གསུམ་པ། མཚོ་སྔོན་པོའི་འགྲམ་རྒྱུད།
ཕྱི་བལྟས་མཚོ་ཆེན་གནམ་སྔོན་ཞུན་མའི་མདོག །
ནང་ལྟར་རླུང་ནག་སྤྲིན་གྱི་ལྷ་མོའི་མཚོ།།
གསང་བ་མཁའ་སྤྱོད་དབང་མོའི་དཀྱིལ་འཁོར་དངོས།།
འདི་འདྲ་ལན་གཅིག་བསྐོར་བ་དོན་དང་ལྡན།།
ཉིན་དེར་མཚོ་སྔོན་པོའི་འགྲམ་རྒྱུད་འདི་རླངས་འཁོར་དང་མི་ཚོགས་ཀྱིས་བཀངས་འདུག་ལ།༡༥༡ནས་སྤྱི་ལེ་བཅུ་ཕྲག་ལྷག་ལ་རླངས་འཁོར་མང་པོ་ཁེགས་འདུག་པས་སེམས་ལ་རླངས་འཁོར་འཇོག་ས་དང་ཟ་མ་ཟ་ས།མགྲོན་ཁང་ཡང་རྙེད་དཀའ་སྙམ་པ་བྱུང་། ད་དུང་ལྕགས་རྟ་ཞོན་ཏེ་འགྲོ་བ།རྐང་ཐང་དུ་འགྲོ་བ།ཆོས་ཁུར་ཏེ་འགྲོ་བ།ཕྱག་འཚལ་ཏེ་འགྲོ་བ་སོགས་སྣ་ཚོགས་ཡོད་པ་འདིས།དད་པས་འགྲོ་བ་དང་ལྟད་མོར་འགྲོ་བའི་ཁྱད་པར་ཤེས་ཐུབ། མཚོ་སྔོན་པོའི་གནས་སྒོ་གང་ལ་སོང་ན་མི་ཚོགས་ཀྱིས་བཀང་འདུག་ཅིང་ཞོར་དུ་གད་སྙིགས་ཀྱིས་ཀྱང་བཀང་ཡོད་པ་སྨོས་མ་དགོས།མི་མང་གི་རྐང་འོག་དང་གད་སྙིགས་ཀྱི་འདབས་འོག་ན་ཡོད་པའི་གནས་སྒོ་འདི་དག་རྒྱུ་སེམས་ཆེ་བ་དག་གིས་དཔལ་འབྱོར་བཙལ་ས་ཡིན་འདུག ངས་སེམས་ལ་མཚོ་སྔོན་པོ་ནི་ཁུག་གཞོངས་ཆེན་པོ་ཞིག་ཏུ་འཁྱིལ་ཡོད་ན།མི་འདི་འདྲ་མང་པོ་ཞིག་གི་ཟས་ལྷགགཅིན་སྐྱགརྩོགས་ཆུ།གད་སྙིགས།ཐ་ན་སྤ་སེ་གཅིག་པུ་ས་ལ་གཏོར་བ་སོགས་མི་གཙང་བ་ཡོད་ཚད་མཐར་མཚོ་ནང་དུ་མ་གཏོགས་འགྲོ་ས་མེད་པས།ད་ལྟ་ནས་མཚོ་རྒན་མའི་འགྲམ་དང་གནས་སྒོ་ཐམས་ཅད་ཀྱི་གཙང་སྦྲ་ལ་དོ་སྣང་བྱེད་དགོས་པའི་ཚོད་དུ་འདུགསྙམ་པ་ཡང་ཡང་བྱུང་།གནས་སྒོ་ཅུང་གཙང་ས་ནི་བྱ་གླིང་མཚེར་བ་རི་ཡིན་མོད།དེ་ནའང་མཚོ་གཏེར་ཁྲི་སྟོང་མང་པོ་མཚོ་ནང་དུ་འཕེན་གྱི་ཡོད་ཟེར། རྐང་ཐང་དུ་མཚོ་སྐོར་ལ་འགྲོ་བ་སྐོར་གཅིག་གིས་འགྲོ་ཞོར་དུ་གད་སྙིགས་འཐུ་བ་མཐོང་ལ། གྲོང་ཁྱེར་ནས་འོངས་པའི་འགྲུལ་བའི་རླངས་འཁོར་མང་པོ་ཞིག་དེ་རུ་སྐོར་ཚོགས་བྱས་ཏེ་ངལ་གསོས་རྗེས་གད་སྙིགས་གང་སར་གཏོར་ཏེ་སོང་།དད་མོས་པ་མང་ཚོགས་དེ་དག་གིས་དེའི་ཤུལ་དུ་བཞག་པའི་གད་སྙིགས་འཐུ་མགོ་བརྩམས་སོང་།གཞན་ཡང་།མཚོ་ལྷོ་འབའ་རྫོང་ནས་ཡིན་པའི་མཚོ་སྐོར་བ་བཞི་བཅུ་ལྷག་གིས་ཀྱང་གད་སྙིགས་འཐུ་ཞོར་འགྲོ་བ་མཐོང་ལ།ཁོ་ཚོའི་རླངས་འཁོར་སྟེང་དུ་ཁོར་ཡུག་དྭངས་གསལ་ཀུན་ཕན་ཚོགས་པ་ཞེས་བྲིས་འདུག