ནང་བསྟན་དཔལ་འབྱོར་རིག་པ་བསྐྱར་དུ་གླེང་བ།


ནང་བསྟན་དཔལ་འབྱོར་རིག་པ་བསྐྱར་དུ་གླེང་བ།

རྩོམ་པ་པོ།  ཤེས་རབ་བསྟན་དར།

གླེང་གཞི། 

      ཁོ་བོས་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་གཏམ་བཤད་སྤེལ་རྗེས། བོད་ནང་དུ་གྲགས་འགུལ་མི་ཉུང་བ་ཞིག་བྱུང་། དཔལ་འབྱོར་གཉེར་མཁན་སྐོར་ཅིག་གིས་ཁ་པར་བཏང་ནས་ནང་བསྟན་དཔལ་འབྱོར་རིག་པ་ནི་ནང་བསྟན་ལ་དད་ཅིང་དཔལ་འབྱོར་གཉེར་བའི་བདག་ཅག་ལ་ཕན་པ་མི་དམན་པ་ཞིག་བྱུང་ཟེར། བོད་ཀྱི་ནང་བསྟན་ལ་ཞིབ་འཇུག་བྱེད་པའི་ཞིབ་འཇུག་པ་འགའ་རེས་འདི་ལ་རིག་གཞུང་གི་ངོས་ནས་རིན་ཐང་ཆེན་པོ་ཞིག་ཡོད་པས་མྱུར་ཏུ་དེབ་ཆུང་ཞིག་བཟོས་ནས་འགྲེམ་སྤེལ་བྱ་དགོས་པའི་རེ་བ་བཏོན་ཞིང་། རིག་པ་འདིས་བོད་ཀྱི་དཔལ་འབྱོར་དང་ལྷག་པར་དཔལ་འབྱོར་སྤྱོད་སྟངས་ཐད་ནས་བོད་ཀྱི་སྤྱི་ཚོགས་ལ་ཕན་ཡོན་ཆེན་པོ་ཞིག་འབྱུང་བར་འདོད། ཡང་གཞུང་ལུགས་སྨྲ་བ་ལ་ལས་འདིས་ནང་བསྟན་དང་དཔལ་འབྱོར་བར་གྱི་འབྲེལ་བ་བལ་བསལ་བསལ་བྱས་ཡོད་པས་དེང་གི་ནོར་འཁྲུལ་ཆེན་པོ་ཞིག་སྟེ་ནང་བསྟན་དཔལ་འབྱོར་གྱི་གེགས་རྒྱར་འདོད་པ་དག་ལ་གཞུང་ལུགས་ཀྱི་ཐད་ནས་ལམ་སྟོན་གྱི་སྒྲོན་མེ་ཞིག་སྦར་བས། བོད་ཀྱི་ཤེས་ཡོན་གྱི་སྡེ་ན་འབྱུང་བཞིན་པའི་ནོར་འཁྲུལ་ཆེན་པོ་ཞིག་ལྡོག་ཐུབ་སོང་ཟེར། ཡང་ལ་ལས་ནང་བསྟན་ལ་ཡང་དཔལ་འབྱོར་རིག་པ་ཞིག་ཡོད་དམ། ཞེས་ཧ་ལས་ཤིང་མིག་ཅེར་ནས་གླེང་གཞི་འདི་གཏམ་བཤད་སྤེལ་མཁན་གྱིས་རྫུན་བཟོ་བྱས་པ་ཞིག་མིན་ནམ་བསམ། ཡང་ལ་ལས་ནང་བསྟན་དཔལ་འབྱོར་རིག་པ་ནི་དེང་རབས་ལ་ལད་མོ་བྱས་པ་ལས་ནང་བསྟན་ལས་དེ་འདྲ་ཞིག་རྩ་བ་ནས་བསྟན་མེད་པས་གཏམ་བཤད་མཁན་ལ་རང་གི་མི་གཙང་བའི་དངོས་པོ་མཐའ་དག་སྤྱད་ནས་སྡིགས་མོ་བྱེད། ལ་ལས་ནང་བསྟན་དཔལ་འབྱོར་རིག་པ་ཟེར་བ་ཅི་ཞིག་ཡིན་ནམ། ད་གྲྭ་བ་འདི་དག་གིས་ཚོང་བརྒྱག་རྒྱུ་རེད་ཟེར། ཡིན་ན་ཡང་ཁོ་བོ་ཡོད་ཚད་ལ་གཞུང་ལུགས་འདིའི་ངོས་ནསབཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ་དེ་དག་གིས་གསར་དུ་བཏོན་པའི་རིག་ཚན་འདི་ཚགས་ཞིབ་པར་འགྲོ་བར་སྐུལ་འདེད་བྱ་ཐུབ་པ་རེད།   དེ་བས་ཁོ་བོས་ནང་བསྟན་དཔལ་འབྱོར་རིག་པའི་གྲགས་འགུལ་འདིས། དེང་རབས་དཔལ་འབྱོར་རིག་པ་ཡིན་ནའང་འདྲ། ནང་བསྟན་གྱི་གཞུང་ལུགས་པ་ཡིན་ནའང་འདྲ། སུ་ཞིག་གིས་དགག་ཡིག་ཞིབ་མོ་ཞིག་བྲིས་ན་བདག་གིས་བཏོན་པའི་ནང་བསྟན་དཔལ་འབྱོར་རིག་པ་འདིས་མྱུར་ཏུ་འཐུས་ཚང་དུ་འགྲོ་བར་ཕན་པ་ཆེ་སྙམ་ནས་ཡུན་རིང་དུ་རེ་སྒུག་བྱས། ཡིན་ན་ཡང་། བདག་གིས་བཏོན་པའི་རིག་ཚན་འདི་མི་འདོད་མཁན་དག་གིས་ཀྱང་སྡིགས་མོ་ལས། བདག་ལ་བསམ་གཞིག་སློང་ཐུབ་པ་ཞིག་གཏན་ནས་མ་བྱུང་ལ། བདག་གི་བསམ་ཐོག་ལ་བབས་པའི་བགྲོ་གླེང་གི་རྩོམ་ཡིག་ཅིག་ད་དུང་མཐོང་མ་བྱུང་། སྡིགས་མོ་ནི་དངོས་གནས་སྡིགས་མོ་ལགས་ཤིང་དེ་ནི་མི་གཙང་བའི་ཁྲོན་པ་ཞིག་གི་ཁ་ཕྱེས་པ་ཞིག་སྟེ། དེའི་ནང་དུ་གཏན་ནས་འཇུག་མི་རུང་། གལ་ཏེ་ཞུགས་ན་ཁྱོད་ཀྱང་མི་གཙང་བ་ཞིག་ཏུ་འགྱུར། དེ་བས་ན་ཞེ་སྡང་གི་མཇུག་འབྲས་སུ་གྱུར་པའི་མི་གཙང་བ་དེ་དག་གིས་བདག་ལ་ཅི་ཡང་མི་གནོད་པའི་ཁར། བདག་ཅག་གི་སྟོན་པའི་རྣམ་ཐར་ལས་འབྱུང་བ་ལྟར་བདག་གིས་དང་ལེན་མ་བྱས་པའི་མི་གཙང་བ་དེ་སྔར་བཞིན་སྡིགས་མོ་བྱེད་མཁན་གྱི"རིན་ཐང་བྲལ་བའི་ནོར་བུ"ཞིག་ཡིན། ཡང་གཅིག་བཤད་ན་དེ་དག་གིས་བདག་གི་རྩོམ་ཡིག་དེར་གླ་མ་བྱིན་པར་དྲིལ་སྒྲོག་ཆེན་པོ་ཞིག་བྱས་སྟེ་མཁས་བླུན་ཐམས་ཅད་ཀྱིས་ནང་བསྟན་དཔལ་འབྱོར་རིག་པ་ལ་དོ་སྣང་བྱ་དགོས་པ་ཞིག་བྱས་པ་དེར་ཆེད་དུ་བཀའ་དྲིན་ཞུ་དགོས་པ་ཞིག་རེད། ནང་བསྟན་ལ་རྒྱུས་ལོན་ཡོད་པ་ཞིག་ཡིན་ན་ཁོ་བོས་བཤད་པའི་གཞུང་འདི་གཅིག་ནི་ནང་བསྟན་གྱི་གཞུང་དང་མཐུན་མིན་ལ་བལྟ་བ་དང་གཞན་གཅིག་ནི་དཔལ་འབྱོར་རིག་པ་ཞིག་ཡིན་མིན་ལ་བལྟ་བ་ནི་ཆེས་གལ་ཆེ་བ་ཞིག་རེད། གལ་ཏེ་སྔ་མ་མིན་ལ་ཕྱི་མ་ཡིན་ན་དཔལ་འབྱོར་རིག་པ་ཡིན་ལ་ནང་བསྟན་གྱི་དཔལ་འབྱོར་རིག་པ་མིན་འགྲོ་ལ། སྔ་མ་དང་མཐུན་ཞིང་ཕྱི་མ་དང་མི་མཐུན་ན་འདི་ནང་བསྟན་ཡིན་ཀྱང་ནང་བསྟན་གྱི་དཔལ་འབྱོར་རིག་པ་ཞིག་མིན་པས་འདི་འདྲ་བའི་རིག་པ་སྟབས་བདེ་ཞིག་ལ་མཚོན་ན་ཐག་ཆོད་པ་ཞིག་རེད། དེ་བས་ཁོ་བོས་གཞུང་འདི་ནང་བསྟན་གྱི་དགོངས་དོན་ལས་གཏན་ལ་ཕབ་པ་འདི་ལས་དཔལ་འབྱོར་རིག་པ་ཞེས་པའི་བརྡ་ཆད་བོད་ལ་ཡོད་མེད་གང་ལྟར་ཡང་ནང་བསྟན་གྱི་དཔལ་འབྱོར་རིག་པ་ཞིག་ཡོད་པ་ནི་བརྗོད་བྱ་དོན་གྱིས་ཐག་བཅད་པ་ཞིག་ཡིན། ཕངས་པ་ཞིག་ལ་མང་བོ་ཞིག་གི་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་མིང་ཙམ་ལ་ཧ་ལས་པ་ལས་རིག་གཞུང་གི་ཞིབ་འཇུག་ཐབས་ལམ་ལ་བརྟེན་བཞིན་མེད་པ་དེ་རེད། ཁོ་བོའི་ནང་བསྟན་དཔལ་འབྱོར་རིག་པས་མ་བཟོད་པར་ཆོ་ངེ་འདོན་པ་དག་ལ་བལྟས་ན་དེ་དག་གིས་གོ་བ་ལོན་བཞིན་མེད་པ་ནི"དཔལ་འབྱོར་རིག་པ"ཞེས་པའི་ཐ་སྙད་འདི་ལས་མ་འདས། དེ་དག་གིས་དཔལ་འབྱོར་རིག་པའི་རྨང་གཞིའི་རྒྱུན་ཤེས་ལ་སློབ་སྦྱོང་བྱ་དགོས་པ་ལས་གཞན་པའི་གནད་དོན་ཅི་ཡང་མེད་ན་ཡང་། སྒོ་ང་ལས་གྲོལ་མ་ཐག་པའི་བྱེའུ་ཆུང་འཕུར་འདོད་པ་ལྟ་བུའི་རྩོལ་བ་དེ་ལ་བསྔགས་འོས་པ་ཡིན་ནོ། །   ཡིན་ན་ཡང་དགོན་པའི་ནང་དུ་ཡོད་པའི་མཐོང་རྒྱ་དང་ཐོས་རྒྱ་གང་ཡང་མེད་པའི་རང་རློམ་མཁན་དག་ལ་དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་འདི་ལ་གོ་བ་མི་ལོན་པ་ཁག་མེད་མོད། རིག་གནས་གསར་བ་ཞེས་གནམ་ལྡིང་ས་ལྡིང་གིས་སྲོལ་རྒྱུན་དང་ཆོས་ལུགས་ཡོད་ཚད་འགོག་འདོད་པའི་ན་གཞོན་བསམ་བློ་བ་དག་གིས་ཀྱང་དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་འདི་ལ་གོ་བ་ལོན་ཀྱིན་མེད་པ་ནི་ངོ་མ་ཡིད་སྐྱོ་བ་ཞིག་རེད། དེ་དག་གིས་མ་མཐའ་ཡང་བདག་གིསནང་དཔལ་འབྱོར་རིག་པ་མདོ་ཙམ་གླེང་བཞེས་པར་གཟིགས་ན་སོམ་ཉིའི་མདུད་པ་སྟོང་ཕྲག་དུམ་བུར་ཆད་པ་གདོན་མི་ཟའོ། །གང་ལྟར་རང་གིས་དེ་སྔ་བྲིས་པའི་ནང་བསྟན་དཔལ་འབྱོར་རིག་པ་དང་དེའི་གཏམ་བཤད་ལ་ཡང་བསྐྱར་བསམ་ན་དེ་ལ་ཁ་སྐོང་བྱ་དགོས་པ་ཡང་མང་བས་ཆེད་དུ་ཡང་བསྐྱར་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་རྩོམ་ཡིག་འདི་བྲིས་པ་ཡིན། 

