སྒྲུབ་མཛད་པའི་མང་རྫོང་མགོ་མང་བྲག་དཀར་སྡེ་བར་སྐད་ཡིག་རྨོངས་སེལ་སྒྲུབ་པའི་དམངས་ཕན་སློབ་གསོ་ཞིག་ཡིན།ངེད་ཅག་གིས་སྐད་ཡིག་རྨོངས་སེལ་གཙོས་ཕ་སྐད་དམ་འཛིན་དང་དམངས་སྲོལ་རྒྱུན་འཛིན་བཅས་མང་ཚོགས་ཀྱི་རེ་འདུན་ལྟར་སྒྲུབ་པ་དང་ལོ་རེར་སྟོན་ཁ་དང་དགུན་ཁའི་ཟླ་གཅིག་རིང་སྐད་ཡིག་སློབ་གསོ་སྒྲུབ་འཆར་ཡོད།   ད་ལོར་ཟབ་ཞུགས་པ་མི་གྲངས་༡༣༠ཡོད། ཁྲིད་བྱ་གཙོ་བོ་བོད་ཡིག་ངོས་འཛིན་དང་དག་ཡིག་མཁས་དགའ།པྲ་སྟིའི་སུམ་རྟགས་བཅས་ཡིན། དགེ་རྒན་བརྒྱད་དང་དོ་དམ་པ་མི་བཞི་བཅས་ཡོད། ཟླ༡༡པའི་ཟླ་མཇུག་ཏུ་སློབ་མ༩༠ལྷག་ལ་རྒྱུགས་བླངས་བ་མ་ཟད། སློབ་མ༡༧དང་དོ་དམ་པ་མི་༤བཅས་ལ་བྱ་དགའ་ཕུལ་དང་བཅས་རྒྱལ་ཁའི་ངང་གྲོལ།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་འབའ་སྣང་གྲོལ།

སྐབས་བཅུ་བའི་མཐར་ཕྱིན་སློབ་མ་འཇམ་དཔལ་གྲགས་པ་དང་སྐབས་བཅུ་གསུམ་པའི་སློབ་མ་བསོད་མཁས།བསོད་ནམས་དཔལ།མཆོག་རབ་སོགས་ཀྱིས་རང་ཕ་ཡུལ་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་རུ་༢༠༠༦ལོ་ནས་༢༠༡༦བར་དུ་ཟམ་མ་ཆད་པར་གསབ་སྦྱོང་འཛིན་གྲྭ་གཉེར་ཅིང་༢༠༡༣ལོ་ནས་བཟུང་འབྲོག་ཁུལ་་ནས་ས་མགོ་ལོག་ཕྱོགས་ཀྱི་ཆེས་གཞི་རྒྱ་ཆེ་བའི་༼འབྲོག་ཁུལ་རྨོངས་སེལ་འཛིན་གྲྭ་ནི་ད་ལོ་བར་དུ་བསྒྲུབས།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་སེར་སྐོར་འཇམ་ཚེ།

བཅོ་ལྔ་བའི་མཐར་ཕྱིན་སློབ་མ་ཐུབ་བསྟན་ཀུན་རྣམ་གྱིས་རང་ཡུལ་འབའ་རྫོང་མངའ་ཁུངས་ཀྱི་སྡེ་བ་ཁག་གི་སློབ་གསོའི་ལས་དོན་ལ་ཞབས་འདེགས་ཙམ་ཞུ་ཆེད་མྱུག་གསར་གསབ་སྦྱོང་གླིང་ཞེས་པའི་ལོ་རེའི་དགུན་གནང་གི་དུས་ཚོད་ཙམ་བེད་སྤྱད་དེ་བོད་རང་གི་སྲོལ་རྒྱུན་རིག་གནས་གཞིར་བཟུང་སྟེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་གྲུབ་པའི་སློབ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ།

ད་ལོའི་འཛིན་གྲྭ་འདིར་མཚོན་ན་ཡང་ལོ་སྔོན་མ་ནང་བཞིན་སྙན་ངག་དང་སུམ་བཅུ་བ། རྟགས་འཇུག་དང་དག་ཡིག བསྡུས་གྲྭ་དང་ལོ་རྒྱུས་སོགས་ཡོད་པར་མ་ཟད་དེང་རབས་རིག་གནས་ཀྱི་བསླབ་གཞི་ཡང་གང་འཚམ་ཞིག་གོ་སྒྲིག་བྱས་ཏེ་བསྒྲུབས་པ་ཡིན།  གསབ་སྦྱོང་འཛིན་གྲྭ་འདིའི་རྩ་བའི་སྒྲིག་ལམ་དང་སློབ་ཁྲིད་བྱེད་སྟངས་སོགས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཁ་ཕྱོགས་དང་སྒྲིག་འཛུགས་ལྟར་ཡིན།

གནས་ཚུལ་མཁོ་སྤྲོད་པ།  ཁྲི་ལྗོན་བཟང་།  

རྩེ་གཞུང་མཉམ་སྐྱོད་གསབ་སྦྱོང་ནི་སློབ་མའི་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་བོད་ཡིག་གཙོའི་སློབ་མ་ཚོའི་སློབ་སྦྱོང་ལ་ཁ་གསབ་རེ་ཨེ་ཐུབ་བསམ་པའི་ཀུན་སློང་གཙང་མས་ད་བར་དུ་སྐབས་བཅུ་དགུ་བསྒྲུབས་པ་དང་རྒྱུན་ཞུགས་འཛིན་གྲྭ་གསུམ་སློབ་མཐར་ཕྱིན། སྐབས་རེར་སློབ་མ་བརྒྱ་ཡས་མས་དང་གཙོ་སྒྲུབ་མི་སྣ་བརྒྱད་ཡོད།ད་ལོ་ནི་སྐབས་བཅུ་དགུ་བ་ཡིན་ལ་སྤྱི་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་ད་ལོའི་རྒྱུན་ཞུགས་མཐར་ཕྱིན་སྟེ་སློབ་མ་༣༤སློབ་མཐར་ཕྱིན། བསླབ་བྱའི་སྐོར་ལ། ལོ་རྒྱུས། སྙན་ངག  བསྡུས་གྲྭ རྟགས་འཇུག  སུམ་ཅུ་བ  དག་ཡིག  དབྱིན་ཡིག  རྒྱ་ཡིག སོགས་ཡོད་ལ། སློབ་ཁྲིད་བྱེང་སྟངས་དང་སྒྲིག་ལམ་འཛིན་སྟངས་སོགས་མ་ཡུམ་སློབ་གླིང་ལ་དཔེ་ལྟོས་པ་ཡིན།

གནས་ཚུལ་མཁོ་སྤྲོད་པ།  ཁྲི་ལྗོན་བཟང་། 

སྤྱི་ལོ་༢༠༡༢ལོ་ནས་ལོ་རེར་ཐེངས་རེར་བསྡུ་བཞིན་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་བཅོ་ལྔ་བའི་སློབ་བུ་རྟ་མགྲིན་ཚེ་རིང་གིས་རྨ་ཆུ་རྫོང་དངུལ་རྭ་ཡུལ་ཚོ་གོང་མ་དངུལ་ཆུང་སྡེ་བ་ནས་བསྡུས་པའི་ཐེ་བོ་རུ་བའི་གསབ་སྦྱོང་འཛིན་གྲྭའི་དགེ་སློབ་མཉམ་པར། ཐེངས་འདིར་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་ཉིན་ཉི་ཤུའི་རིང་ལ་རྒྱ་བོད་དབྱིན་གསུམ་དང་རྩིས་རིག་བཅས་ཀྱི་སློབ་ཁྲིད་གྱ་ནོམ་པ་བྱས།

