བསྡུས་གྲྭ་དགོས་མིན་རྩོད་པ་དོན་མེད་ཀྱི་རྩོད་གླེང་རེད།

བསྡུས་གྲྭ་དགོས་མིན་རྩོད་པ་དོན་མེད་ཀྱི་རྩོད་གླེང་རེད།


སེར་བྱེས་ལྷ་རམས་པ་དགེ་བཤེས་འཇམ་དཔལ་བློ་ཤེས།

      བསྡུས་གྲྭར་སློབ་པ་དམ་སེལ་དུ་འདོད་མཁན་ཚོས་འདོར་དགོས།བསྡུས་གྲྭ་རིགས་པའི་ལྡེ་མིག་ཏུ་འདོད་མཁན་ཚོས་ངེས་པར་སློབ་དགོས།དེ་ནི་སློབ་གསོའི་རིན་ཐང་འཚོལ་སྟངས་ཀྱི་ཧེ་བག་རེད།

གླེང་སློང་བ།

     ཉེ་ཆར་ཉིན་ཤས་རིང་སྐྱ་སེར་གཉིས་ཀ་དང་།དོན་ཡོད་མེད་གཉིས་ཀས་གླེང་གཞིར་གྱུར་བ་ནི་བསྡུས་གྲྭ་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ཀྱི་སྐོར་རེད།མ་གཞིར་འདི་ལ་དོ་སྣང་དང་སེམས་ཁུར་དགོས་པ་ཞིག་ལར་ནས་མ་རེད།ཁྱད་པར་དུ་འཕྲིན་ལམ་སོ་སོར་ཁྱབ་བཞིན་པའི་འབུ་སྐད་དག་ལ་དེ་བས་ཀྱང་ཡིད་རྟོན་བྱ་འོས་པ་ཞིག་མ་རེད་དེ།གླེང་གཞི་འདིའི་རྐྱེན་པས་སྐབས་འཚོལ་བ་མང་པོས་དོན་མེད་ཀྱི་གླགས་འཚོལ་བཞིན་པ་དང་།བདག་ལ་འབྲེལ་ཡོད་མང་པོས་འདིའི་སྐོར་འདྲི་བཞིན་འདུག་པ་དག་ལ་བདེན་པའི་གསལ་བཤད་ཅིག་གི་ཚབ་ཏུ་ཚིག་འགའ་ཞུ་འདོད་བྱུང་།

བསྡུས་གྲྭར་སློབ་མི་སློབ་སོ་སོའི་འདོད་མོས་ལྟར་བྱེད་དགོས།

         སྤྱིར་བསྡུས་གྲྭའི་གཞུང་ལུགས་འདི་ནི་རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ནས་བརྒྱུད་པའི་ཚད་མ་སྡེ་བདུན་གྱི་རིགས་ལམ་ཉིད་ཡིན་པ་ལས་གཞན་དུ་དམིགས་སུ་མེད།གཞུང་འདིའི་ནང་དོན་ལེགས་མིན་དང་འདི་ལ་སློབ་སྦྱོང་བྱེད་ན་རིན་ཐང་ཡོད་མེད་ལ་མཐོ་དམན་གང་གིས་ལྟ་ཚུལ་འདོན་ན་ཆོག་པ་ཞིག་རེད་ལ།སྐྱེ་བོ་སུ་ཞིག་གིས་བསམ་གཞིག་བྱེད་ན་རང་དབང་རེད།མཁན་པོའི་དགོངས་ཚུལ་དངོས་ནི་ཉིད་ཀྱི་གསུང་སྒྲ་གསལ་བོ་འདུག་པས།དེར་ཕར་བསྒྱུར་ཚུར་བསྒྱུར་དང་ཡར་འཐེན་མར་འཐེན་བྱེད་ན་གཏན་ནས་དགོས་པ་མེད་དོ། །དེ་ཡང་གཙོ་བོ་གསང་སྔགས་རྙིང་མའི་ཕྱོགས་དང་བླ་རུང་སྒར་གྱི་སློབ་གཞི་དང་འབྲེལ་བའི་གནས་སྟངས་ཤིག་ཡིན་པར་སེམས་ཤིང་།འདི་ནི་དགོན་སྡེ་གཅིག་གི་ལག་ལེན་ལ་མི་གཅིག་གི་བསམ་འཆར་སྟོན་པ་ཙམ་ཡིན་ཚུལ་ཁོང་གི་གསུང་ལ་གསལ་བ་ལྟར་འཇོག་དགོས་པ་གནད་འགག་ཆེའོ།།བསྡུས་གྲྭའི་སློབ་སྦྱོང་གི་སྐོར་དང་