གཅིག ནང་བསྟན་གྱི་དཔལ་འབྱོར་རིག་པའི་ཁུངས།

    ནང་བསྟན་དཔལ་འབྱོར་རིག་པའི་གོ་དོན། ལ་ལས་དཔལ་འབྱོར་རིག་པ་ཟེར་དུས་ཚོང་རྒྱག་སྤྱད་དང་སྒོར་མོ་འཚོལ་བྱེད་ཀྱི་རིག་པ་ཞིག་ཏུ་ངོས་འཛིན་པ་ནི་ནང་བསྟན་གྱི་དཔལ་འབྱོར་རིག་པ་དང་ལྷག་པར་དཔལ་འབྱོར་རིག་པ་ཞེས་པའི་མིང་ཙམ་ལ་ཡང་གོ་བ་མ་ཆགས་པའི་སྐད་ཆ་ཞིག་རེད། དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་ཙམ་ལ་ཡང་གོ་བ་མ་ལོན་ན་ནང་བསྟན་དཔལ་འབྱོར་རིག་པ་དཔྱད་བརྗོད་སྤེལ་བའི་གཞི་མེད་པར་གྱུར་པ་ཡིན་པས་བརྒྱ་བཤད་སྟོང་བཤད་མཐའ་དག་ཚིག་སྟོང་དུ་འགྱུར་འགྲོ། དེང་རབས་དཔལ་འབྱོར་རིག་པའི་འགྲེལ་སྟངས་ལྟར་ན། དཔལ་འབྱོར་རིག་པ་ཞེས་པ་ནི་དངོས་པའི་རྒྱུ་ཆར་ཞིབ་འཇུག་དང་། ཐོན་སྐྱེད་ཀྱི་ཁྲོད་དུ་དཔལ་འབྱོར་གྱི་འབྲེལ་བ་དང་། སྒྲུབ་སྟངས། བེད་སྤྱད་སོགས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་གྱི་མིང་ཡིན་ལ་ཁོ་བོས་ནང་བསྟན་དཔལ་འབྱོར་རིག་པ་ལས་ཀྱང་ངས་འདི་ནས་སྟབས་བདེ་བའི་ངང་ནས་བཤད་ན་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་སྒྲུབ་སྟངས་དང་དཔལ་འབྱོར་སྤྱོད་སྟངས། དཔལ་འབྱོར་དང་མིའི་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་པའི་གཞུང་ལུགས་ཤིག་རེད་ཅེས་གསལ་བོར་བཤད་ཡོད། དེ་བས་ནང་བསྟན་དཔལ་འབྱོར་རིག་པའི་གོ་དོན་ནི་མཁས་དབང་ཕེ་ཡུ་ཐོ་ཡིས། ནང་བསྟན་རྨང་གཞི་བྱས་པའི་ནང་བསྟན་དཔལ་འབྱོར་རིག་པ་ལ་ནང་བསྟན་དཔལ་འབྱོར་རིག་པ་ཟེར་བས། རང་སྐྱ་ཐུབ་པའི་རིག་ཚན་ཞིག་མ་ཡིན་པར་གཞན་དང་འབྲེལ་ཡོད་པའི་རིག་ཚན་ཞིག་ཡིན་ལ། འདིས་སྤྱི་ཚོགས་དང་མི་སྒེར། ཁོར་ཡུག་བཅས་ཕུན་ཚུན་བརྟེན་ནས་འཚོ་བའི་དམིགས་ཡུལ་ལ་དགེ་མཚན་ཆེན་པོ་གདོན་ཐུབ་ཅེས་གསུངས་པ་ལྟར་ཡིན། ད་དུང་གསལ་བོར་བཤད་དགོས་པ་ཞིག་ནི་ངས་བཤད་པའི་ནང་བསྟན་དཔལ་འབྱོར་རིག་པ་ནི་ནང་བསྟན་དཔལ་འབྱོར་རིག་པའི་ཐོག་མའི་གླེང་བྱ་ཡིན་པས་དེ་ལས་བཤད་པ་དག་སྟོན་པ་སངས་རྒྱས་ཀྱིས་དངོས་སུ་གསུངས་པ་འབའ་ཞིག་ཡིན། གཞན་ཡང་བདག་གི་སྟོན་པའི་གསུང་དུ་རང་སྐྱ་ཐུབ་པའི་དཔལ་འབྱོར་རིག་པ་མེད་ཅེས་ཀྱང་སྨྲ་མི་ནུས་ཏེ། འཇམ་དཔལ་རྩ་རྒྱུདལས། དེ་བཞིན་ནོར་ལྷ་ནོར་སྒྲུབ་བྱེད། །རྩིས་དང་བརྡ་སྤྲོད་བསྟན་བཅོས་དང་། །གོས་ཀྱི་རིག་པའི་ཆོ་ག་དང་། །ནད་རིགས་གསོ་བའི་རིག་པ་དང་། །དེ་ཉིད་ཐམས་ཅད་ཕན་དང་བདེ། །གཏན་ཚིགས་ལུགས་ཀྱི་བསྟན་བཅོས་དང་། །གཞན་ཡང་སྒྲ་ཡི་བསྟན་བཅོས་དང་། །སྡེབ་སྦྱོར་རིག་བྱེད་དྲི་ཟའི་གླུ། །སྤོས་སྦྱོར་དག་ཀྱང་བསྟན་པ་ཡིན། །ཞེས་ནོར་ལྷ་དང་ནོར་སྒྲུབ་བྱེད་ཀྱི་བསྟན་བཅོས་གསུངས་པ་བཅོམ་ལྡན་འདས་ཉིད་ཀྱིས་ཞལ་གྱིས་བཞེས་པ་དང་། དེར་མ་ཟད། གོས་ཀྱི་རིག་པ་དང་། རྩིས་ཀྱི་རིག་པ། སྒྲའི་རིག་པ། གསོ་བ་རིག་པ། སྤོས་སྦྱོར་གྱི་རིག་པ་སོགས་གསུངས་པ་ཡང་ཞལ་གྱིས་བཞེས། དེ་ལས་གོས་ཀྱི་རིག་པ་དང་། སྤོས་སྦྱོར་གྱི་རིག་པ་དག་དཔལ་འབྱོར་རིག་པའི་ཁོངས་སུ་གཏོགས་པ་ཡིན། དེ་ཡང་བདག་ཅག་སྟོན་པས་གང་གསུངས་ཐམས་ཅད་ཞི་བ་ལ་གཞོལ་བའི་ཆེད་དུ་ཡིན་ན་ཡང་། གནས་སྐབས་ཀྱི་དབང་དུ་བྱས་ནས་གནས་སྐབས་བདེ་ཐབས་ཀྱི་བསྟན་བཅོས་ཀྱང་མང་དུ་གསུངས་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུདལ། བདག་གིས་བྱང་ཆུབ་སེམས་ཀྱིས་ནི། །སེམས་ཅན་དོན་ཕྱིར་བཤད་པ་ཡིན། །ཇི་ལྟར་གདུལ་བྱའི་སེམས་ཅན་ལ། །དེ་ལྟར་བདག་གིས་དེ་བཞིན་བྱས། ། ཇི་ལྟ་ཇི་ལྟར་སེམས་ཅན་ལ། །དེ་ལྟར་བདག་གིས་དེ་བཞིན་བྱས། ཇི་ལྟ་ཇི་ལྟར་སེམས་ཅན་རྣམས། །ཕན་པའི་ལས་ནི་ལེན་པ་དང་། །ཕན་དོན་ལས་ཀྱི་དགེ་བའི་གཞི། །དེ་ལྟར་དེ་ལྟར་དེ་བཞིན་བྱས། །ཞེས་པ་ནས། སྣ་ཚོགས་དོན་གྱི་བསྟན་བཅོས་བསྟན། །ཞེས་བདག་ཅག་གི་སྟོན་པས་གསལ་བོར་ཞིབ་ཆ་དང་བཅས་གསུངས་པའི་ཕྱིར་རོ། །

ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་འདི་རང་ཅག་གི་གཞུང་དུ་མ་གྲགས་པས་མང་བོ་ཞིག་ཧ་ལས་པ་ལ་ཁག་མེད་དེ། ནང་བསྟན་མཚན་ཉིད་རིག་པ་ཞེས་པ་ཡང་དེང་འདིར་གྲགས་པ་ཞིག་ཡིན་པས་ན་ནང་བསྟན་མཚན་ཉིད་རིག་པ་བདག་གི་སྟོན་པའི་གསུང་མིན་པར་མི་འགྱུར་བ་དང་། ནང་བསྟན་གསོ་བ་རིག་པ་དང་། ནང་བསྟན་སྒྲ་རིག་པ། ནང་བསྟན་སེམས་ཁམས་རིག་པ་སོགས་ཀྱི་ཐ་སྙད་ཀྱང་རང་ཅག་གི་གཞུང་དུ་མ་བྱུང་བས་ན་དེ་དག་ཀྱང་ནང་བའི་བསྟན་པ་མ་ཡིན་པར་གཏན་ནས་མི་འགྱུར་བ་བཞིན་ནོ། །ལྷག་པར་དཔལ་འབྱོར་རིག་པ་ཞེས་པའི་རིག་པ་འདི་ནི་རང་རེར་གཏན་ནས་མེད་པ་ཞིག་མིན་ན་ཡང་མང་བོ་ཞིག་གིས་ད་དུང་གོ་བ་ལོན་ཀྱིན་མི་འདུག་མོད་རང་རེའི་རིག་གནས་སུ་འབྱུང་བཞིན་པའི་བསྟན་བཅོས་དང་རྣམ་གཞག་གི་གོ་དོན་ལས་མེད་དེ། རིག་པ་ཞེས་པའི་ཐ་སྙད་འདིརབོད་རྒྱ་ཚིག་མཛོད་ཆེན་མོལས་བསླབ་པར་བྱ་བའི་གཞི་ཞེས་འགྲེལ་པ་དེ་འདྲ་གནད་ལ་བབས་མེད་མོདདག་ཡིག་གསར་བསྒྲིགསལས། ཤེས་པར་བྱ་བའི་དོན་སྟོན་པའི་བསྟན་བཅོས་སོགས་ཀྱི་མིང་སྟེ་ཞེས་འགྲེལ་བ་ནི་ཤིན་ཏུ་ལེགས་སོ། །དཔེར་ན་ཁ་དོག་གི་རྣམ་གཞག་ལ་ཁ་དོག་རིག་པ་དང་། གཏན་ཚིགས་ཀྱི་རྣམ་གཞག་ལ་གཏན་ཚིགས་རིག་པ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོས་ལ་སྲིད་དོན་གྱི་རིག་པ། མི་ཆོས་རིག་པའི་བསྟན་བཅོས་ལ་མི་ཆོས་ཀྱི་རིག་པ་ཟེར་བ་ལས། རིག་པ་ཞེས་པའི་ཐ་སྙད་འདི་སྦྱར་ན་རང་རེ་ལ་གཏན་ནས་མེད་དགོས་པ་ཞིག་ག་ལ་ཡིན། དེ་བཞིན་ནང་བསྟན་དཔལ་འབྱོར་རིག་པ་ཡོད་པས་ནང་བསྟན་དཔལ་འབྱོར་རིག་པ་ཡིན་མི་དགོས་ཏེ། ནང་བསྟན་མཚན་ཉིད་རིག་པ་ཡོད་པས་ནང་བསྟན་མཚན་ཉིད་རིག་པ་ཡིན་མི་དགོས་པ་དང་། ནང་བསྟན་སྒྲ་རིག་པ་ཡོད་པས་ནང་བསྟན་སྒྲ་རིག་པ་ཡིན་ག་ལ་དགོས། དེ་བཞིན་ནང་བསྟན་བཟོ་རིག་པ་ཡོད་པས་ནང་བསྟན་བཟོ་རིག་པ་དང་། ནང་བསྟན་སྒྱུ་རྩལ་རིག་པ་ཡོད་པས་ནང་བསྟན་སྒྱུ་རྩལ་རིག་པ་ཡིན་ག་ལ་དགོས། དགོས་ཟེར་ན། ནང་བསྟན་རིག་གནས་ལྔ་བོ་ཡིན་དགོས་པར་འགྱུར་ཏེ། འདུལ་སྡོམ་ལས། སྡེ་སྣོད་གསུམ་དུ་གྱུར་པའི་ལྔ་གསུངས་ཕྱིར། །ཞེས་སྡེ་སྣོད་གསུམ་དུ་གྱུར་པའི་རིག་གནས་ཆེ་བ་ལྔ་ག་ཡོད་པར་གསུངས་པའི་ཕྱིར་རོ། །དེས་ན་ནང་བསྟན་དཔལ་འབྱོར་རིག་པ་ཡོད་པས་ནང་བསྟན་སྒོར་མོ་འཚོལ་བྱེད་ཅིག་ཏུ་ངོས་འཛིན་པ་ནི་མི་ལ་མ་ནིང་ཡོད་པས་མི་ཐམས་ཅད་མ་ནིང་དང་། མི་ལ་རྐུ་མ་ཡོད་པས་མི་ཐམས་ཅད་རྐུ་མར་ཁས་བླངས་པ་དང་འདྲ་བས་བྱིས་པ་བསམ་མེད་ཀྱི་རིགས་པ་ཡིན་ལ་བློ་ལྡན་ཁྲོད་དུ་དེ་ལས་ལྷག་པའི་ངོ་ཚ་ཞིག་ག་ལ་ཡོད། ལྷག་པར་བདག་གིས་བཤད་པ་དག་ནི་སྟོན་པའི་གསུང་གཞིར་བཞག་ནས་བཤད་པས་ན་ནང་བསྟན་གྱི་དཔལ་འབྱོར་རིག་པ་ནི་སྟོན་པ་སངས་རྒྱས་ཀྱིས་དངོས་སུ་གསུངས་པ་ཡིན་ཏེ་སྟོན་པས་དངོས་སུ་གསུངས་ན་རྡོག་རྡོག་གཅིག་ཏུ་གསུངས་མི་དགོས་ཏེ་མངོན་པའི་སྡེ་སྣོད་ཀྱང་ལུང་སོ་སོར་སིལ་བུར་གསུངས་ནས་རྗེས་སུ་མཁས་པ་དག་གིས་གཅིག་ཏུ་བསྡུས་ནས་མངོན་པ་སྡེ་བདུན་དང་། བྱེ་བྲག་བཤད་མཚོ་ཆེན་མོ་བྱུང་བ་དང་། མདོ་ལས་ཚད་མའི་སྐོར་ཐོར་བུར་གསུངས་པས་ནང་བསྟན་ཚད་མ་རིག་པའི་ཁུངས་སངས་རྒྱས་ལ་གཏུགས་པ་བཞིན་ནོ། །

    ཡང་ལ་ལས་ནང་བསྟན་གྱི་མཐར་ཐུག་གི་དམིགས་ཡུལ་ནི་ཐར་བ་དང་ཐམས་ཅད་མཁྱེན་པ་འཐོབ་རྒྱུ་དེ་ཡིན་ལ། དཔལ་འབྱོར་རིག་པའི་དམིགས་ཡུལ་ནི་འཁོར་བའི་ཕུན་ཚོགས་ཡིན་པས་དེ་གཉིས་ཅིའི་ཕྱིར་འགལ་བ་མིན་ནམ་ཟེར། མདོར་ན་ནང་བསྟན་དཔལ་འབྱོར་རིག་པ་ལ་མི་དགའ་བ་དག་གི་ལྟ་བ་ནི་མཐར་ཐུག་ན་འདི་ཉིད་དུ་ཟད། འོན་ཀྱང་། གནས་སྐབས་དང་མ་འབྲེལ་བའི་མཐར་ཐུག་ཅིག་གཏན་ནས་མེད་ལ། མཐར་ཐུག་དང་མ་འབྲེལ་བའི་གནས་སྐབས་ཤིག་ཀྱང་གཏན་ནས་མེད། དེ་ཤེས་ན་ནང་བསྟན་དཔལ་འབྱོར་རིག་པ་དང་ནང་བསྟན་གྱི་མཐར་ཐུག་གི་དམིགས་ཡུལ་གཉིས་ཀྱི་བར་གྱི་འབྲེལ་བ་ཡང་བདེ་བླག་ཏུ་ངེས་ཐུབ། ནང་བསྟན་གྱི་དཔལ་འབྱོར་རིག་པ་ནི་ནང་བསྟན་གྱི་མི་ཆོས་དཀར་བོ་དང་འབྲེལ་བའི་གཞུང་ལུགས་ཤིག་ཡིན་ལ། མི་ཆོས་དེ་ནི་དམ་པ་ལྷ་ཆོས་སྒྲུབ་པའི་མཐུན་རྐྱེན་ཞིག་ལས་མི་ཆོས་ནག་པོ་ལྟར་ངན་སོང་གི་སྒོ་མོ་འབྱེད་པ་ཞིག་མིན། སྐྱེས་བོ་ཕལ་བ་གཞིར་བཞག་ནས་བཤད་ན་ནང་བསྟན་དཔལ་འབྱོར་རིག་པ་ནི་མཐར་ཐུག་དེའི་སྒྲུབ་པའི་མཐུན་རྐྱེན་སྒྲུབ་པའི་གཞུང་ཞུགས་ཤིག་ཡིན་ལ། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་བཤད་ན་ཁོས་མཐར་ཐུག་གི་དམིགས་ཡུལ་ནི་རང་ཉིད་འཁོར་བའི་ཕུན་ཚོགས་ལས་གྲོལ་རྒྱུ་དེ་མ་ཡིན་པར་གཞན་གྱི་སླད་དུ་གཞན་དོན་སྒྲུབ་པའི་ནུས་པ་ཅན་དུ་བྱ་རྒྱུ་དེ་ཡིན། དེ་བས་ཁོང་ལ་མཚོན་ན་དཔལ་འབྱོར་རིག་པ་ནི་གཞན་དོན་སྒྲུབ་པའི་ཡན་ལག་ཅིག་ཡིན་པ་དེ་རེད། གནས་ལུགས་ཆུང་ཆུང་འདི་ལྟ་བུ་མང་དུ་སྨོས་ཀྱང་ཤོག་བུ་གྲོན་པ་ལས་མ་མཆིས་ལ་འདི་ལྟ་བུ་ཡང་མི་ཤེས་པར་རང་མཐོང་བྱེད་པ་ནི་དངོས་ནས་ཁྲོན་པའི་སྦལ་བ་ཉིད་དོ། །

     སྟོན་པའི་བཀའ་སློབ་དང་དཔལ་འབྱོར་རིག་པ་གཉིས་ཐོག་མར་ཟུང་དུ་སྦྲེལ་ནས་ནང་བསྟན་དཔལ་འབྱོར་རིག་པ་སྨྲ་བ་བོ་ནི་མཁས་པ་ཆེན་པོ་སྐུ་ཞབས་ཧྲི་མ་ཧི་(舒马赫ལགས་ཡིན་ཏེ། ཁོང་གིས་མཛད་པའིཆུང་ངུའི་ཡོན་ཏན་ཡོངས་སུ་རྫོགསཞེས་པའི་དེབ་དེ་ལས། ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་འདིའི་ཐོག་མ་ཡང་དེབ་འདིས་སྤྱད་ཅིང་། འཕགས་ལམ་ཡན་ལག་བརྒྱད་ལས་བརྩམས་ཏེ་བརྗོད་པ་དེས་ནུབ་ཕྱོགས་མཁས་པ་དག་གིས་ནང་བསྟན་གྱི་དཔལ་འབྱོར་རིག་པ་ལ་སྤྲོ་སྣང་ཤིན་ཏུ་རྒྱས་ཏེ། དེ་ནི་བསྟན་བཅོས་དེས་དེང་གི་དཔལ་འབྱོར་གྱི་ཉེན་ཁ་སྣ་ཚོགས་ལྷང་ལ་ཕུད་ནས་སེལ་བར་བྱས་པའི་རྒྱུ་མཚན་གྱིས་ཡིན། ལྷག་པར་ནང་བསྟན་དཔལ་འབྱོར་རིག་པ་འཛམ་གླིང་ལ་རྒྱས་པར་བྱེད་པ་བོ་ནི་ཐེ་ལན་གྱི་ནང་བའི་མཁས་པ་ཆེན་པོ་ཕུ་ཡུ་ཐོ་ལགས་ཤིང་།venerableprayadh.payuttoj1939དེ་གཉིས་ཀྱིས་འཛམ་གླིང་ལ་གྲགས་པའི་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་གཞུང་དེ་བརྩམས་ཤིང་། སྤྱི་ལོ1992ལོར་དཔར་དུ་བསྐྲུན། 1994ལོར་ཁ་གསབ་བརྒྱབས་པའི་དེབ་དེ་ཐེ་ལན་བན་གོ་ནང་བསྟན་ཐེབས་རྩ་ཚོགས་པས་པར་དུ་བསྐྲུན། དེབ་དེ་དབྱིན་ཇིའི་སྐད་དུ་བསྒྱུར་བས་ནུབ་ཕྱོགས་ཀྱི་རིག་གཞུང་ཁག་ཏུ་གྲགས་པ་རྒྱས། 1994ལོར་ཧྥ་རན་སིའི་ཡི་ནི་སི་ཁུ་ཞི་བདེའི་སློབ་གསོའི་བྱ་དགའ་ཐོབ། བོད་ཀྱི་གྲྭ་བ་དང་སྐྱ་བོ་འགའ་རེ་དེ་དག་ལ་ཆ་རྒྱུས་ཅི་ཡང་མེད་པར་ནང་བསྟན་དཔལ་འབྱོར་རིག་པ་ནི་བདག་གིས་བློ་བཟོ་འབའ་ཞིག་ཏུ་བསམ་པ་ཡང་གོ་ཁའི་བུ་ཆུང་གི་ཚུལ་ལ་བསམ་ན་ནི་ཁག་མེད་དོ། ། ལྷག་པར་དེའི་ཕྱོགས་ཀྱི་ཕྱག་རྩོམ་དང་དཔེ་དེབ་བརྩམས་པ་ཡང་གང་མང་མཐོང་སྟེ། རྒྱ་ནག་ལ་མཚོན་ན་སློབ་དཔོན་ཞིན་ཡིན་གྱི་ནང་བསྟན་འབྱོར་ཕྱུག་གི་ལྟ་བ། བཙུན་པ་ཅི་ཆིན་གྱི་ནང་བསྟན་འབྱོར་ཕྱུག་གི་ལྟ་བ། བཙུན་པ་ཧྲིན་ཡིན་གྱི་ནང་བསྟན་འབྱོར་ཕྱུག་གི་ལྟ་བ། སྐུ་ཞབས་ཉིན་ཡིན་ཐེ་ཡི་འབྱོར་ཕྱུག་སྲུང་བའི་ཐབས་ལམ། བཙུན་པ་ཅི་ཆིན་གྱི་ཚོང་ལས་དཔལ་འབྱོར་གྱི་ཁྲོད་ཀྱི་དད་པའི་གནད་དོན། སྐུ་ཞབས་མང་ཅན་ཀྲོང་གི་ནབ་བསྟན་གྱི་བདེ་སྐྱིད་ལྟ་བ། སྐུ་ཞབས་ཧོ་ཀྲུང་ཧོས་རྩོམ་སྒྲིག་བྱས་པའི་ཐེག་པ་ཆེན་པོའི་ཁེ་ལས་དོ་དམ་གྱི་ཉམས་ལེན། སྐུ་ཞབས་ལོ་ལིའི་དགོན་སྡེའི་དཔལ་འབྱོར་རྣམ་བཤད། བཙུན་པ་ཅོ་ཞིན་གྱི་ནང་བསྟན་འབྱོར་ཕྱུག་ལྟ་བ་སོགས་མང་དུ་ཡོད་ལ། ཡིག་རིགས་གཞན་ནས་རྒྱ་ཡིག་ཏུ་འགྱུར་བ་ཡང་། ཨ་རི་བ་དགེ་བཤེས་མ་ཁོ་ལགས་ཀྱིས། གྲྭ་བ་བྱས་རྗེས་རྡོ་རྗེ་ཕ་ལམ་དང་འཕྲད་པ་སོགས་མང་དུ་ཡོད། ལྷག་པར་ཨ་རིའི་ཉུག་ཡོའི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཧོང་ཐེན་ཀྲུང་གིས་སྤྱན་རས་གཟིགས་ཀྱི་རིག་གནས་ཞེས་པའི་རིག་ཚན་དེ་དར་སྤེལ་བཏང་བ་ནས། འཇམ་གཤིས་ཀྱི་དོ་དམ་དང་སྤྱན་རས་གཟིགས་ཀྱི་རིག་གནས་དང་ཁེ་ལས་ལག་ལེན། སྤྱན་རས་གཟིགས་ཀྱི་རིག་གནས་དང་མི་གཤིས་དོ་དམ་ལ་དཔྱད་པ། སྤྱན་རས་གཟིགས་ཀྱི་འགྲོ་བ་སྐྱོབ་པའི་སྙིང་སྟོབས་དང་དེང་རབས་དོ་དམ་ཚོང་གཉེར་གྱི་དོ་དམ་གྱི་ལྟ་བ། བྱམས་སྙིང་སྒོས་དོ་དམ་བྱེད་པའི་དོན་སྙིང་། སྤྱན་རས་གཟིགས་ཀྱི་ཁེ་ལས་དོ་དམ་གླེང་བ་སོགས་ནང་བསྟན་གྱི་དཔལ་འབྱོར་  རིག་པའི་དོ་དམ་དང་ཁེ་ལས་ཀྱི་ལག་ལེན་སྐོར་གྱི་གཞུང་ལུགས་དར་སྤེལ་དང་ལག་ལེན་ལ་འདེབས་བཞིན་འདུག དེ་དག་གཞི་རྩའི་ཆ་ནས་བདག་གི་ནང་བསྟན་དཔལ་འབྱོར་རིག་པ་དང་ལྟ་བ་གཅིག་མཚུངས་ཡིན། དེ་བཞིན་རྒྱ་ནག་གི་མཁས་པའི་ཁྲོད་དུ་ནང་བསྟན་གྱི་རིག་གནས་གཞན་ལ་ཞིབ་འཇུག་བྱེད་མཁན་ཡང་མང་དུ་བྱུང་སྟེ་སློབ་དཔོན་ཁྲིན་ཕིན་ལགས་ཀྱིས་ནང་བསྟན་གྱི་སྒོམ་རིག་པ་དང་། ནང་བསྟན་སེམས་ཁམས་རིག་པ་ལ་ཞིབ་འཇུག་བྱས་ཏེ་ནང་བསྟན་སེམས་ཁམས་རིག་པ་དང་། ནང་བསྟན་མི་ཆོས་རིག་པ། འཇིག་རྟེན་གྱི་བསྟན་པ་སོགས་བརྩམས་ཡོད་ལ་ད་དུང་ནང་བསྟན་གསོ་བ་རིག་པ་ལ་ཡང་ཞིབ་འཇུག་བྱེད་ཀྱིན་འདུག དེ་བཞིན་སྐུ་ཞབས་བེའུ་ཧད་ཀྱིས་ཕུང་བོ་ལྔའི་སེམས་ཁམས་རིག་པ་དང་། སྒོམ་ཆེན་པེ་ཡིན་གྱིས་ནང་བསྟན་མཚན་ཉིད་རིག་པའི་སྤྱི་བཤད་སོགས་བརྩམས་ཡོད། 