གནས་ཚུལ་མཁོ་སྤྲོད་པ།  ཁྲི་ལྗོན་བཟང་། 

རང་རེའི་སློབ་གླིང་གི་སྐབས་བཅུ་གསུམ་པའི་མཐར་ཕྱིན་སློབ་བུ་རྡོ་རྗེ་དོན་གྲུབ་ཀྱིས་ད་ལོ་ནས་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་མདོ་ལྷོ་ཀླུ་ཆུ་ཟམ་ཚ་ཇ་ཚང་སྟེ་རང་གི་སྡེ་བར་རྨོངས་སེལ་འཛིན་གྲྭ་ཞིག་སྒྲུབ་བཞིན་ཡོད།   དེ་ཡང་རྩ་འཛུགས་ཀྱི་རང་བཞིན་དང་ཚོགས་པའི་བདག་ཉིད་ཅན་གྱིས་སྒྲུབ་པ་མ་ཡིན་པར་དེ་གའི་གཞི་རིམ་མང་ཚོགས་ཀྱིས་བསྐུལ་ངོར་ཁོས་གཉེར་བ་རེད།

གནས་ཚུལ་མཁོ་སྤྲོད་པ། མེལ་ཚེ།

འདི་ནི་སྐབས་བཅུ་དགུ་བའི་རྩེ་གཞུང་མཉམ་སྐྱོད་གསབ་སྦྱོང་འཛིན་གྲྭ་རེད།  འཛིན་གྲྭ་འདི་ནི་སྐབས་དགུ་བའི་མཐར་ཕྱིན་སློབ་མ་རྩེ་རོང་ཆོས་མཆོག་དང་སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ་བློ་གྲོས་སོགས་གཙོ་བྱས་པའི་མཐར་ཕྱིན་སློབ་མ་དང་སློབ་ཆེན་སློབ་མ་འགས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་ཁ་ཕྱོགས་གཞིར་བྱས་ཏེ་དབྱར་དགུན་གནང་སྐབས་བསྡུ་བཞིན་པའི་གསབ་སྦྱོང་འཛིན་གྲྭ་ཞིག་ཡིན། ད་ལྟའི་བར་འཛིན་གྲྭ་༦༤བསྒྲུབས་པ་མ་ཟད། སློབ་མའི་ཡོང་ཁོངས་ཀྱང་རྩེ་ཁོག་སྡེ་བཅུ་དང་འབའ་རྫོང་། རེབ་གོང། སོག་རྫོང་བཅས་ཀྱི་སློབ་མ་༢༤༠༠ཡས་མས་སློབ་ཞུགས་བྱས་ཏེ་སུམ་རྟགས་དག་གསུམ་དང་། སྙན་ངག མངོན་བརྗོད། བསྡུས་གྲྭ ལོ་རྒྱུས། རྒྱ་དབྱིན་སྐད་བཅས་ལ་གསབ་སྦྱོང་བྱས།དེ་མ་ཟད་ཕྱོགས་སོ་སོ་ན་ཡན་ལག་ཀྱང་བཞི་ལྔ་ཞིག་ཡོད།

གནས་ཚུལ་མཁོ་སྤྲོད་པ།  གསར་འགོད་པ་བན་ཤུལ་འབྲུག་ལྷ་རྒྱལ།

ནག་བཟའ་སྡེ་བའི་ཕ་ཁྱིམ་བདག་སྐྱོང་ཚོགས་པ་ནི་སྤྱི་ལོ་༢༠༠༩ལོ་ནས་རང་སློབ་གླིང་གི་མཐར་ཕྱིན་སློབ་མ་འགས་རང་སྡེ་བའི་སློབ་གསོའི་དགོས་མཁོ་ལྟར་གསར་དུ་བཙུགས་པའི་ཤ་སྦྲང་ནག་བཟའ་སྡེ་བའི་སློབ་གསོའི་ཚོགས་པ་ཆུང་ཆུང་ཞིག་ཡིན་ཞིང་།ལོ་རེ་རེར་འཆར་ཅན་ལྟར་ཕ་སྐད་དང་རྨོངས་སེལ་གཙོར་བྱས་ནས་བོད་ཀྱི་སློབ་གསོའི་བྱ་འགུལ་རབས་དང་རིམ་པ་སྤེལ་བཞིན་ཡོད།    ༢༠༡༥ལོའི་ལོ་མཇུག་ཏུ་སྡེ་མི་༨༦ལ་ཡིག་རྨོངས་སེལ་ཟིན་པས་དཔང་ཡིག་དགའ་རྟགས་དང་བཅས་པ་གནང་།  སྡེ་མི་༣༩ལ་ཕ་སྐད་འགྲན་རྒྱུགས་ཁྲོད་བྱ་དགའ་ཐོབ་པར་མ་ཟད།༼སྡེ་བའི་སྤྱི་ཆིངས་ཆེན་མོ་ལུགས་གཉིས་དར་དཀར་གསལ་བའི་མེ་ལོང་༽ཞེས་པའི་དོན་ཚན་སུམ་ཅུ་ཅན་ཞིག་གཏན་ལ་ཕབ་ནས་སྡེ་དམངས་ཡོངས་ནས་ཁས་ལེན་དང་བཅས་ལག་ལེན་ལ་འདེབས་པའི་དབུ་བཙུགས།   ཞོར་དུ་དམངས་སྲོལ་སྐོར་ཞིག་ཀྱང་རིམ་བཞིན་དུ་རྒྱུན་འཛིན་དང་དར་སྤེལ་གནང་བའི་ལས་ལ་འབད་བཞིན་ཡོད་དོ།།