རྩོད་གྲྭའི་སློབ་སྦྱོང་སོགས།སྔོན་ནས་བོད་ལ་དར་ནས་བོད་བརྒྱུད་ནང་པའི་རིག་གཞུང་གི་ཆ་ཤས་གལ་ཆེ་བ་ཞིག་ཏུ་གྱུར་ཏེ།ལོ་ངོ་བརྒྱ་ཕྲག་མང་པོ་སོང་ཟིན་པ་ཞིག་ལ་གཞུང་འདི་བོད་རང་ལ་དགོས་མི་དགོས་ཀྱི་སྐད་ཆ་ཞིག་བཤད་དགོས་དོན་མེད་ཅིང་།གདམ་ང་བྱ་རྒྱུ་ཞིག་ཀྱང་ཡོད་མི་སྲིད།དགོས་མི་དགོས་ཀྱི་རྙོག་གླེང་བྱེད་དགོས་པ་དེ་བས་མེད།འཛམ་གླིང་སྤྱི་འགྲོས་ལྟར་སློབ་གྲྭ་དང་དགོན་པ་གང་ཞིག་ལ་བསླབ་བྱའི་གཞུང་ཇི་ལྟར་འཇོག་པ་དང་།རིག་གནས་གང་ཞིག་ལ་གང་ཟག་སྒེར་སོ་སོའི་འདོད་མོས་ལྟར་སློབ་ན་འགྲིགས་པ་ལས།འདི་ཆོག་དང་འདི་མི་ཆོག་ཅེས་སུ་ལའང་འགོག་རྒོལ་བྱེད་པའི་དབང་ཚད་མེད།ལྷག་པར་དུ་བོད་ཀྱི་ཆོས་བརྒྱུད་སོ་སོའི་སྲོལ་གཏོད་པ་པོ་སྐྱེས་ཆེན་དམ་པ་ཚོས།ཇི་ལྟར་སྲོལ་གཏོད་པའི་ལྟ་གྲུབ་དང་དེའི་རྗེས་འབྲང་གི་མཁས་གྲུབ་མང་པོས་ཇི་ལྟར་སྐྱོང་བའི་ལྟ་གྲུབ་དང་འདོད་ཚུལ།སློབ་སྦྱོང་དང་ཉམས་ལེན་སོགས་ཕྱག་བཞེས་ཇི་ལྟར་ཡོད་པ་དེ་དག་ལ་ཆོས་བརྒྱུད་ཕན་ཚུན་གྱིས།དངོས་ཤུགས་བརྒྱུད་གསུམ་གང་ནས་སྐྱོན་བརྗོད་དང་སྡིགས་སྨོད་བྱས་ན་ཆོས་བརྒྱུད་དབར་གྱི་མཐུན་ལམ་ལ་གཏོར་གཤིག་ངོ་མ་དེ་ཡིན་པས་དེ་ལྟར་གཏན་ནས་བྱ་མི་རུང་།ལྷག་པར་ང་ཚོའི་དམངས་ཚོགས་ཕལ་ཆེ་བ་བོད་ཀྱི་ཆོས་བརྒྱུད་ཡོངས་ལ་གུས་ཤིང་བརྩི་བཀུར་བླ་མེད་བྱེད་བཞིན་པ་ལ།དེ་དག་གི་རྣ་དྲུང་དུ་གྲུབ་མཐའ་ཕན་ཚུན་སྐྱོན་བརྗོད་སོགས་བྱས་ན་ཁྱིམ་པ་སུན་འབྱིན་ངོ་མ་དེ་ཡིན་པས་དགེ་འདུན་པ་རྣམས་ཀྱིས་ཤིན་ཏུ་གཟབ་དགོས་པ་ཞིག་རེད།མཁན་པོ་ཁོང་གིས་ཆོས་བརྒྱུད་སོ་སོའི་སློབ་གཉེར་བྱེད་སའི་གཞུང་དང་བསླབ་བྱའི་རིམ་པ་གཙོ་བོར་གང་ནས་ཡིན་པ་དེ་ནས་འཛིན་དགོས་པ་དང་།རང་རང་གི་ལྟ་གྲུབ་རང་རང་གིས་ལེགས་པར་སྐྱོང་དགོས་པར་གསུངས་པ་ཤིན་ཏུ་ཐུགས་བདེན་པར་སེམས་ཤིང་ཡི་རང་ཞུ།འདིར་ངས་བཤད་འདོད་པ་ནི། བསྡུས་གྲྭའི་རིགས་ལམ་དགོས་མིན་ཞེས་བོད་སྤྱིའི་ཆ་ནས་འོས་འདེམས་བྱེད་རྒྱུ་ཞིག་མིན་པར།་ཆོས་བརྒྱུད་གང་ཞིག་གི་ངོས་ནས་གལ་ཆེན་དུ་བརྩིས་ཏེ་སློབ་པའི་དགོས་པ་ཆེན་པོ་ཡོད་པར་འདོད་པ་དག་གིས་འབད་བརྩོན་བསྐྱེད་དེ་སློབས།ཆོས་བརྒྱུད་གང་ཞིག་བསྡུས་གྲྭ་སློབ་པ་དེ་དོན་མེད་དུ་རྩི་མཁན་རྣམས་ཀྱིས་དོན་མེད་པ་ཞིག་ལ།དུས་ཚོད་དང་ལུས་ངག་གི་ངལ་བ་ཆེན་པོས་མ་བསླབ་པ་ཆོག་ཅིང་མ་བསླབ་ན་ལེགས་ཏེ། དུས་ཚོད་ཆུད་ཟོས་ཡིན་པར་འདོད་པས་ནའོ།།འདི་ནི་མདོ་སྨད་དགེ་འདུན་ཆོས་འཕེལ་གྱིས། འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་།།གྲོང་པ་རྣམས་ལ་མར་ཁུ་འཐུང་བ་སོགས། །མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད།།འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད། །ཅེས་པ་དང་ཤིན་ཏུ་མཚུངས་ཏེ།།བསྡུས་གྲྭ་བསླབ་པ་དགོས་མེད་སྙམ་པ་དང་། །བསྡུས་གྲྭ་བསླབ་པ་དོན་ཆེན་འཛིན་པ་གཉིས།།མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། །འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད།།ཅེས་བྱའོ། །མདོར་ན། ཉིན་མཚན་ཁ་པར་གྱིས་འཁྱོངས་ཐབས་བྱེད་པའི་དྲ་འབུ་མིང་མེད་གསོན་འདྲེ་དག་གིས།བསྡུས་གྲྭ་དགོས་མིན་ཟེར་བའི་རྩོད་པ་བྱེད་པའི་ཁུལ་གྱིས། ཆོས་བརྒྱུད་ཕན་ཚུན་བར་དཀྲུག་ཤིང་སྣ་ཚོགས་བྱེད་མགོ་རྩོམ་མཁན་དེ་དག་གི་རྗེས་སུ་དྲང་བདེན་ཅན་རྣམས་གཡམ་རྒྱུགས་མ་བྱེད་ཅེས་ཞུ་རྒྱུ་དང་།ཡང་དྲ་འབུ་ཁྱེད་ཚོས་ཅི་ཡང་མི་ཤེས་པའི་དམངས་ཚོགས་རྣམས་ག་འགྲོ་འདི་འགྲོ་མེད་ཅིང་ཁ་ཕྱོགས་ཅི་ཡང་མེད་པའི་གནས་སུ་མ་སྐྱེལ་རོགས་ཞེས་ཞུ་རྒྱུ་དང་།བསྡུས་གྲྭའི་རིགས་ལམ་གལ་ཆེན་དུ་བཟུང་བ་དག་གིས་ལེགས་པར་སློབ་དགོས་ཏེ།གལ་ཆེ་བའི་གཞུང་ལུགས་ཤིག་དང་རིགས་པའི་ལམ་ཆེན་པོ་ཞིག་ཏུ་འདོད་པས་སོ།།བསྡུས་གྲྭའི་རིགས་ལམ་དོན་མེད་དུ་འདོད་པ་དག་གིས་མ་བསླབ་ན་ཤིན་ཏུ་ནས་འགྲིགས་ཏེ།དོན་མེད་ལ་ངལ་བ་བསྟེན་པ་ཆོས་སྲིད་གཉིས་ཀའི་ཚུལ་དང་མི་མཐུན་པའི་ཕྱིར།མཇུག་མཐའི་རེ་བ་ནི།འདི་འདྲ་ལ་བརྟེན་ནས་ཆོས་བརྒྱུད་ཕན་ཚུན་དབར་ལོ་རྒྱུས་ཀྱི་ནག་ཉེས་བགྲང་རེས་བྱེད་པ་དང་བླ་སྤྲུལ་མཁན་དགེ་སོགས་སྐྱེས་ཆེན་དམ་པ་རྣམས་ལ་སྐུར་འདེབས་སྣ་ཚོགས་བྱེད་པ་ནི་དོན་མེད་སྡིག་ཉེས་རང་ཡིན་པས་ཚང་མར་ཡིད་གཟབ་དགོས་པའི་རེ་སྐུལ་ཞུས་པ་ལགས།

ཆོས་བརྒྱུད་ཕན་ཚུན་བར་ལྟ་གྲུབ་ལེགས་ཉེས་གླེང་དོན་མི་འདུག 