གཉིས་པ། སྟོན་པའི་གསུང་དུ་བསྟན་པའི་ནང་བསྟན་དཔལ་འབྱོར་རིག་པའི་གཞུང་ལུགས།

    བདག་ཅག་གི་སྟོན་པས་དཔལ་འབྱོར་རིག་པའི་སྐོར་ཐོར་བུ་གསུངས་པ་བདེན་ཀྱང་དཔལ་འབྱོར་རིག་པའི་གཞུང་གང་དུ་གསུངས་ཡོད་པ་སྟོན་ཅིག་ཟེར་ན། དེ་ནི་དྲི་བ་ལེགས་པོ་ཞིག་རེད། ང་ཚོས་གང་ཞིག་ནང་བའི་བསྟན་པ་ཡིན་མིན་དེ་སྟོན་པའི་གསུང་ལ་བརྟེན་ནས་བཤད་དགོས་པ་ལས་རང་གི་བློ་ཚོད་དང་བསྟུན་མི་རུང་སྟེ། མདོ་ལས། དེ་འདི་ལྟར་ཆོས་འདི་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན་མདོ་སྡེ་དང་མི་མཐུན། འདུལ་བ་ལ་མི་སྣང་སྟེ་ཆོས་ཉིད་དང་ཡང་འགལ་བས་ན་འདི་ནི་ཆོས་མ་ཡིན།འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་ནོ་ཞེས་ཤེས་པར་བྱས་ལ་འདོར་བར་བྱའོ། །ཞེས་དང་། མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་སྣང་སྟེ་ཆོས་ཉིད་དུ་ཡང་མི་འགལ་ན། དགེ་སློང་དེ་ལ་འདི་སྐད་སྨོས་ཤིག ཚེ་དང་ལྡན་པ། འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཚེ་དང་ལྡན་པ་ཉིད་ཀྱིས་ཀྱང་ཆོས་འདི་ལེགས་པར་བཟུང་ངོ་། །ཞེས་གསལ་བོར་བསྟན་པ་བཞིན། བདག་གིས་ཁྱེད་ཅག་གི་དོགས་པ་སེལ་བའི་ཆེད་དུ་སྟོན་པའི་གསུང་དུ་བསྟན་པའི་ནང་བསྟན་དཔལ་འབྱོར་རིག་པའི་གཞུང་ ལུགས་དག་མདོར་བསྡུས་སུ་བརྗོད་པར་བྱའོ། །

དང་བོ། མདོ་སྡེ་དག་སྤྱི་དང་ཐོར་བུར་བསྟན་པའི་ནང་བསྟན་དཔལ་འབྱོར་རིག་པའི་གཞུང་ལུགས།

    1 མདོ་ཕྲན་དག་ལས་ཐོར་བུ་བྱུང་བའི་ནང་བསྟན་དཔལ་འབྱོར་རིག་པའི་སྐོར་གྱི་གཞུང་མང་དུ་ཡོད་ཀྱང་འདིར་མཛུབ་མོ་རི་སྟོན་གྱི་ཚུལ་དུ་དེ་དག་ལས་གནད་འགའ་ཞིག་འགོད་པར་བྱ་སྟེ། ལྗོན་ཤིང་གི་མདོ་ལས། ཧ་ཅང་གསོག་ལ་ཞེན་ཆེས་ན། །བསགས་པ་གཞན་གྱིས་འཁྱེར་དུ་མཆིས། །སྦྲང་བུས་སྦྲང་རྩི་བསགས་པ་དེ། །དེ་དག་གཞན་གྱི་སྤྱོད་པར་བྱེད། །ཅེས་ནོར་གྱི་ཆེད་དུ་མི་ཚེ་གཏོང་མི་ཉན་པ་དང་། ལུས་ངག་ཡིད་གསུམ་ནོར་གསོག་པ་ལ་ཕྱོགས་ནས་སྤྱོད་དུ་མེད་པ་ནི་སྦྲང་བས་སྦྲང་རྩི་བསགས་པ་བཞིན་རང་གི་འདོད་པ་མེད་བཞིན་དུ་གཞན་གྱིས་སྤྱད་པར་འགྱུར་བར་བསྟན་ཡོད། དེ་བཞིན་ལུང་ལས། དམན་པའི་འཇིག་རྟེན་ཟད་པའི་འཇིགས་པ་ཡིས། །བདག་ཉིད་མི་སྤྱོད་གཞན་ལ་སྦྱིན་མི་བྱེད། །ཅེས་པ་ནི་སྐྱེས་བོ་བློ་གྲོས་དམན་པ་དག་གིས་དཔལ་འབྱོར་སྤྱོད་སྟངས་ལ་བསྡོམས་ཚིག་གནང་བ་ཞིག་རེད། དེ་ནི་དཔལ་འབྱོར་གྱི་དགོས་པ་མ་གྲུབ་པ་ཤུགས་ལ་བསྟན་འདུག དེ་བཞིན་ལྗོན་ཤིང་གི་མདོ་ལས་ཀྱང་། ཕྱུག་པོ་སྦྱིན་པ་མི་གཏོང་ན། །དེ་ནི་གཞན་གྱི་གཏེར་སྲུང་ཡིན། །ཞེས་ཕྱུག་པོའི་ནོར་གྱི་དགོས་པ་ནི་སྦྱིན་པ་གཏོང་རྒྱུ་དེ་ཡིན་ལ། སྦྱིན་པ་ཞེས་པ་ཡང་གོ་སླ་བའི་བཤད་ན་སྤྱི་ཚོགས་བདེ་དགེའི་ཆེད་དུ་གཏོང་བ་ཡིན། དེ་ལྟར་བྱས་ན་ནོར་བསགས་པའི་དགོས་པ་གྲུབ་པ་ཡིན། དེ་བས་ལྗོན་ཤིང་གི་མདོ་ལས། ལེགས་པར་སྤྱད་ན་དཔལ་དུ་ཆེ། །ཉེས་པར་སྤྱད་ན་བྱུར་དུ་ཆེ། །ཞེས་བྱ་བ་གང་དང་གང་ཡིན་ཡང་། ལེགས་པར་སྤྱད་པས་དགེ་མཚན་འབྱུང་བ་དང་། ཉེས་པར་སྤྱད་པས་ཉེས་སྐྱོན་འབྱུང་བའི་གནས་ལུགས་བསྟན་ཡོད། མདོ་དྲན་པ་ཉེར་བཞག་ལས། བློ་དང་ལྡན་པས་གཞིས་ནོར་རྣམས། །གློ་བུར་འཕེལ་འགྲིབ་མི་བྱེད་པར། །རྟག་ཏུ་མཉམ་བཞག་གནས་བྱེད་པ། །གང་འདི་ཡོན་ཏན་ཉེར་བཞི་བ། །ངེས་པར་འབྲས་བུར་ལོངས་སྤྱོད་ཅེས། །འོས་པའི་དཔྱ་ཁྲལ་འབའ་ཞིག་ལས། །འདས་དེ་ཅུང་ཟད་མི་ལེན་པ། །རྒྱལ་བོའི་ཆོས་འདི་ཉེར་ལྔ་བ། །ཟང་ཟིང་ཆོས་དང་མི་འཇིགས་པའི། །སྦྱིན་པ་དག་ལ་རབ་འབད་ན། །ས་འདི་ཀུན་གྱིས་དབང་འགྱུར་ཏེ། །རྒྱལ་བོའི་ཆོས་ནི་ཉེར་བརྒྱད་པ། །རྒྱལ་བོའི་ཆོས་སོ་ལྔའི་གྲངས་སུ་དྲངས་འདུག དེ་དག་ནི་ཐོར་བུ་བྱུང་བས་རེ་རེ་བཞིན་དྲངས་ན་མང་དོགས་ནས་མ་བཀོད། 