གནས་ཚུལ་མཁོ་སྤྲོད་པ།  གསར་འགོད་པ། འབའ་སྣང་གྲོལ།

       ཀླུ་སྒྲུབ་བོད་སྨན་སྒོ་བསྟེན་ཁང་གིས་ལོ་རེ་སྒྲུབ་བཞིན་པའི་གསོ་རིག་ཟབ་སྦྱོང་འཛིན་གྲྭ་ནི་བོད་གསོ་བ་རིག་པའི་གཞུང་ལུགས་སྦྱོང་བ་བྱེད་པར་སྤྲོ་བ་ཡོད་མཁན་ཚོའི་རེ་བ་དང་དགོས་མཁོ་ལྟར་བསྒྲུབ་པ་ཞིག་ཡིན་ལ། ད་ལོ་སྟེ་༢༠༡༦ལོར་ཡང་ཁོང་གིས་དུས་ཚོད་ཀྱི་ཁོམ་ལུང་བེད་སྤྱད་ནས་དཀའ་མོ་ཚེགས་ལ་མ་འཛེམ་པར་༼གུང་ཧོ་དང་ཁྲི་ཀ་མང་རྫོང་འབའ་རྫོང༽སོགས་ནས་ཐོན་པའི་སློབ་བུ་དོན་གཉེར་ཅན་སྐོར་ཞིག་གི་རེ་བ་ལྟར་དུ་༼དཔལ་ལྡན་རྒྱུད་བཞི་༽དུམ་བུ་བཞི་བ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་བརྟག་པ་རྩ་ཆུའི་མདོ་དང་གཏར་ག་མེ་བཙའ་བཅས་ཀྱི་གཞུང་དང་ལག་ལེན་གཉིས་ཀའི་སློབ་ཁྲིད་སོང་བ་ཡིན། སྤྱི་ལོ་༢༠༡༦ལོའི་ཟླ༢བའི་ཚེས་༣ཉིན།  ཀླུ་བོད་སྨན་ཟབ་སྦྱོང་ལྟེ་གནས།

གནས་ཚུལ་མཁོ་སྤྲོད་པ།  གསར་འགོད་པ། ནག་བཟའ་ཀླུ་སྒྲུབ།

ཉིས་སྟོང་བཅུ་དྲུག་ལོའི་སྤྱི་ཟླ་དང་པོའི༡ཚེས༢༠ཉིན་མཚོ་སྔོན་ཁྲི་ཀ་རྫོང་འཕྲང་དམར་བདུད་ཤུལ་སྡེ་བ་རུ་བདུད་ཤུལ་སློབ་ཚོགས་ཀྱིས་གཙོ་སྒྲུབ་མཛད་པའི་སྐབས་གཉིས་པའི་རིག་གནས་གསབ་སྦྱོང་འཛིན་གྲྭ་དངོས་སུ་སློབ་མགོ་ཚུགས་ཡོད་། སློབ་གྲྭ་ཆུང་འབྲིང་ནས་སླེབས་པའི་སློབ་མ་༡༣༠འཛོམས་ཡོད།   གསབ་སྦྱོང་གི་ཁ་ཕྱོགས་གཙོ་བོ་སློབ་ཆུང་སྐད་ཡིག་དང་རྒྱ་ཡིག སུམ་རྟགས།  ལོ་རྒྱུས། དབྱིན་ཡིག  དམའ་འབྲིང་རྒྱུགས་གཞི་བཅས་ཡིན།  ཐེངས་འདིའི་གསབ་སྦྱོང་གི་དགེ་རྒན་དག་ནི་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་ཆེན།མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ནས་ཕེབས་པ་ཡིན།