         བསྡུས་གྲྭ་དགོས་མིན་ཟེར་བ་དེ་ལས་འཕྲོས་ཏེ་རྒྱུན་དུ་བསམ་བཞིན་པའི་དོན་ཞིག་ཞུ་འདོད་བྱུང་།སྤྱིར་ན་བོད་བརྒྱུད་ནང་བསྟན་གྱི་ལྟ་བའི་བཞེད་སྲོལ་རྣམས་འཕགས་ཡུལ་གྱི་མགོན་པོ་ཀླུ་སྒྲུབ་སོགས་ཀྱི་དགོངས་པར་ཡིན་པར་སྨྲ་ཞིང་།རྩ་འཇུག་བཞི་གསུམ་གཞི་ལ་བཞག་སྟེ་ལྟ་བའི་འཇོག་མཚམས་བྱེད་པ་མཐུན་མོད། གསུང་ཚུལ་དང་འགྲེལ་ལུགས་མི་མཐུན་པའི་དབང་གིས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་བྱུང་།དེ་དག་ཀྱང་དེང་སྐབས་སུ་གསར་དུ་དར་བ་ཞིག་མིན་པར་གྲུབ་མཐའི་སྲོལ་གཏོད་པ་པོ་སོ་སོས་སྔོན་ནས་གཏན་ཁེལ་མཛད་ཚར་བས།ང་ཚོ་རྗེས་འཇུག་པ་དག་གིས་དེ་དག་གི་རྗེས་སུ་སློབ་ཅིང་ཁོང་རྣམ་པའི་རྗེས་སུ་འབྲངས་ཏེ།ལྟ་བའི་གོ་བ་ཅི་ལོན་དང་གོ་ལུགས་དེ་ལྟར་ཉམས་ལེན་གང་ནུས་བྱེད་རྒྱུ་ལས།ད་དུང་ལྟ་བའི་རྣམ་གཞག་འདི་དག་འཐད་མི་འཐད་ཀྱི་དཔྱད་པ་བྱས་ཏེ་སྙིགས་དོར་བཅུད་ལེན་བྱེད་རྒྱུའི་ནུས་ཤུགས་ཤིག་ད་ལྟའི་ང་ཚོ་ཕལ་ཆེར་ལ་མེད་པར་སེམས།དེ་ཡང་ལྟ་བའི་རྣམ་གཞག་ལ་དཔྱད་པ་བྱེད་པའི་རྣམ་དཔྱོད་ཀྱི་བློ་གྲོས་དང་།སྙིགས་དོར་བཅུད་ལེན་བྱེད་རྒྱུའི་སྤོབས་པ་ཞིག་ཡོད་ན་སློབ་དཔོན་དཔའ་བོ་ལྟ་བུ་ལྟ་གྲུབ་གཞན་དོར་ཏེ་གཞན་ལ་ཞུགས་ཐུབ་མཁན་དང་།ཡང་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལྟ་བུ་ལྟ་གྲུབ་ཀྱི་རྣམ་གཞག་འགྲེལ་ཚུལ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དཔང་པོ་བྱས་ཏེ་གསར་གཏོད་ལྟ་བུ་ཞིག་བྱེད་ཐུབ་མཁན་དེང་སྐབས་སུ་ཕལ་ཆེར་མི་སྲིད་པ་ཡིན།གལ་སྲིད་རྣམ་དཔྱོད་ཀྱི་ཤན་འབྱེད་ཐུབ་པ་དེ་འདྲ་ཡོད་ན་ཡི་རང་ཞུ།འོན་ཀྱང་རང་གང་འདོད་དུ་བཤད་ཆོག་པ་མིན་པར་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ལ་གཏུགས་ཐུབ་པ་ཞིག་དགོས་པ་ལས།དེ་དག་ལས་ཕྱི་རོལ་ཏུ་གྱུར་ཚེ་ནང་བསྟན་ཆོས་ལུགས་ཀྱི་ཐེག་ཆེན་པའི་ལྟ་གྲུབ་སྨྲ་བའི་གྲལ་ནས་བུད་པ་ཡིན་པར་ཤེས་དགོས།དེས་ན།ད་ལྟའི་བོད་ཀྱི་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་གང་ཡིན་པ་དེ་རང་རང་གི་ངོས་ནས་ཕྱིན་ཅི་མ་ལོག་པ་དང་ཡང་དག་པ་དང་གནས་ལུགས་མཐར་ཐུག་ཏུ་འདོད་ཀྱིན་ཡོད་ལ།དེ་ལྟར་སྒྲུབ་པ་ཉམས་བཞེས་བྱེད་