བུད་མེད་རྒན་པ་ཞིག་གིས་ང་ལ་འདི་ལྟར་བཤད་བྱུང་། ཁ་སང་ཁོ་ཚོས་གད་སྙིགས་རླངས་འཁོར་དྲུག་བསྡུས།འདི་ལྟར་ང་ཚོས་གད་སྙིགས་འཐུ་བཞིན་སོང་ན། ཉིན་བདུན་ནས་བརྒྱད་ལ་མཚོ་སྐོར་ལོན་ཐུབ། ཅེས་དགའ་སྤྲོ་དང་གཟི་བརྗིད་ལྡན་པའི་ངང་བཤད་སོང་། རེད་ཡ། ཁོ་ཚོ་ལ་ཡོང་འབབ་སྒོར་མོ་གཅིག་ཀྱང་མེད་མོད།ད་དུང་དཀའ་ཚེགས་དང་ལེན་གྱི་སྤོབས་པ་དང་བསམ་བློ་བཟང་བོ་འདི་གང་ལས་ཐོན་ཟེར་ན།ཡོད་ཚད་དད་པ་དང་ཀུན་སྤྱོད་ལས་ཐོན་ཡོད།མིའི་སྤུས་ཀ་དང་བསམ་བློ་བཟང་བོ།ཀུན་སྤྱོད་གཙང་མ་ནི་རྩྭ་ཐང་གི་མང་ཚོགས་དཀྱུས་མ་ཞིག་ལ་ཡོད་ཀྱང་ཆུང་དུས་ནས་སློབ་གསོ་མྱངས་ཤིང་དཔལ་འབྱོར་དང་དབང་ཆའི་ཕྱུག་པོར་གྱུར་བའི་གྲོང་ཁྱེར་གྱི་འགྲུལ་བ་དེ་དག་ལ་མེད་པའི་རྒྱུ་མཚན་གང་ཡིན་ནམ།དད་པ་མེད་པ་དང་རྒྱུ་འབྲས་མི་བརྩི་བ། ངོ་ཚ་མེད་པའི་རྒྱུ་མཚན་གྱིས་རེད་སྙམ་སོང་།
སྤྱི་ཟླ་བདུན་པའི་དབྱར་གཞུང་གི་རྩ་ཐང་ནི་མེ་ཏོག་གི་རྒྱ་མཚོ་དང་ཕྱུག་ཟོག་གི་ཞིང་ཁམས།ལྗོངས་རྒྱུ་ལྟ་སྐོར་དང་ཁམས་སངས་བྱེད་སའི་དྭངས་གཙང་གི་མཛེས་ལྗོངས།རྨི་ལམ་ནང་གི་ཞིང་ཁམས་དེ་ཡིན་ལ།དེ་རིང་རྫ་མགོ་ཆར་དཀར་གྱིས་གཡོག་པས་གངས་དང་རི་འདབས་མེ་ཏོག་བྱེ་བ་བཞད་པའི་སྤང་།སྤང་དཀྱིལ་དུ་གནམ་སྔོན་ཞུན་མར་འཁྱིལ་བའི་མཚོ་ཁྲི་གཤོག་རྒྱལ་མོ་བཅས་ལྷ་བཟོ་མཁས་པའི་པུར་རྩེ་ལས་ཀྱང་ཐོན་དཀའ་བའི་མཚོ་སྔོན་པོའི་དྭངས་གཙང་གི་མཛེས་ལྗོངས་ཧ་ཅང་ཉམས་དགའ་བ་མཐོང་།ད་དུང་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཞིང་ས་གྲུ་བཞི་རིམ་པར་བསྟར་བའི་ལོ་ཀར་གྱི་མེ་ཏོག་སེར་བོ་དེ་ལྟད་མོ་བ་མང་བོའི་མིག་གི་གཟི་ལེན་དུ་གྱུར་འདུག་ལ།མེ་ཏོག་སེར་པོ་དང་མཚོ་སྔོན་པོ།སྤང་ཐང་ལྗང་མདོགརི་སྐེད་ཁྲ་བོ།རྫ་མགོ་དཀར་པོ།ནམ་མཁའ་སྔོ་བསངས།སྤྲིན་དཀར་ཕུང་བོ།བསིལ་འཇམ་གྱི་རླུང་།དྭངས་གཙང་གི་མཁའ་དབུགས་བཅས་ངོ་མས་ཁོར་ཡུག་སྐྱིད་པ་དག་པའི་ཞིང་ཁམས་ཤིག་ཏུ་སྣང་སོང་།