གནས་ཚུལ་མཁོ་སྤྲོད་པ། ཀ་རྒྱའི་ལྷ་རིག་རྒྱལ།

        ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་ཅོ་ནེ་བོད་རྒྱའི་སྐད་ཡིག་རྨང་གཞི་གསོ་སྦྱོང་འཛིན་གྲྭ་སྐབས་བདུན་པ་༢༠༡༥ལོའི་དགུན་གནང་སྐབས་སུ་ཅོ་ནེ་རྫོང་བྲག་ཁུང་ལུང་གྲོང་བརྡལ་གྱི་མངའ་ཁོངས་སུ་བསྡུས། ས་གནས་འདིའི་བརྒྱ་ཆའི་དགུ་བཅུ་གོ་ལྔ་ཡས་མས་བོད་རིགས་ཤ་སྟག་ཡིན་ནའང་། ས་གནས་སློབ་གྲྭ་ཁག་ཏུ་རྒྱའི་སྐད་ཡིག་གཙོ་བོར་བཟུང་བའི་ཞོར་དུ་བོད་སྐད་ཡིག་སྦྱོང་བ་ཙམ་ལས་བྱེད་ཀྱིན་མེད་སྟབས། ང་ཚོས་ས་གནས་རྒྱུན་འཛིན་པའི་བྱིས་པ་རྣམས་ཀྱི་མ་འོངས་པའི་མདུན་ལམ་ལ་དམིགས་ཏེ། སློབ་ཡོན་སྐར་གང་ཡང་མ་བསྡུས་པར་མ་ཟད། ད་དུང་ཟ་མ་དང་དཔེ་ཆ། ཐ་ན་སྨྱུ་གུ་འབྲི་དེབ་ལ་སོགས་པ་རིན་མེད་ངང་མཁོ་སྤྲོད་བྱས།  ད་ཐེངས་དགུན་གནང་སྐབས་ཀྱི་དགེ་རྒན་ནི་ས་གནས་ཀྱི་སློབ་ཆེན་སློབ་མ་བཞི་དང་། རང་སློབ་གླིང་གི་སྐབས་བཅུ་བའི་མཐར་ཕྱིན་སློབ་མ་ཅོ་ནེ་ཚུལ་ཁྲིམས་དང་སྐལ་བཟང་ཕུན་ཚོགས་བཅས་ཡིན། བསླབ་གཞི་སུམ་རྟགས་དག་གསུམ་གཙོས་རྩིས་རིག་སོགས་ཁྲིད་པ་ཡིན། འདིའི་སྟེང་དུ་ཞུགས་པའི་སློབ་མའི་ཚད་གཞི་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་སློབ་མ་བཅས་༡༦༠ཡས་མས་ཞིག་མཉམ་ཞུགས་གནང་ཡོད།  ཆེས་མཐའ་མཇུག་གི་ཉིན་མོར་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དམངས་གླུ་དང་། ཞབས་བྲོ་སོགས་རིག་རྩལ་སྣ་ཚོགས་ཁྲབ་སྟོན་བྱས་ཏེ་གཟབ་རྒྱས་ངང་མཇུག་བསྡུས།