བཞིན་ཡོད་པ་དང་། གོ་བ་ལེན་བཞིན་ཡོད་པ་དང་།དེའི་ཐོག་ནས་སྐྱེས་ཆེན་དམ་པ་མང་པོ་ཞིག་གྲུབ་པའི་གོ་འཕང་མཐོན་པོར་ཕེབས་པར་སྨྲ་བཞིན་པ་ལྟར།དེ་ག་རང་གིས་ཆོག་པར་གནང་སྟེ་རང་རང་གིས་དེ་ལ་སློབས་དང་ཉམས་སུ་ལོངས་དང་ཆོག་པ་ལས།ཆོས་བརྒྱུད་གཞན་གྱི་ལྟ་གྲུབ་ལ་ཆ་མེད་ཀྱི་རྒྱུས་གཏམ་སྣ་ཚོགས་སྨྲ་ཞིང་ལེགས་ཉེས་ཀྱི་ཁྱད་པར་འདྲ་མིན་ཕྱེས་ཏེ།དཔེར་ན། གསང་སྔགས་རྙིང་ཕྱོགས་ཀྱི་ལྟ་བའི་རྣམ་གཞག་གི་ཆ་ཤས་རེ་རང་བློར་མ་བབ་པའི་རྒྱུ་མཚན་གྱིས་རྙིང་མའི་ལྟ་བ་ནོར་བ་རེད་ཅེས་དང་།དེ་མཚུངས་དགེ་ལུགས་པའི་ལྟ་བ་ནོར་བ་རེད་ཅེས་པ་དང་།ཡང་འགའ་ཞིག་གིས་ཇོ་ནང་པའི་ལྟ་བ་ནོར་བ་རེད་ཅེས་པ་དང་། ཡང་དགེ་ལུགས་པ་ལ་སློབ་སྦྱོང་ཡོད་ཉམས་ལེན་མེད་ཅེས་པ་སོགས་ལྟ་གྲུབ་མི་ཤེས་པའི་རྒྱ་བོད་ཀྱི་མི་དམངས་ཕལ་བ་དག་ལ་སྨྲ་བ་ནི་ཤིན་ཏུ་ཐ་ཆད་པ་ཡིན།འདིས་བོད་ཀྱི་ཆོས་བརྒྱུད་ཡོངས་ལ་ཡིད་ཆེས་བརླག་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་པ་མ་གཏོགས།དེ་ལྟར་སྨྲས་པ་དེས་རང་རང་གི་ཆོས་བརྒྱུད་ལ་ཕན་ཐོགས་གང་ཡང་བྱུང་མེད།འདིར་ཤེས་དགོས་པ་ཞིག་ལ་སྔོན་དང་ད་ལྟའི་དུས་གཉིས་ཀར་གསར་རྙིང་སོགས་ཆོས་བརྒྱུད་ཀུན་གྱི་ལྟ་གྲུབ་ཐམས་ཅད་ཁོང་དུ་ཆུད་པའི་སྐྱེས་བུ་དམ་པ་རེ་ཟུང་ཙམ་ལས་བྱུང་མེད་ཚོད་ལ།དེང་སྐབས་གསར་རྙིང་རང་རང་གི་ལྟ་གྲུབ་ལ་ནང་བྱན་ཆུད་པའི་གང་ཟག་ཤིན་ཏུ་དཀོན་པར་སྣང་ཞིང་།རང་གི་ལྟ་གྲུབ་ཁོང་དུ་མ་ཆུད་པར་གཞན་གྱི་ལྟ་གྲུབ་ལེགས་མིན་གྱི་འགྲེལ་བཤད་སྣ་ཚོགས་པ་ཞིག་སྐྱེ་བོ་རང་དགའ་བའི་རྣ་དྲུང་དུ་ཤུབ་ཤུབ་སྨྲ་བ་ལ་དགའ་བ་དག་ནི་ཆོས་བརྒྱུད་རིས་སུ་གཅོད་པའི་ཕྱོགས་རིས་ཀྱི་བསམ་བློ་ཁར་བུད་པ་དག་ཡིན་པར་གདོན་མི་ཟ་བས།གཟབ་དགོས་ས་དངོས་མ་ནི་དེ་དག་ཡིན།སྤྱིར་བཏང་ནས་གྲུབ་མཐའ་ཕན་ཚུན་བར་གཞུང་ལུགས་ཀྱི་ཐོག་ནས་དགག་བཞག་མཛད་པ་དང་།གྲུབ་མཐའི་ཆགས་སྡང་གིས་ཕན་ཚུན་སྐྱོན་བརྗོད་དང་དམའ་འབེབས་བྱེད་པ་གཉིས་གཏན་ནས་མི་མཚུངས་ཏེ།དཔེར་ན།རྩོམ་པ་པོ་ཕན་ཚུན་རྩོམ་ཡིག་གི་གཞུང་དོན་ལ་དཔྱད་བརྗོད་ཀྱི་དགག་བཞག་བྱེད་པ་དང་།ཕན་ཚུན་གཅིག་གིས་གཅིག་ལ་དམའ་འབེབས་ཀྱི་སྐྱོན་བརྗོད་བྱེད་པ་གཉིས་གཏན་ནས་མི་མཚུངས་པ་བཞིན་ནོ།། དེ་ཡང་གསལ་ཙམ་བཤད་ན།གདན་ས་ཆེན་པོ་ཁག་གི་ཆོས་གྲྭའི་ནང་དུ་དབུ་ཕར་སོགས་ཀྱི་གཞུང་དོན་ལ་དཔྱད་པ་དང་འབྲེལ་རྩོད་ཤུགས་ཆེན་པོ་བྱེད་པའི་སྐབས་སུ།གཞུང་དོན་ལ་རྩོད་པའི་ཞོར་ལ་ཚིག་རྡུང་དང་དགོད་དྲོ་བའི་གསུང་གླེང་སྣ་ཚོགས་མཛད་ཡོང་བ་རྣམས།རྒྱུས་མེད་གཅིག་གིས་ཕར་བལྟས་ཚོད་ལ་མཇུག་མཐར་འདི་གཉིས་ལག་རྩོད་བྱེད་མི་ཡོང་ངམ་སྙམ་པ་ལྟ་བུ་ཡང་ཡོང་སྲིད་མོད།ཁོང་གཉིས་དོན་གྱིས་ཕན་ཚུན་མི་དགའ་བ་གཏན་ནས་བྱུང་མེད་ཅིང་།ཕན་ཚུན་གུས་བརྩི་ཡི་རྣམ་པ་ཁོ་ནས་འཚོ་དགོས་པའི་གྲོགས་པོ་བཅོས་མ་དེ་འདྲ་མ་ཡིན་པར།ལེགས་ཉེས་ཐམས་ཅད་སྦས་གསང་ཅུང་ཟད་ཀྱང་མི་དགོས་པར་ཐད་ཀར་བཤད་ཆོག་ས་དང་།གལ་ཆེ་བའི་གཞུང་ལུགས་ཀྱི་དཀའ་གནད་གསེར་ནག་གི་ཐིག་པ་ལྟ་བུ་དག་བློ་ཡུལ་དུ་བཙན་གྱིས་སྐྲུན་པར་མཛད་དེ།ཤེས་རབ་ཀྱི་མེ་ལྕེ་གྱེན་དུ་འདེགས་པའི་ཆོས་ཀྱི་གྲོགས་པོ་ཡག་ཤོས་དེ་ཡིན་པ་དང་།མི་ཚེའི་ནང་གི་ཆེས་འདྲིས་ཆེ་བ་དང་རྒྱུས་ཆ་ཡོད་པའི་གྲོགས་པོ་ཡག་ཤོས་དེ་ཡང་ཡིན།འདི་དག་ནི་ཁོ་བོ་རང་ཉིད་ཀྱི་ཉམས་མྱོང་ལ་མཚོན་ན་ལོ་ངོ་ཉི་ཤུའི་རིང་གདན་ས་ཆེན་པོ་ཁག་གི་ཆོས་གྲྭའི་ནང་དུ་གཞུང་ཆེན་རྩོད་པ་བྱེད་པའི་སྐབས་ཀྱི་རྩོད་རོགས་རྣམས་ནི་གོང་དུ་བཤད་པའི་ཆོས་གྲོགས་དམ་པ་མ་བཅོས་སྙིང་གི་གྲོགས་མཆོག་བརྗེད་དུ་མེད་པ་དག་རེད་འདུག་གོ།

རིས་མེད་བྱེད་ན་སེམས་གཏིང་ནས་ཆགས་སྡང་རགས་པ་དོར་དགོས།

         ད་དུང་གནད་དོན་གཞན་ཞིག་ལ།གྲུབ་མཐའི་ཆགས་སྡང་རགས་པ་དག་གང་ཟག་སྒེར་གྱི་ན་ཚ་ལ་བཟུང་སྟེ།གཞུང་དོན་ལ་དཔྱད་བརྗོད་བྱས་པའི་ཚེ་ཁོ་རང་ང་ཚོའི་བླ་མ་དང་ཆོས་བརྒྱུད་ལ་མི་དགའ་མཁན་རེད་ཅེས་སྒེར་གྱི་འཁོན་དུ་བཟུང་ནས།ཉེས་མིང་གི་ཞྭ་ནག་གཡོག་ཏེ་དམའ་འབེབས་དང་གཡོ་སྒྱུ་སྣ་ཚོགས་ཀྱིས་དམངས་ཚོགས་ཕྱོགས་སུ་ལངས་བཅུག་པ་དག་ནི།ཆོས་པ་ཞིག་ཕར་ཞོག་གཤིས་རྒྱུད་ཅུང་ཟད་བཟང་བའི་སྐྱེ་བོ་ཕལ་བ་ཞིག་གིས་ཀྱང་མི་སྒྲུབ་པའི་དོན་ངན་སྒྲུབ་མཁན་དག་ཡིན་པས།ཆོས་པ་རློམ་པ་དག་གིས་ཆོས་ལུགས་ཀྱི་ཞེན་ཕྱོགས་ཀྱིས་འདི་ལྟར་བསྒྲུབས་ན།བྱ་བ་བྱས་ཟིན་པའི་དུས་ན་རང་ཉིད་ཆོས་པའི་གྲལ་ནས་བུད་པ་རང་ཡིན་པས་དེས་ཅི་ལ་ཕན།ཆོས་བརྒྱུད་ཕན་ཚུན་གྱི་ལྟ་གྲུབ་སྐོར་ལ་དཔྱད་བརྗོད་བྱེད་མཁན་དག་ཀྱང་།དང་ཐོག་རང་ཉིད་ཀྱི་ལྟ་གྲུབ་གཞི་རྐང་ཚུགས་པ་ཞིག་དགོས་པས།ཆོས་བརྒྱུད་སོ་སོའི་འགན་ཁུར་བ་ཚོས་རང་རང་གི་ལྟ་གྲུབ་རང་རང་གིས་སྐྱོང་།རང་རང་གི་ཆོས་སྤྱོད་དང་ཆོ་ག་རང་རང་གིས་སྤེལ། རང་རང་གི་འབངས་མི་རང་རང་གི་བདག་བྱོས།དེ་ནི་སོ་སོའི་འོས་འགན་ཁྱད་པར་བ་ཞིག་རེད།དེས་ན་ཆོས་བརྒྱུད་གཞན་གྱི་ལྟ་གྲུབ་ལ་སྐྱོན་བརྗོད་དང་ལེགས་ཉེས་ཀྱི་གཏམ་གླེང་མང་པོ་དགོས་དོན་མི་འདུག་ཟེར་བ་ཡིན།རིས་མེད་བྱེད་ལུགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་འདི་རེད། ཞར་བྱུང་དུ།ཆོས་བརྒྱུད་སོ་སོའི་བླ་སྤྲུལ་མཁན་དགེ་རྣམས་ཀྱིས་ཆོས་བརྒྱུད་གཞན་གྱི་འབངས་མི་དང་སྡེ་ཚོ་སོགས་ལ་ལག་པ་བསྲིངས་ཏེ་བྱ་ལས་དང་ཤུགས་རྐྱེན་སྣ་ཚོགས་ཤིག་མ་སྤེལ་རོགས་ཞེས་རེ་སྐུལ་ཞུས་པ་ཡིན།བྱེད་རྒྱུ་མང་དྲགས་ན་དགོན་པ་དང་ཡུལ་སྡེ་ཕན་ཚུན་བར་དང་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ།ཆོས་ལུགས་མཐུན་ལམ་སོགས་ཕྱོགས་ཡོངས་ལ་གནོད་སྐྱོན་ཐེབས་བཞིན་པའི་གནས་ཚུལ་མང་པོ་འདུག།སྤྱིར་ཉེན་འཕྲང་ཅན་གྱི་དུས་སྐབས་འདིར་བོད་མི་རིགས་དང་ཆོས་ལུགས་གང་གི་ཐད་ནས་རིས་མེད་པའི་མཐུན་སྒྲིལ་འདི་ཤིན་ཏུ་གལ་ཆེན་པོར་མཐོང་ཞིང་།རིས་མེད་བྱེད་ལུགས་འདྲ་མིན་ཡོད་རུང་།གཙོ་བོ་ནི་སེམས་གཏིང་ནས་ཆགས་སྡང་གི་རིས་སུ་བཅད་པ་དོར་ཏེ་རིས་མེད་ཆགས་དགོས་པ་མ་གཏོགས།ཆོས་བརྒྱུད་མང་པོའི་ཁོངས་ཀྱི་བླ་གྲྭ་མཉམ་འཛོམས་ཀྱིས་ཚོགས་པ་ལ་རིས་མེད་ཀྱི་ཐ་སྙད་འདོགས་པ་དང་།ཆོས་བརྒྱུད་ཐམས་ཅད་ཀྱི་ཁོངས་སུ་ཞུགས་ཙམ་ཞུགས་ཙམ་བྱས་ནས་རིས་མེད་བྱས་ཡོད་པའི་རྣམ་པ་སྟོན་མཁན་རྣམས་ནི།ཕལ་ཆེར་བརྒྱ་ཆའི་གོ་དགུ་རིས་མེད་འཁྲབ་མཁན་རང་ཡིན་པ་ལས་རིས་མེད་གནང་མཁན་དངོས་མ་ཆགས་ཐུབ་མེད།དེས་ན། ང་ཚོ་ནང་བསྟན་ཆོས་ལུགས་ཀྱི་དབང་དུ་བྱས་པའི་རིས་མེད་བྱེད་ལུགས་ནི།སྟོན་པ་གཅིག་གི་རྗེས་འཇུག་ཡིན་པ་དང་། ཆོས་ལུགས་གང་ཞིག་གིས་རང་གི་གདུལ་བྱ་སོ་སོའི་བསམ་པའི་རེ་འདོད་སྐོང་བཞིན་པར་ཡིད་ཆེས་ངང་།ཕན་ཚུན་ལ་ཆགས་སྡང་རགས་པ་དོར་བའི་གང་ཟག་དེ།ནང་བསྟན་ཆོས