མཚོ་སྔོན་པོ་ནི་བོད་དང་སོག་པོ།རྒྱ་ནག་གང་གི་སྐད་ཀྱི་དབང་དུ་བྱས་ཀྱང་ལྗང་མདོག་གི་མཚོ་ཞེས་པའི་དོན་དུ་ཡོད་ལ།ལོ་ཁྲི་ཕྲག་གི་སྔོན་ནས་ད་བར་དུ་མཚོའི་གཟི་བརྗིད་དང་མཛེས་ཉམས། གཏིང་མཐའ། རླབས་ཕྲེང་། བྱ་གླིང་། རི་དྭགས། བྱེ་གླིང་། ཆུ་ཀླུང་། རི་བོ། ལྷ་སྒྲུང་། དད་མོས།གཏམ་རྒྱུད།ཡུལ་སྲོལ།ལོ་རྒྱུས་བཅས་ཀྱིས་ངོ་མཚར་བར་གླེང་སྟེ་ད་ལྟའི་བར་སྙན་གྲགས་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ་འཛམ་གླིང་སྟེང་མཚོ་བོད་མཐོ་སྒང་གི་འོད་སྟོང་འཕྲོ་བའི་མུ་ཏིག་རྡོག་གཅིག་གི་མཚན་སྙན་ཐོབ་ལ།ཀྲུང་གོའི་ཆེས་མཛེས་པའི་མཚོ་སྔོན་མཚེའུ་ཞེས་མིང་བཏགས་ཡོད་པར་མ་ཟད། རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་ཆུའི་མཚེའུ་ཡིན་ཟེར། རྒན་པོ་ཞིག་གི་གཏམ་རྒྱུད་དུ།གནའ་སྔ་མོའི་དུས་སུ་ཀླུ་རྒྱལ་ཆེན་པོ་ལ་བུ་བཞི་ཡོད།བུ་ཆེ་བ་ཤར་གྱི་མཚོ་བདག་བྱས།བུ་འབྲིང་བ་བྱང་གི་མཚོ་བདག་བྱས།བུ་ཆུང་བ་ལྷོ་ཡི་མཚོ་བདག་བྱས།བུ་ཐ་ཆུང་ལ་མཚོ་མེད་པས་ཡིད་མ་དགའ་སྟེ།རང་གི་ནུས་པས་མཚོ་ཞིག་བསྐྱིལ་ནས་བདག་བྱ་དགོངས་ནས་རྫུ་འཕྲུལ་གྱིས་རི་ཁྲི་ཆུ་སྟོང་བརྒལ་མཐར་ཁུ་ནུ་རི་རྒྱུད་ཀྱི་བྱང་མཐའ་མུ་འཐའ་བྲལ་བའི་རྩ་ཐང་ཆེན་པོ་ཡོད་པ་དང་།དེ་ན་བློན་པོ་གསེར་ཆེན་གྱི་རི་རྒྱུད་དང་མདོ་ལ་རིང་མོའི་རི་རྒྱུད་གཉིས་ཀྱི་བར་དུ་ཆུ་བོ་བརྒྱ་རྩ་བརྒྱད་བསྡུས་ནས་མཚོ་ཞིག་བསྐྱིལ་ནས་མཚོ་བདག་བྱས།དེ་ནི་ནུབ་མཚོ་ཡིན་ལ་མཚོ་སྔོན་པོ་འདི་ཡིན་ཟེར། འདི་ནི་བློན་པོ་མགར་དང་འབྲེལ་བའི་གཏམ་རྒྱུད་ཆུ་མགོའི་རྡོ་ལེབ་བླངས་པའི་བཤད་པ་ལས་སྙན་པར་ཡོད།
སྤྱིར་ན་མཚོ་སྔོན་པོ་རྒྱལ་པོ་སྲོང་བཙན་ཡར་སྔོན་ནས་ཡོད་དེ།རྒྱལ་བོ་སྲོང་བཙན་རང་གི་གསུངས་ལས།ཁྲི་གཤོག་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས།།ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད།།ཅེས་མཚོ་སྔོན་པོ་བསྟན་ལ།ཀོང་ཇོ་བོད་དུ་ཕེབས་དུས་རྒྱ་ནག་རྒྱལ་བོས།མཚོ་བཞི་གཡུ་ཡི་མནྜལ་འདྲ།།ཐང་བཞི་མཆོད་པ་བཤམས་པ་འདྲ།།ཞེས་པའི་མཚོ་བཞིའི་ནང་ན་མཚོ་སྔོན་པོ་ཡོད།༼མངའ་རིས་ཀྱི་མ་ཕམ་གཡུ་མཚོ།དབུས་ཀྱི་ཡར་འབྲོག་གཡུ་མཚོ།བྱང་གི་གནམ་མཚོ་ཕྱུག་མོ།ཁམས་ཀྱི་མཚོ་སྔོན་པོ་དང་བཞི་ཡིན།༽