གནས་ཚུལ་མཁོ་སྤྲོད་པ། བསོད་ནམས་རབས་སྣང་།  

 སྐབས་བཅུ་བཞི་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་མ་དཀོན་མཆོག་ཆོས་རྒྱན་གྱིས་བསྒྲུབ་པའི་ཧང་ང་རྫོང་རྩི་གོར་ཐང་གྲོང་རྡལ་བྲག་དམར་སྡེ་བའི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱིས་ཐེངས་དུ་མར་ཁོར་ཡུག་སྲུང་སྐྱོབ་གྱི་བྱ་འགུལ་སྤེལ་བར་མ་ཟད།  ཉིས་སྟོང་བཅོ་ལྔ་ལོའི་བྱ་འགུལ་ཐ་མ་བོད་ཟླ་༡༢པའི་ཚེས་༢༣ ཉིན་གནས་ཆེན་བྲག་དཀར་སྤྲེལ་སྤྲེལ་རྫོང་གི་སྣོད་བཅུད་ལ་སྲུང་སྐྱོབ་དང་ཉམས་གསོའི་ལས་འགུལ་ཐེངས་དང་བོའི་སྟེང་ཚོགས་མི་དྲུག་ཅུ་ལྷག་ཆེད་ཞུགས་ཀྱིས་དགུན་གཞུང་གི་གྲང་ངར་ལ་མ་འཛེམས་པར་རང་ས་གནས་ཀྱི་ཁོར་ཡུག་གཙང་བཟོའི་ལས་འགུལ་རྒྱ་ཆེར་སྤེལ་བ། 

གནས་ཚུལ་མཁོ་སྤྲོད་པ། དཀོན་མཆོག་ཆོས་རྒྱན།

སྐབས་བཅུ་བཞི་བའི་འཛིན་གྲྭ་གཉིས་པའི་མཐར་ཕྱིན་སློབ་མ་དཀོན་མཆོག་ཆོས་རྒྱན་གྱིས་རྩ་འཛུགས་བྱས་པའི་ཤེས་རིག་སྒྲོན་མེ་དམངས་སྲོལ་རིག་གནས་འཛིན་སྐྱོང་དར་སྤེལ་ཚན་ཆུང་གིས་མི་ལོ་བཞིའི་བཞུད་ལམ་ཁྲོད་དམངས་ཕན་སློབ་གསོའི་བྱ་འགུལ་ཐེངས་དུ་མར་སྤེལ་མྱོང་བ་དང་། ད་ལོ་སྟེ་སྤྱི་ལོ་༢༠༡༦ ལོའི་སྤྱི་ཟླ་༡ བོའི་ཚེས་༢༧ཉིན་རིག་རྩལ་འཁྲབ་སྟོན་པ་དག་གིས་རྫོང་དཀར་ལྷ་རིའི་གཟི་བྱིན་ཞེས་པའི་དགོངས་ཚོགས་སྟེང་སློབ་དཔོན་བཀའ་དྲིན་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་བརྩམས་གནང་མཛད་པའི་༼གངས་རིའི་སྒྲོན་མེ་༽ཞེས་པའི་སློབ་དཔོན་ཐོན་མིའི་ཐོན་མིའི་རྣམ་ཐར་འཁྲབ་སྟོན་བྱས་ཏེ་དམངས་ཕན་སློབ་གསོའི་བྱ་འགུལ་སྤེལ་བ།

གནས་ཚུལ་མཁོ་སྤྲོད་པ། དཀོན་མཆོག་ཆོས་རྒྱན།

2015ལོའི་ཟླ 1 པོའི་ཚེས 3ཉིན་རྨ་ཆེན་རྫོང་བྱམས་པ་དམངས་རྒྱས་ཚོགས་པའི་རྐང་འཛིན་དགེ་རྒན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བའི་མཐར་ཕྱིན་སློབ་མ་རིག་འཛིན་དང་ཁྲོ་རྒྱལ་གཉིས་ཀྱིས་ལོ་རེའི་འཆར་ཅན་ལྟར་ད་ལོ་ཡང་ཕ་ཡུལ་གཡོན་གཞིས་སྡེ་བའི་སྡེ་མི་ལྔ་བཅུ་ལྷག་འཛིན་གྲྭ་གསུམ་དུ་བགོས་ཏེ་རྨོངས་སེལ་ཐེངས་ལྔ་བ་སྤེལ།

