༄༅༎ གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་སྣོད་བཅུད་སྲུང་སྐྱོབ་དང་ཉམས་གསོའི་ལས་འགུལ་ཐེངས་དང་བོ།

༄༅༎ གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་སྣོད་བཅུད་སྲུང་སྐྱོབ་དང་ཉམས་གསོའི་ལས་འགུལ་ཐེངས་དང་བོ།

    

གཟའ་འཁོར་གཅིག་ལྷག་གི་རྗེས་སུ་ཀུན་གྱི་རེ་སྒུག་གི་སྙིང་ལ་འཁྱིལ་པའི་མེ་ཕོ་སྤྲེལ་ལོ་གསར་དུ་བཞད་པར་འགྱུར། ལོ་དེ་ནི་བོད་མདོ་སྨད་རྫོང་བཞིའི་ཡང་རྩེ། གངས་མཚོ་གནས་གསུམ་གྱི་ཡ་གྱལ། དཔལ་གྱི་ཙ་རི་ཏྲ་གཉིས་པ་འཕགས་མཆོག་ཕྱག་ན་པདྨོ་དང་དཔལ་འཁོར་ལོ་བསྡོམ་པའི་གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་གནས་འདུས་ཡིན་ལ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཏེ་བཻ་དཀར་ལས་ས་གླང་སྟེ་སྤྱི་ལོ༼  749  ༽ལ་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་བོད་དུ་བྱོན་ཅིང་། སྐབས་དེ་ཤེད་ཅིག་ལ་གནས་མཆོག་འདིར་ཕེབས་ནས་གནས་སྒོ་ཕྱེས་པ་ནས་བཟུང་སྟེ། ད་ལྟའི་བར་དུ་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་མང་བོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མཛད། གནས་མཆོག་འདི་ལ་ལོ་ངོ༼1260༽ཡས་མས་ཀྱི་ལོ་རྒྱས་རྩ་ཆེན་ཡོད།  

                གནས་མཆོག་འདིའི་སྣོད་བཅུད་ལ་སྲུང་སྐྱོབ་བྱ་ཆེད་ཤིང་ལུག་ལོའི་ཧོར་ཟླ12ཚེས23ལ་འཆར་ཅན་བཞིན་སྤྲེལ་རྫོང་དགོན་པའི་དམངས་གཙོ་དོ་དམ་ཁང་གི་སྣེ་ཁྲིད་འོག་ཏུ་དགོན་པའི་གྲྭ་ཚང་རིན་པོ་ཆེ་ཡོངས་དང་། བྲག་དཀར་རྫོང་དང་རྫོང་ཁོངས་ཀྱི་གྲོལ་རྡལ་དང་ཡུལ་ཚོ་བདུན་ལས་དང་བླངས་ཀྱིས་ཕེབས་པའི་ཚོགས་པ་བཅོ་ལྔ་ཙམ་དང་མི་སྒེར་བཅས་ཁྱོན་སྡོམ་སྐྱ་སེར་ཆིག་སྟོང་ཆིག་བརྒྱ་ལྷག་གིས་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་སྣོད་བཅུད་སྲུང་སྐྱོབ་དང་ཉམས་གསོའི་ལས་འགུལ་ཐེངས་དང་བོ་སྤེལ་ཏེ། དགོན་པའི་ཕྱི་ནང་དང་གནས་རིའི་སྐོར་ལམ་ཡོངས། རང་བྱོན་སོགས་མཆོད་རྟེན་རྩ་ཆེན་དག་ལ་སྲུང་སྐྱོབ་དང་བདག་གཅེས་གང་ལེགས་གནང་། ད་སྔ་མཇལ་བ་སོགས་ཀྱིས་གང་བྱུང་དུ་གཡུགས་པའི་གཏེར་ཁུག་སོགས་དང་རང་དགར་འཐེན་པའི་དར་ལྕོག་དང་གོས་དར། གད་སྙིགས་སྣ་ཚོགས་སོགས་ལ་དུས་ཚོད་དང་མི་ཤུགས་མང་བོ་བཀོལ་པས་གཙང་བཟོ་གང་འཚམ་ཐུབ་སོང་མོད། གནོད་པ་ཐེབས་པའི་ལྗོན་ཤིང་དང་བྲག་ངོས་ཀྱི་རང་བྱོན་དག་དང་། རྐུན་ལ་ཤོར་པའི་རང་བྱོན་མཆོད་གནས་རྩ་ཆེན་སོགས་ནི་ལོ་རྒྱུས་ཀྱི་འགྱོད་པ་དང་། ཕངས་སེམས་ཚད་མེད་སྐྱེ་བའི་ཡུལ་ཙམ་མོ། །དེ་ལྟར་ཉིན་གཅིག་རིང་གི་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་སྣོད་བཅུད་སྲུང་སྐྱོབ་དང་ཉམས་གསོའི་ལས་འགུལ་ཐེངས་དང་བོ་བདེ་ལེགས་དང་རྒྱལ་ཁའི་ངང་རེ་ཞིག་མཇུག་རྫོགས་སོ། །

          མཐར་ཀུན་ལ་རེ་སྐུལ་དུ་ཞུ་འབྲས་ནི། ༡.དད་ལྡན་གནས་མཇལ་བ་དང་ལྗོངས་རྒྱུ་བ་རྣམས་ཀྱིས་སྤྲེལ་རྫོང་གི་གནས་ཡིག་ཚད་ལྡན་དག་ལ་གསལ་བོར་གཟིགས་ནས་གནས་མཇལ་ཚད་ལྡན་ཞིག་འོང་བར་འབད་པ་ལས་དཔལ་འབྱོར་སྐབས་འཚོལ་བ་ཚོའི་གཡོ་རྫུན་གྱི་འོག་ཏུ་མི་ཚུད་རྒྱུ་དང་། དགོན་པའི་དམངས་གཙོ་དོ་དམ་ཁང་གིས་བཀྲམ་པའི་གསལ་བསྒྲགས་ལ་བལྟས་ནས་གཏེར་འབུལ་པ་དང་དར་ལྕོག་འཐེན་པ་སོགས་བྱ་འོས་མི་འོས་ཀྱི་ས་མཚམས་འབྱེད་དགོས།  ༢.དགོན་པར་འབྲེལ་འཇོག་པར་འདོད་པ་རྣམས་ཀྱིས་དམངས་གཙོ་དོ་དམ་ཁང་དང་ཚོགས་ཆེན་དགེ་བསྐོས་གང་རུང་གི་ཕྱག་ཏུ་འཕྲོད་ཚེ་དགོན་གཞུང་ལ་འབྱོར་ངེས། གཞན་མི་སྒེར་དང་ཚོགས་སྡེ་སུས་བསྡུས་ཀྱང་རྫུན་ཡིན། ༣.དད་ལྡན་གནས་མཇལ་བ་དང་ལྗོངས་རྒྱུ་བ་རྣམས་ཀྱིས་དཔལ་ཡོན་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལྡན་པའི་སྒོ་ནས་གཏེར་ཁུག་སོགས་གང་བྱུང་དུ་མི་འཇོག་རྒྱུ་དང་། དར་ལྕོག་དང་གོས་དར་སོགས་ཚད་ལྡན་འདོགས་པ། གད་སྙིགས་གང་ཡོད་སྙིགས་སྒམ་དང་སྙིགས་ཚིགས་སུ་བསྐྱེལ་བ་དང་། ལྷག་པར་རང་བྱོན་སོགས་མཆོད་གནས་རྩ་ཆེན་གྱི་རིགས་ལས་རྟེན་སྐལ་འཁྱེར་བ་སོགས་གནོད་པ་ཕྲ་མོ་ཙམ་ཡང་མི་བྱ་བའི་རེ་སྐུལ་བྱས་པ་ཡིན།          ཞེས་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་ཧོར་ཟླ12ཚེས23ཉིན།


གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ་ཆོས་སྐྱོང་རྒྱལ།


རྩོམ་སྒྲིག་འགན་ཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-02-02 ལྟ་ཀློག (5024)