དེང་རབས་ཚན་རིག་པས་བརྟག་དཔྱད་བསྡོམས་ཚིག་ཏུ།མཚོ་སྔོན་པོ་ཐོག་མར་ཚྭ་མེད་པའི་མཚེའུ་ཞིག་ཡིན་ཀྱང་ཧ་ལམ་ལོ་ཁྲི་གཅིག་གི་སྔོན་དུ།མཚོ་ཁུལ་གྱི་དྲོད་ཚད་རིམ་བཞིན་ཇེ་མཐོར་སོང་།མཚོ་ཆུ་རླངས་པར་གྱུར་བའི་ཚད་དེ་ཆུའི་འབབ་ཚད་ལས་བརྒལ་བར་བརྟེན།རིམ་བཞིན་ཇེ་ཆུང་དུ་སོང་བར་བཤད་པ་ལྟར།མཚོ་སྔོན་པོ་རྨིད་བརྒྱ་མར་ལ་བྲི་སྟེ་རིམ་བཞིན་མཚོ་སྙིང་དང་མཚེར་བ་རི།བྲག་དཀར་སྤུན་གསུམ།གླང་ཆེན་མཆེ་བ།བྱེ་མ་ལ་བདུན་རྣམས་ཐོན་པར་མ་ཟད།མཚོ་ཆུང་དང་མཚོའི་རྣ་ལུང་སོགས་སོ་སོར་གྱེས་པ་ཡིན་ཞེས་བཤད།འདིས་མཚོ་འཕྱུར་ཏེ་དུད་ཁྱིམ་ཁྲི་བསྣུབས་པ་དང་སློབ་དཔོན་པདྨས་རྒྱ་གར་གྱི་རི་བོ་མ་ཧ་དེ་བའི་མགོ་བཅད་དེ་ཞེས་སོགས་ཆོས་ཉིད་ཀྱི་རིགས་པ་དང་གཏན་ཚིགས་རིགས་པ།ལྷག་པར་ལོ་ཚིགས་བརྟག་དཔྱད་རིག་པ་དང་མི་མཐུན་པའི་བཤད་ཡམས་ཤ་གཟུག་དེ་དག་རིག་སྨྲ་རྣམས་ཀྱིས་ཟ་རྐྱང་མིན་པར་བྱས་ཡོད།། མཚོ་འདིའི་ཤར་ན་ཨ་མ་ཟོར་དགུ།ལྷོ་ན་བློན་པོ་གསེར་ཆེན།ནུབ་ན་བྲག་དཀར་ཐེམ་ཆེན།བྱང་ན་རྫ་དམར་མཐོན་པོ་བཅས་མཚོ་མོའི་ནང་རྫ་བཅུ་གསུམ་གྱིས་མཐའ་བསྐོར་ནས་ཡོད་ལ།མཚོ་སྙིང་མ་ཧཱ་དེ་ཝ།མཚེར་བ་རིའམ་བྱ་གླིང་།བྱེ་མ་ལ་བདུན།ཀླུའི་གནས་སྒོ།ཏཱ་ལེའི་ཆུ་མིག ཆུ་མིག་བརྒྱ་རྩའི་གནས་སྒོ།གླང་ཆེན་མཆེ་བའི་གནས་སྒོ།པཎ་ཆེན་ལབ་ཙེ།མགོན་པོའི་གདོང་།ལྷ་མོའི་དྲེའུ་གནས་སྒོ།ཁྲུང་ཁྲུང་དཀར་མོའི་གླིང་སོགས་ལ་དད་མོས་དང་འབྲེལ་བ་ཆེས་ངོ་མཚར་ལྡན་པའི་གཏམ་མང་བོ་ཡོད་ཀྱང་མ་བྲིས།
མདོ་དབུས་རྩ་ཐང་མར་ཁུའི་མཚོ་ཆེན་ལ།།
མཚོ་སྔོན་ཁྲི་གཤོག་རྒྱལ་མོ་ལྟེམས་ཀྱིས་འཁྱིལ།།
མཛེས་ལྗོངས་ལྷ་ལས་ལྷག་པའི་སྙན་གྲགས་ཀྱིས།།
འཛམ་གླིང་མགྲོན་དུ་བཀུག་པའི་ཚུལ་འདིར་མཚར།།
བཞི་བ། བུ་ཧ་ཆུ་བོ།