་ལུགས་དེ་ལ་རིས་སུ་མེད་པའི་གང་ཟག་གི་དོན་ལ་འཇོག་བཞིན་ཡོད་ལ།རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་ལུང་རིགས་སོགས་ཀྱང་ཡོད། རང་ཉིད་ཀྱི་ཆོས་བརྒྱུད་དེ་ལེགས་པར་སྐྱོང་ཐོགཆོས་བརྒྱུད་གཞན་གྱི་ལྟ་གྲུབ་དང་དེ་འཛིན་གྱི་སྐྱེས་བུ་སོགས་ལ་ཆགས་སྡང་མེད་པའི་དག་སྣང་སྦྱོང་ཐུབ་ན་དེས་འཐུས་སོ།།མདོར་ན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་མཁན་དགེ་བླ་སྤྲུལ་ཐམས་ཅད་ཀྱིས།ལྟ་གྲུབ་ཕན་ཚུན་ལ་ཆ་རྒྱུས་གཏིང་ཟབ་པོ་ཞིག་མ་ལོན་བར་དུ་ལེགས་ཉེས་ཀྱི་ཁྱད་པར་ཡོད་རབས་དང་།གཅིག་མྱུར་རབས་དང་གཅིག་བུལ་རབས།གཅིག་ནོར་རབས་དང་གཅིག་ཡང་དག་པ་ཡིན་རབས་སོགས་ཀྱི་གཏམ་ཉོག་སྣ་ཚོགས་ཤིག་རྒྱ་བོད་ཧོར་སོག་གི་མི་རིགས་འདྲ་མིན་གྱི་རྣ་དྲུང་དུ་སྤེལ་བ་ཤིན་ཏུ་མི་རུང་སྟེ།རང་ཉིད་དང་རང་གི་ཆོས་བརྒྱུད་ལ་ཕན་ཐོགས་མེད་པ་མ་ཟད། ཆོས་བརྒྱུད་གཞན་ལ་ཡིད་ཆེས་བརླག་པར་བྱེད་པས་དེས་བོད་བརྒྱུད་ནང་བསྟན་སྤྱི་ལ་གནོད་པའི་ཕྱིར་རོ།།ཆོས་བརྒྱུད་ཐམས་ཅད་ཀྱི་ལྟ་གྲུབ་ལ་རྒྱུས་ཆ་ལེགས་པོ་ཡོད་མཁན་གྱི་མཁས་དབང་ཞིག་ཡིན་ན་ཕྱོགས་དང་རིས་སུ་ཆད་པའི་སྒོ་ནས་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་གཞན་ལ་སྐྱོན་བརྗོད་བྱེད་མི་སྲིད་པས་སོ།།གཙོ་བོ་ད་ལྟར་མི་རིགས་རིག་གནས་དང་བཅས་པ་སྐྱ་ཆད་སྔོ་རྡུགས་ཀྱི་དུས་སྐབས་འདིར་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་ལེགས་ཉེས་ཀྱི་རྩོད་པ་སྣ་ཚོགས་བྱེད་པའི་དུས་མིན་ལ།བོད་རང་ལ་ཡོད་པའི་གཅེས་ནོར་ལྟ་བུ་ནང་བསྟན་ཆོས་ལུགས་འདི་བོད་ལ་མཁོ་མི་མཁོ་བཤད་དེ་དགག་བཞག་བྱེད་པའི་དུས་དེ་བས་ཀྱང་མ་ཡིན་པས།ནུས་ཤུགས་ཡོད་ཚད་དང་ཐབས་ཤེས་ཡོད་རྒུ་བཏོན་ཏེ་རང་རང་གི་ངོས་ནས་ཆོས་དང་རིག་གཞུང་སོགས་འཛིན་སྐྱོང་ལེགས་པོ་བྱེད་དགོས་པའི་དུས་ཚོད་འདི་ལ་ཁ་བཤད་སྟོང་གཏམ་ཞིག་གི་གོ་ཆོད་པ་མིན་པས།རང་ནུས་གང་ཡོད་ཀྱིས་ལག་ལེན་དངོས་ལ་འབད་པ་གནད་དུ་ཆེའོ། །

སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༢༨ ཉིན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-01-31 ལྟ་ཀློག (9765)