གནས་ཚུལ་མཁོ་སྤྲོད་པ། བསོད་ནམས་རབས་སྣང་།

གངས་ལྗོངས་འཇིགས་མེད་ཤེ་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་ཐ་སྙད་རྩོམ་སྒྲིག་ཚན་ཚུང་གིས་དཔའ་ལོང་ཆ་རྒྱ་སྡེ་བར་ཕ་སྐད་ཀྱི་དགོངས་ཚོགས་ཤིག་བསྡུས། ཚོགས་ཐོག་ཏུ་གཙོ་བོ་ཕ་སྐད་ཀྱི་སྐོར་ནས་ཁ་བརྡ་བྱས་ཤིང་ད་ལོའི་གསབ་སྦྱོང་གི་འགྲོ་གྲོན་ཡོད་ཚད་ཚོགས་པ་རང་ངོས་ནས་ཕུད། 

 གནས་ཚུལ་མཁོ་སྤྲོད་པ། ལི་ཐང་བློ་བཟང་ཆོས་དར།

  གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་ཐ་སྙད་རྩོམ་སྒྲིག་ཚན་ཚུང་གིས་དཔལ་ཁ་ནས་ཕ་སྐད་འགྲན་ཚོགས་ཤིག་བསྡུས་ཤིང་།གཙོ་བོ་མང་ཚོགས་ལ་ཁ་ཕྱོགས་ནས་ཁ་རྒྱུགས་དང་ཡིག་རྒྱུགས་གཉིས་བླངས། ཡིག་རྒྱུགས་ལ་།ཨང་དང་བོ་གཅིག གཉིས་པ་གཉིས། གསུམ་པ་གསུམ། བཞི་བ་བཞི་ཡོད།   ཁ་རྒྱུགས་ལ། ཨང་དང་བོ་གཅིག གཉིས་པ་གཉིས། གསུམ་པ་གསུམ་བཅས་ལ་བྱ་དགའ་ཕུལ།

གནས་ཚུལ་མཁོ་སྤྲོད་པ། ལི་ཐང་བློ་བཟང་ཆོས་དར།

              གོང་དུ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་རེ་རེས་མ་སྐུལ་དང་བླངས་སྒོས་གསབ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་བའི་གནས་ཚུལ་རོབ་ཙམ་ཕྱོགས་བསྡུས་བྱས་པ་ཡིན།  ད་དུང་གོང་བཞིན་དུ་བྱ་འགུལ་སྤེལ་བའི་གནས་ཚུལ་མང་བོ་ཞིག་དུས་ལྟར་འདིར་འབྱོར་མ་ཐུབ་པ་རེ་འགའ་མཆིས་མོད།  ང་ཚོ་སུ་ལ་མཚོན་ནའང་།   དམངས་སྲོལ་རིག་གནས་དར་སྤེལ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ།  སློབ་གསོའི་ཁོར་ཡུག་ལེགས་བསྒྱུར་བྱ་རྒྱུ་བཅས་ནི་རྒྱལ་ཁབ་གྱི་ཁྲིམས་དང་མཐུན་པར་མ་ཟད་།  སྤྱི་དམངས་རེ་རེས་ཕྲག་སྟེང་དུ་བབས་པའི་འོས་འགན་ཡིན་པ་ངོས་ཟིན་པའི་ཐོག་དགེ་ལས་ཀྱི་བྱ་འགུལ་རབ་དང་རིམ་པ་མང་བོ་སྤེལ་གྱིན་པ་འདི་ནི་ཧ་ཅང་དགའ་འོས་པའི་གཏམ་བཟང་ཞིག་ཅི་ལ་མིན།  དེ་བས་ཁྱེད་ཅག་གི་བྱ་བཞག་མཐའ་དག་ཡིད་བཞིན་འགྲུབ་པ་དང་ལས་བསོད་རླུང་རྟ་རྒྱས་པའི་སྨོན་འདུན་སྙིང་ནས་ཞུ་ཞུ།

ཞེས་སློབ་གླིང་དྲྭ་ཚིགས་རྩོམ་སྒྲིག་པས་ཉིས་སྟོང་བཅོ་ལྔ་ལོའི་བྱ་འགུལ་སྤྱི་བསྡོམས་ཀྱི་ཚུལ་དུ་ཕུལ་བ་དགེའོ།། 




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-02-05 ལྟ་ཀློག (25191)