​རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལ་གསེར་གྱི་གཟེངས་རྟགས་ཐོབ་པ།


རེ་བའི་གསེར་གྱི་གཟེངས་རྟགས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལ་ཐོབ་པ།

       གངས་ལྗོངས་རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་དང་རེ་བའི་བུ་ཁྱིམ་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབས་པའི་རེ་བའི་ལོ་སར་དགོང་ཚོགས་དེ་2016ལོའི་ཟླ་2པའི་ཚེས་1ཉིན་གནའ་མཁར་ཟི་ལིང་ནས་འཚོགས་ཤིང་། ཚོགས་ཐོག་ཏུ་རེ་བ་གསེར་གྱི་གཟེངས་རྟགས་དངོས་སུ་འབུལ་བའི་བྱ་འགུལ་སྤེལ།  དེ་ཡང་གཟེངས་རྟགས་འདི་ཉིད་འབུལ་རྒྱུར་གྲོས་ཐག་བཅད་རྗེས་སྔ་ཕྱིར་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་རོང་འབྲོག་མང་ཚོགས་དང་ཁེ་ལས་པ། སློབ་གཉེར་བ། མཁས་པ་སོགས་མང་བོ་ཞིག་ལ་བློ་འདྲི་གྲོས་བསྡུར་ཞུས་ཤིང་།  བརྟག་དཔྱད་ཡུན་རིང་བྱས་མཐར་གངས་ལྗོངས་ཀྱི་སློབ་གསོ་བ་གྲགས་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་འབུལ་བར་ཐག་བཅད་པ་རེད།   གཟེངས་རྟགས་ལ་གསེར་ཁེ200དང་།  གཞན་ད་དུང་བྱ་དགའི་དངུལ་ལ་དམངས་སྒོར་ཁྲི་30བཅས་ཕུལ་ཡོད།

      ཐེངས་འདིའི་གཟེངས་རྟགས་འབུལ་བའི་རོགས་སྒྲུབ་ལས་ཁུངས་ནི་ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་ཅུའུ།  པེ་ཅན་རེ་བའི་རིག་གནས་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་།  ཡུལ་ཤུལ་ཉི་མའི་ཨ་ཕ་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཚད་ཡོད་མཐུན་གཉེར་ཁང་བཅས་ཡིན་པར་མ་ཟད།  གཟེངས་རྟགས་དངོས་སུ་འབུལ་བའི་རེ་བའི་དགོངས་ཚོགས་སྟེང་དུ་ཁོང་གིས་གསུང་རྒྱུར། ང་ལ་མཚོན་ན་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དགའ་རྟགས་མང་བོ་འཐོབ་མྱོང་མོད།  དེ་རིང་ལྟ་བུ་ཞིག་དགའ་མ་མྱོང་། འདི་ནི་བོད་མི་རིགས་རང་གིས་རང་གི་སློབ་གསོ་ལ་མཐོང་ཆེན་བྱས་པའི་རྟགས་ཡིན་པས་ཧ་ཅང་དགའ་བྱུང་གསུངས་ལ། ད་དུང་ཁོང་གིས། དེ་རིང་ང་ལ་བྱ་དགའ་འདི་ལེན་པའི་སྤོབས་པ་ཡོད། རྒྱུ་མཚན་ནི་བྱ་དགའ་འདི་ནི་ང་མི་སྒེར་ལ་འཐོབ་པ་མ་ཡིན་པར་ང་ཚོའི་སློབ་གླིང་ལ་ཐོབ་པ་རེད། འདི་ནི་ང་ཚོའི་སློབ་གསོ་ལ་ཐོབ་པ་རེད། འདི་ནི་བོད་མི་རིགས་ལ་ཐོབ་པ་རེད་ཅེས་གསུངས་སོང་། 

རེ་བའི་ལོ་སར་དགོང་ཚོགས་དང་རེ་བ་གསེར་གྱི་གཟེངས་རྟགས་དངོས་སུ་འབུལ་བའི་བྱ་འགུལ་གྱི་གླུ་གར་མཆོད་པ།

བྱ་དགའི་དངུལ་ལ་དམངས་སྒོར་ཁྲི་30བཅས་འབུལ་བའི་ཡུལ་དངོས།

གསེར་གྱི་གཟེངས་རྟགས་འབུལ་བཞིན་པའི་ཡུལ་དངོས།



གསར་འགོད་པ།  གྱི་ལིང་འཇིགས་མེད།




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-02-01 ལྟ་ཀློག (16870)