ཨེ་ཡིག་སྣོད་ཀྱི་གངས་དཀར་རི་བོ་ལ།།
ཝཾ་ཡིག་མཚོ་ཆེན་རྒྱལ་མོས་བསྐུལ་བ་ལས།།
རྟེན་འབྱུང་དཀར་དམར་ཁམས་ཀྱི་འཕྲོད་འདུ་ཡིས།།
གསང་བའི་བརྩེ་དུང་ཆུ་བོའི་རྒྱུན་ལ་འགྲན།།
བུ་ཧ་ཆུ་བོ་ནི་ཕོ་ཆུ་དང་མཚོ་སྔོན་པོ་ནི་མོ་ཆུ་ཡིན།ཕོ་མོ་འདུ་འཛོམ་གྱི་རྟེན་འབྱུང་ལས་ཡུལ་འདིར་བདེ་དགེ་ལེགས་ཚོགས་རྒྱས་ཤིང་རིགས་རྒྱུད་འཕེལ།ཆུ་སྒྲ་རྩིབ་ཀྱང་དྲག་པ་ཕོ་ཆུ།འཇམ་ཞིང་ལྷོད་པ།འགྲོས་དལ་བ་ནི་མོ་ཆུ་ཡིན།རི་བོ་ཡང་རྩ་བ་སྦོམ་ཞིང་སྟུག་པ་ཕོ་རི།རྩེ་མོ་ཕྲ་ཞིང་དུད་པ་མོ་རི་ཞེས་ས་དཔྱད་ལས་འབྱུང་ལ།སྤྱིར་རི་བོ་ཐམས་ཅད་ཕོ་དང་ཆུ་བོ་ཐམས་ཅད་མོར་འབོད་པ་མང་ཤོས་ཡིན། མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་མདོ་ལ་རིང་མོའི་རྫ་རི་དེ་ལེ་བར་སྟོང་ལྷག་བརྐྱངས་པའི་རི་ཚོགས་ཀྱི་ཕྲེང་བ་ཞིག་ཡིན་པ་དང་།དེ་ན་ཆེས་མཐོ་བའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་༼སོག་སྐད་དུ་ཨོའུ་ཁུན་ཟེར༽དང་གངས་དཀར་ཞོ་བླུག་བཅས་ནམ་མཁའི་དབྱིངས་རིམ་ལ་ཟུག་པའི་མདོ་སྨད་ཀྱི་གངས་རི་གཉིས་པ་དེ་ཡོད།ངས་བཤད་འདོད་པ་ནི།གངས་དཀར་ཕྱོགས་ལས་རྣམ་རྒྱལ་ཨ་མྱེས་རྨ་རྒྱལ་དང་འདྲ་བར་ཡུལ་སྡེ་སྐྱོངས་པའི་དཔའ་རྒོད་ཕོ་སར་དེ་ཡིན་ལ།མཚོ་སྔོན་པོ་ནི་སྐྱེས་གཟུགས་ལང་ཚོ་དར་ལ་བབས་པའི་མོ་སྨན་ཞིག་ཡིན་པར་མ་ཟད།གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་བཙུན་མོའི་ཚུལ་དུ་ཡོད།བུ་ཧ་ཆུ་བོ་ནི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་གསེང་ལས་ཐོན་ཏེ།མཚོ་སྔོན་པོའི་གསང་གནས་ནས་མཚོ་སྙིང་བར་དྲངས་ཐད་ཀྱིས་ཟུག་པ་ཡིན་པས་རང་བྱུང་འཇིག་རྟེན་ཁམས་ཀྱི་རི་ཆུའི་གསང་བ་དང་ཕོ་མོའི་བརྩེ་དུང་མཚོན་བྱེད་ཆེས་མངར་བའི་གནའ་གཏམ་མཚར་བོ་ཞིག་ཡོད།འཁོར་སྐར་ལས་བླངས་པའི་མཚོ་སྔོན་པོའི་པར་ལ་ལྟོས་དང་༼བུད་མེད་ཀན་རྐྱལ་དུ་ཉལ་བའི་ཚུལ་སོགས༽གསལ། ཡུལ་མི་ཚོས་བཤད་རྒྱུར།མཚོ་སྔོན་པོ་ལན་རེར་རླབས་ཕྲེང་གཡོས་ཏེ་སྡོད་མི་ཚུགས་པའི་སྐབས་ཤིག་ཡོད་པ་དང་།དེའི་ཚེ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རྫ་གསེང་དུ་ཆར་ཆེན་བབས་ཏེ་བུ་ཧ་ཆུ་བོ་བྲིགས་ཏེ་མཚོ་སྔོན་པོའི་གཏིང་རིམ་དུ་བཞུར་བ་ན་མཚོ་ཁྲི་གཤོག་རྒྱལ་མོ་ལྷོད་སེ་བུད་འགྲོ།ཞེས་རང་བྱུང་འཇིག་རྟེན་འཕྲོད་འདུའི་གསང་བ་ངོ་མཚར་བ་ཞིག་བཤད།ད་རུང་བུ་ཧ་ཆུ་བོ་མདོག་ཁམས་ཤས་ཆེ་བ་ཞིག་ཡིན་པས་མཚོ་སྔོན་པོའི་འགྲམ་དུ་འདྲེས་མཚམས་ཕྱེས་ཡོད་པ་ལྟ་བུར་སྣང་མོད།རི་བོ་མཐོ་ས་ནས་བལྟས་ན།བུ་ཧ་ཆུ་བོ་མཚོ་སྔོན་པོ་མཚོ་སྙིང་བར་དུ་དྲངས་སེ་སོང་འདུག་ཟེར། གང་ལྟར་མཚོ་སྙིང་དང་ཆེས་ཐག་ཉེ་ས་ནི་བྱ་གླིང་མཚེར་བ་རི་དང་བུ་ཧ་ཆུ་བོ་མཚོ་སྔོན་པོར་འབས་ས་འདི་ཡིན་པས།འདི་ནས་མཚོ་གཏེར་ཕུལ་ན་རྟེན་འབྲེལ་གྱི་གནད་ཕུན་སུམ་ཚོགས་པ་ཞིག་ཡོད་པས་བུ་དང་ཚེ་བསོད།ནོར་དང་འབྲུ།མཚན་སྙན་གྲགས་དང་མངའ་ཐང་དར་ཡོང་ཞེས་ངྷི་ཚ་དགོན་པའི་དགེ་བའི་བཤེས་གཉེན་ཨ་ཁུ་བྱང་ཆུབ་ཚང་གིས་གསུངས་པ་ལྟར་ལེགས། བུ་ཧ་ཟེར་བ་དེ་སོག་སྐད་ཀྱི་ཁྲུས་ཀྱིས་ཤིག་ཅེས་པའི་སྐུལ་ཚིག་ཡིན་པ་འདྲ་བས་དཔྱད་དགོས་པ་ལས་ཐེམ་ཆེན་རྫོང་གི་གནས་ཡུལ་པར་མཛོད་ལྟར་བོད་སྐད་སོར་བཞག་གི་སྒྲ་བཤད་གཡག་བུ་ཧཱ་ལ་ཟེར་ན་དེ་ཙམ་མི་མཛེས་སོ།ད་རུང་ཨུ་ལན་ཧོའུ་ཤོ།ཧར་གྭེ་སོགས་ཀྱང་ཆུ་བོ་དེ་དག་གི་མིང་དུ་ཟེར་ལ་སོག་སྐད་རེད། ང་ཚོས་འ་ཞ་རྒྱལ་བོའི་མཁར་ཤུལ་དང་བྱ་གླིང་མཚེར་བ་རི་སོགས་ལ་བལྟས་རྗེས་མདོ་ཁམས་གཡེར་མོ་ཐང་ཞེས་མིང་ཐོགས་ཡུལ་གཡེར་མོ་མེ་ཏོག་གི་ནེའུ་གསིང་བརྒྱུད།གཡེར་མོ་མེ་ཏོག་གི་དགའ་ཚལ་དུ་མཚོ་སྔོན་རྒྱང་བསྒྲགས་ཁང་གིས་ཁོ་བོ་ལ་བཅར་འདྲི་བྱས་རྗེས་ངེད་ཅག་དགའ་སྤྲོའི་ངང་རྐང་ཚ་རྫོང་ཐོག་ཏུ་བདེ་བར་འབྱོར།
མདོ་ཁམས་ཀྱི་གཡེར་མོ་ཐང་ཞེས་པའི་མིང་འདི་ཁྲི་སྲོང་ལྡེ་བཙན་དུས་ནས་ཡོད་དེ།ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་ལས།མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་དུས་སུ།སློབ་དཔོན་གྱིས་བསྟན་མ་བཅུ་གཉིས་དང་ཡར་ལྷ་ཤམ་པོ།གཉན་ཆེན་ཐང་ལྷ་སོགས་དམ་ལ་བཀོད་ཀྱང་རྨ་རྒྱལ་སྦོམ་རས་བཀའ་མ་ཉན་པས།ཁོའི་རྐང་བ་གཡས་པ་ཁམས་ཀྱི་གཡེར་མོ་ཐང་ལ་བཞགགཡོན་པ་བསམ་ཡས་ཧས་པོ་རི་ལ་བཞག་སྟེ།ཞེས་སོགས་རྫུ་འཕྲུལ་གྱིས་དབང་དུ་བྱས་པར་གསུངས་པའི་དུས་ནས་གཡེར་མོ་ཐང་ཞེས་མིང་བརྡ་འདི་ཡོད།སྔོན་གྱི་ཆོས་འབྱུང་རྙིང་བ་ལ་ལར་དབྱར་མོ་ཐང་ཞེས་བྲིས་ཡོད་པའང་མཐོང་མྱོང་། དགུང་མོར་ང་ཚོའི་ཚན་ཆུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བགྲོ་གླེང་ཞིག་བསྡུས།དེའི་སྟེང་ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་གིས་འདི་ལྟར་གསུངས།མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་ཆེས་མཛེས་པའི་རྒྱན་ཆ་ལྟ་བུ་དེ་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་མིང་ནི་མཚོ་སྔོན་པོ་ལས་བྱུང་བ་དང་། མཚོ་སྔོན་པོ་ནི་མཚོ་སྔོན་གྱི་མིག་དང་མིང་བྱང་ལྟ་བུའང་ཡིན། ཆོས་ལུགས་དང་མདོ་སྨད་ལོ་རྒྱུས་ཀྱི་ཆེས་གད་འགངས་ཆེ་བའི་གནས་ཆེན་ཤིག་ཀྱང་རེད།དེས་ན་ང་ཚོས་ཀྱང་མཚོ་སྔོན་པོ་རང་གི་མིག་བཞིན་དུ་སྲུང་སྐྱོབ་བྱེད་རྒྱུ་འདི་མི་རེ་རེས་འགན་འཁྲི་གཙོ་བོ་ཡིན་ཞིང་ཕ་མེས་ཡང་མེས་ཀྱིས་འདི་ལ་དད་མོས་དང་བརྩི་སྲུང་བྱས་པ་བཞིན་ང་ཚོས་ཀྱང་འདི་ལ་རྩི་བཀུར་དང་སྲུང་སྐྱོང་བྱ་དགོས ཚན་རིག་པས་ཚོད་དཔག་ལྟར་ན་མཚོ་སྔོན་པོ་འདི་རྨིད་བརྒྱ་ཙམ་མར་ལ་བྲི་སོང་བས་ད་ལྟའི་མཚོ་ལྟ་བུ་གཉིས་ཆེ་ཆུང་ལ་སོང་།དེ་དག་གཙོ་བོ་མཁའ་དབུགས་དྲོད་ཚད་མཐོ་རུ་སོང་བ་དང་གནམ་འབབ་ཚད་མ་འདང་བས་ཆར་ཆུ་ཇེ་ཉུང་ལ་སོང་བ།དེ་བས་ཆུ་ཕྲན་མང་བོ་སྐམ་པ་སོགས་རང་བྱུང་གི་གནོད་འཚེ།ཕྱུག་ཟོག་མང་ཆེ་སྟེ་རྩྭ་ས་མ་འདང་བའི་རྐྱེན་གྱིས་སའི་བཅུད་ཉམས་པ། གཞན་ཡང་།ཤ་ཁྲག་ཆུ་ལ་འདྲེས་པ་དང་གསུར་རྡུར་སོགས་ཀླུ་དང་མཚོ་ལ་གནོད་པའི་བྱ་བྱེད་ཀྱིས་ཁོར་ཡུག་ཉམས་ཤིང་མཚོ་སྐམ་པའི་གནས་ཚུལ་མཐོང་། དེས་ན་ང་ཚོས་ཀྲུང་དབྱང་གིས་བཏོན་པའི་མཚོ་བོད་མཐོ་སྒང་རི་ཆུའི་རིག་གནས་སྲུང་སྐྱོངབ་དགོངས་དོན་ལག་བསྟར་དང་།བོད་མི་རིགས་ཀྱི་སྲོལ་རྒྱུན་དར་སྤེལ། ནང་ཆོས་ཀྱི་རི་ཆུ་དང་སྲོག་ལྡན་ལ་སྲུང་སྐྱོང་དགོས་པའི་བསམ་བློར་མཐོང་ཆེན་བྱས་ནས་ཚེ་སྲོག་གི་འདྲ་མཉམ་རིན་ཐང་དང་སྐྱེ་ཁམས་ཀྱི་ལྟ་བར་ལྟ་བར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་དོན་ཐད་བྱ་བ་ཕྲན་བུ་རེ་སྒྲུབ་དགོས། སླད་ཕྱིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་ལས་ཁུངས། བརྙན་འཕྲིན། ཚགས་པར། དུས་དེབ། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོ། དགོན་སྡེ། སློབ་གྲྭ། སྡེ་བ། ཐ་ན་ཁྱིམ་ཚང་རེ་རེ་དང་མི་སྒེར་བཅས་ལ་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་དགོས་པ་ཁྱབ་བསྒྲགས་བྱས།སློབ་གསོ་བཏང་།ཤེས་ཡོན་སྤེལ་ཏེ་ཁོར་ཡུག་སྲུང་སྐྱོབ།རྩ་ས་བཀོལ་སྤྱོད་བྱེད་ཚད།ཆུ་དང་ཆུ་མགོ་ལ་གཅེས་སྤྲས་བྱེད་པ།གཏེར་དང་དར་ལྕོག རླུང་རྟ་སྦུར་བ།བསངས་གསུར་གཏོང་བ་སོགས་ལ་ཚད་དང་རན་པ་བྱ་རྒྱུ་བཅས་བྱས་ནས་དྭངས་གཙང་།མཛེས་སྡུག་གི་ཡུལ་ལྗོངས་ཤིག་ཏུ་བསྒྱུར་རྒྱུ་དེ་ཡིན།ཞེས་གསུངས་བྱུང་།
དེའི་ཕྱི་ཉིན་ང་ཚོས་མཚོ་ཆུང་ནོར་བུའི་ཁ་ནས་བསངས་ཕུད།ཀྭི་སྭོ་ལྷ་རྒྱལ་གནམ་ས་འགུལ་བ་ལྟ་བུ་འཐེན་ཏེ་ལྷ་ལ་འཕྲིན་བཅོལ་བྱས་རྗེས།སྐུ་གཞོན་ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་གཙོས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་རི་ཆུའི་རིག་གནས་འཚོལ་སྡུད་ཚན་ཆུང་དང་བདེ་མོ་བཞག ཁྱེད་རྣམ་པས་མཚོ་བོད་མཐོ་སྒང་ལ་བཅིངས་པའི་བརྩེ་དུང་ང་ཚོས་བརྗེད་མི་སྲིད།རྗེས་ནས་མྱུར་དུ་མཇལ་བའི་སྨོན་འདུན་ཞུ།།
ཞེས་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན།སྐུ་ཕྱོགས་ཨོའུ་རྒྱའི་སྤྲུལ་མིང་བ་བློ་བཟང་འཇམ་དཔལ་དགྱེས་པའི་རྒྱ་མཚོ། མིང་གཞན་གསེར་ལག་ཏུ་འབོད་པས་བོད་གསང་སྔགས་རིག་གནས་བྱང་ཆུབ་གླིང་དུ་བྲིས་པ་དགེའོ།། །།
རྩོམ་ཡིག་མཁོ་སྤྲོད་པ། སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་ཙན་དན།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།