2 འཇམ་དཔལ་རྩ་རྒྱུདལས་དཔལ་འབྱོར་རིག་པའི་སྐོར་མང་དུ་གསུངས་ཏེ།   དེ་ལྟར་གསུངས་དོན་ཡང་། འགྲོ་བ་དག་ལ་ཆོས་མཐུན་གྱི་དཔལ་འབྱོར་ཞིག་འབྱུང་བའི་ཆེད་དུ་ཡིན་ལ་དེ་ཡང་མཐར་གཏུགས་ན་ཆོས་ཀྱི་མཐུན་རྐྱེན་དང་མི་ཚེ་བདེ་ཐབས་ཀྱི་ཆེད་དུ་ཡིན། དེ་བསའཇམ་དཔལ་རྩ་རྒྱུདལས། སེམས་ཅན་ལོངས་སྤྱོད་དོན་དུ་ནི། །   བྱང་ཆུང་སེམས་དཔས་བཤད་པ་ཡིན། །ཞེས་ནོར་ཐབས་ཀྱི་བསྟན་བཅོས་དག་ནི་སེམས་ཅན་གྱི་ལོངས་སྤྱོད་ཀྱི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པ་ཡིན་གསུངས། འཇམ་དཔལ་རྩ་རྒྱུདལས། རྒྱལ་བོས་དཀོན་མཆོག་གསུམ་མཆོད་ན། །འཇིག་རྟེན་གྱི་ནི་མཆོག་ཏུ་འགྱུར། །རྒྱལ་ཐབས་ཆེན་པོའི་གྲགས་པ་འཐོབ། །ནོར་གྱི་དབང་ཕྱུག་ལོངས་སྤྱོད་ཆེ། །རྒྱལ་བོས་ཕུན་ཚོགས་རྒྱ་ཆེ་བའི། །བདེ་བ་རྣམ་པ་སྣ་ཚོགས་ཐོབ། །ནང་བའི་བསྟན་པའི་སྦྱིན་བདག་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་འཇིག་རྟེན་གྱི་མཆོག་ཏུ་འགྱུར་ཞིང་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བ་ལས་དབུལ་བོར་འགྱུར་མི་སྲིད་པར་བསྟན་ཡོད་ལ་འདུལ་བའི་མདོ་ལས་ཀྱང་། དཀོན་མཆོག་ལ་དད་པས་ལོངས་སྤྱོད་བསྲབས་པར་ག་ལ་འགྱུར་གསུངས། 

འཇམ་དཔལ་རྩ་རྒྱུདལས། ཐ་སྐར་པྲ་ཉེ་ཉིད་དང་ནི། །སྨིན་དྲུག་ཆ་ལས་སྐྱེས་གྱུར་པ། །ཁྱིམ་འདི་དག་གི་ནུས་པ་ནི། །ཚོང་གི་དོན་དུ་ནོར་སྒྲུབ་འགྱུར། །གལ་ཏེ་སྐྱེས་པ་དེས་ཕྱུང་ན། །དབང་ཕྱུག་ལོངས་སྤྱོད་ཕུན་སུམ་ཚོགས། །འདི་ནི་ནང་བའི་ལུགས་སུ་མི་རང་གི་ལོངས་སྤྱོད་སྐྱེ་བའི་སྐར་མར་འབྲེལ་བ་ཡོད་པ་གསལ་བོར་གསུངས་ཡོད། 

ད་དུངའཇམ་དཔལ་རྩ་རྒྱུདལས་སྦྱིན་སྲེག་ལ་བརྟེན་ནས་ནོར་སྒྲུབ་ཐབས་ སོགས་མང་དུ་གསུངས་ཡོད་པས་འདིར་འཛུབ་མོས་རི་སྟོན་གྱིས་ཆོག་པར་བྱ། 

3 བདེན་སྨྲའི་ལུང་བསྟན་པའི་མདོལས་རྒྱལ་བོའི་ཚུལ་གྱི་ལེའུ་དོན་བཤད་པ་ལས། རྒྱལ་བོའི་འབྲིང་དུ་གྱུར་པ་རྣམས། །མངའ་ཐང་རྒྱས་པའི་ཐབས་ལ་སེམས། །རང་གི་སྡེ་རིས་ལེགས་པོར་སྐྱོང་། །དེ་ཡིས་རྒྱལ་སྲིད་ཡུན་དུ་བརྟན། །ཞེས་གསུངས་པ་ལྟར་རྒྱལ་བོའི་འཁོར་རྣམས་ཀྱི་ཆབ་སྲིད་དང་མངའ་ཐང་རྒྱས་པའི་ས་ལ་བསམ་དགོས་ཤིང་། རང་གི་སྡེ་རིས་ལེགས་པོར་བསྐྱང་ན་ད་གཟོད་རྒྱལ་སྲིད་བརྟན་པའི་གནས་ལུགས་གསུངས་ཡོད། 

ལུགས་བཞིན་གཏོང་ལ་མི་འཇུང་ཞིང་། །ནོར་རྫས་དོན་མེད་ཆུད་མི་གཟན། །དུས་ལ་སྒྲིམ་ཞིང་བློ་ལྡན་པ། །མཛོད་འཛིན་ཕྱག་ཚད་བྱ་བར་འཐད། །རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་བདག་གཉེར་བྱེད་མཁན་དང་། བློན་དང་ཞལ་ལྕེ་གཅོད་རྣམས་ཀྱིས། །ལེགས་ཉེས་ཚུལ་བཞིན་རྟིང་གཅོད་བྱ། །གཉེན་གྱི་ངོ་དང་གསུག་འབུལ་ལ། །ལྟ་ན་རྒྱལ་ཁམས་བརླག་པར་འགྱུར། །ཞེས་དཔོན་པོ་དག་གིས་བདེན་དོན་གཙོ་བོར་གཟུང་དགོས་པ་ལས་གསུག་གི་དབང་དུ་འགྲོ་མི་རུང་བ། རྒྱལ་བོའི་འབྲང་དུ་གྱུར་པ་རྣམས། །མངའ་ཐང་རྒྱས་པའི་ཚུལ་ལ་སེམས། །རང་གི་སྡེ་རིས་ལེགས་པར་སྐྱོང་། །དེ་ཡིས་རྒྱལ་སྲིད་ཡུན་དུ་བརྟན། །ཞེས་པས་རྒྱལ་ཁབ་འཁོར་དུ་གྱུར་པ་དག་གིས་དཔལ་འབྱོར་བསྒྲུབས་ཏེ་འབངས་དང་རྒྱལ་ཁབ་བདེ་བར་བསྐྱང་དགོས་པ། རྒྱལ་བོ་ཐ་མར་གྱུར་པ་རྣམས། །འབངས་ལ་མི་བསམ་ནོར་ལ་བསམ། །རྩ་བ་ཉམས་པའི་ཤིང་བཞིན་དུ། །དེ་ཡིས་རྒྱལ་སྲིད་མྱུར་ཏུ་འཇིག། ཅེས་དང་འབངས་ལ་ཆད་པས་མནར་བ་ཡི། །ནོར་གྱིས་རྒྱལ་བོ་བརྔན་བྱས་པས། །མི་བདག་ངན་པ་མགུ་འགྱུར་ཏེ། །ཀྱེ་མ་སྙིགས་མའི་བློ་གྲོས་མཚར། །ཞེས་པས་རྒྱལ་བོ་ཐ་ཤལ་རྣམས་ཀྱིས་འབངས་ཀྱི་བདེ་ཐབས་དང་རང་གི་རྒྱུ་ནོར་གཉིས་ལས་རང་གི་རྒྱུ་ནོར་གཙོ་བོར་འཛིན་པས་མཐར་རྒྱལ་ཁབ་འཇིག་ངེས་པ། ཡང་། བཀྲེན་པ་རྣམས་ལ་ཟས་གཙོ་སྟེ། །འབྱོར་ལྡན་རྣམས་ལ་རིན་ཆེན་གཙོ། །ཡ་རབས་རྣམས་ལ་གོ་འཕང་གཙོ། །དེ་ཕྱིར་གོ་ས་དེ་སྲུང་གི །མི་དང་བསྟུན་པའི་དཔལ་འབྱོར་གང་ཞིག་གཙོ་བོ་ཡིན་པའི་སྐོར་བཤད་ཡོད།   ལོངས་སྤྱོད་དག་གིས་མི་ཕོངས་ལ། །ཕན་ཚུན་འཚེ་དང་རྩོད་པ་མེད། །གཞན་ཡང་བསྐལ་བཟང་དུས་ཀྱི་མི། །ཕ་མ་བཀུར་ཞིང་དགེ་ཆོས་སྤྱོད། །རྒྱལ་བོར་གདགས་པ་མེད་ན་ཡང་། །རང་རང་ལས་ཀྱིས་བདེ་བར་སྐྱོང་། །ཞེས་པས་དཔལ་འབྱོར་གྱི་བདེ་ཐབས་ལ་བརྩོན་དགོས་པ་སྟེ། མུ་གེས་འཚེ་ན་གཞན་སྐྱོབ་བྱེད། །ཆོམ་རྐུན་གྱིས་ནི་འཕྲོག་པ་དགག །ཕན་ཚུན་གནོད་འཚེ་ཕན་གདགས་ཤིང་། །དབུལ་དང་མགོན་མེད་རྣམས་ལ་སྦྱིན། །མི་བསྲུན་པ་ལ་ཡང་དག་པའི། །ཆད་པས་གཅོད་པར་བྱེད་པ་དེས། །སྐྱེ་རྒུ་སྐྱོང་བར་བྱ་བའོ། །ཞེས་པའི་དཔལ་འབྱོར་གཏོང་ཐབས་བཤད་ཡོད། དབུལ་ལ་ནན་གྱིས་བླང་གྱུར་ལ། །སྡིག་པ་ཡོད་མེད་གཉིས་སུ་དབྱེ། །རྒྱན་པོ་སྨད་འཚོང་ལ་སོགས་པས། །ཚུལ་མིན་ལོངས་སྤྱོད་ཆུད་ཟ་བ། །དགག་ཕྱིར་བླང་ན་དོན་གཉིས་བྱས། །དེ་ལ་སྡིག་པ་མེད་པར་བཤད། །གང་གི་ལོངས་སྤྱོད་མེས་ཚིག་སོགས། །ཆུད་ཟར་གྱུར་ཚེ་དཔྱ་ཡང་བྱ། །ཞེས་པས་ཚུལ་མིན་གྱི་དཔལ་འབྱོར་སྒྲུབ་མི་རུང་བ་དང་དེ་འགོག་པ་ཡང་ཁྲིམས་དང་མཐུན་པར་བསྟན། བསོད་ནམས་སྟོབས་ཀྱིས་བློན་སོགས་དང་། །ཡུལ་གྱི་མི་རྣམས་ནད་མེད་ཅིང་། །གནོད་ཆུང་བདེ་འབྱོར་ལྡན་གྱུར་ལ། །གནམ་བསྐོས་ཕུན་སུམ་ཚོགས་ཞེས་བྱ། །ཞེས་པས་རྒྱལ་ཁབ་ཅིག་གི་བདེ་སྐྱིད་ཀྱི་ཚད་གཞི་བསྟན་པ་དང་། ཡང་། ལོངས་སྤྱོད་དག་ལ་སྨན་ལྟ་ བུའི། །འདུ་ཤེས་ཉེ་བར་བཞག་བྱ་སྟེ། །འདོད་པ་ལོག་པར་མི་སྤྱོད་ཅིང་། །མ་ཆགས་གང་  འོས་སྤྱད་བྱ་བདུན། །ཞེས་པས་དཔལ་འབྱོར་ལོངས་སྤྱོད་སྟངས་གསལ་བོར་གསུངས་ཡོད། 

གཉིས་པ། གཟུངས་འདུས་ལས་བྱུང་བའི་དཔལ་འབྱོར་རིག་པའི་གཞུང་ལུགས།

གསེར་འོད་དམ་པ་མདོ་སྡེ་དབང་གི་རྒྱལ་བོ་ལས། ནོར་སྐྱོང་ཞིང་སྤེལ་བར་བྱེད་པ་གསེར་འོད་ནོར་ལྷ། གསེར་འོད་གཡང་སྐྱབས། ནོར་ལྷ་གཡང་སྐྱབས། ཛམ་ལྷའི་མཚན་བརྒྱ། འཕགས་མ་ནོར་སྦྱིན་མའི་གཟུངས་མདོ། འཕགས་པ་ནོར་བུ་བཟང་བོའི་མདོ། གནོད་སྦྱིན་གཞན་གྱིས་མི་ཐུབ་པ་ཨ་པ་ར་ཡང་དག་ཤེས་ཀྱི་གཟུངས། ཕྱུགས་ནོར་སྲུང་ཞིང་སྤེལ་བ་ཀུ་བེ་རའི་གཟུངས། ཚོགས་བདག་གི་གཟུངས། ལུག་ནད་ཞི་བར་བྱེད་པའི་གཟུངས། ཛམ་ལྷའི་ལུག་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས། འཕགས་པ་རེ་མན་ཏ་སོགས་རྟ་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས། ཕྱུགས་ནད་རྣག་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས། བོང་བུའི་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས། 

ནོར་ལྷ་གསེར་འོད་ནི་བཅོམ་ལྡན་འདས་བྱ་རྒོད་ཕུང་བོའི་རི་ན་ནོར་ལྷའི་རྒྱལ་བོ་འཁོར་དང་བཅས་པ་བཞུགས་པའི་དུས་སུ་སའི་ལྷ་མོ་བརྟན་མས། བཅོམ་ལྡན་འདས་བདག་གིས་ཆོས་སྨྲ་བའི་དགེ་སློང་དེ་དག་ལ་སོགས་པ་རྣམས་འཛམ་བུའི་གླིང་འདིར་སྐྱེས་བོ་མང་བོ་ལ་ཕན་པ་དང་། སྐྱེ་བོ་མང་བོ་ལ་བདེ་བའི་ཕྱིར། དབུལ་ཞིང་ཕོངས་པའི་སྡུག་བསྔལ་བྲལ་ནས་ཕྱུག་ཅིང་བདེ་བ་དང་། བསམ་པ་འགྲུབ་པ་དང་། ནོར་དང་རིགས་རྒྱུད་དར་ཞིང་འཕེལ་བ། ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཆེ་ཞིང་། མཐུ་དང་རྫུ་འཕྲུལ་ཆེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་ཞུ་བའི་ལན་དུ་ནོར་ཕྱུགས་སྐྱོང་ཞིང་སྤེལ་བ་ཞེས་བྱ་བའི་མདོ་སྡེ་འདི་གསུངས་ཤིང་། ཁྱད་པར་མདོ་སྡེ་དེ་ལས་ནོར་དང་བསོད་ནམས་སྤེལ་བར་བྱེད་པའི་གཟུངས་བརྗོད་ནས་ནོར་ལྷ་སྒྲུབ་ཚུལ་གསུངས་ཏེ། དེ་ལྟར་གསུངས་ན་"གཟུགས་བཟང་བར་འགྱུར་རོ། །ཤེས་རབ་ཆེ་བར་འགྱུར་རོ། །ཆོས་སྤྱོད་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །ཟད་པ་མེད་པའི་ལོངས་སྤྱོད་ནི་ཚེ་རབས་ཀུན་ཏུ་རྙེད་པར་འགྱུར་རོ། །" ཞེས་དང་། བདག་གི་ནོར་དང་རིགས་རྒྱུད་དར་གྱུར་ནས། །   བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་སོ། ། གསེར་འོད་གཡང་སྐྱབས་ནི་བཅོམ་ལྡན་འདས་བྱ་རྒོད་ཕུང་བོའི་རི་ན་བཞུགས་པའི་དུས་སུ་འཁོར་ལྷ་མི་སོགས་གྲངས་མེད་པ་ལ་གསུངས་པ་ཡིན་ཏེ་མདོ་སྡེ་འདི་ཉན་པའི་སྟོབས་ཀྱིས། །དེ་དག་མི་ནོར་ལེགས་པར་འོང་། །མི་ཡི་སྲིད་པ་ལེགས་པར་ཐོབ། །འཚོ་བ་བདེ་བས་འཚོ་བར་འགྱུར། །ཞེས་གསུངས་ཤིང་། ཁྱད་པར་དུ། ཕྱི་མར་གྱུར་པའི་དུས་ཉིད་དུ། །མི་རྣམས་བསོད་ནམས་ཉམས་པ་དང་། །ཆོ་ག་འདི་ལ་བརྩོན་བྱས་ན། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་ཐམས་ཅད་སྟེར་བར་བྱེད། །ཅེས་མི་ནོར་ཕྱུགས་གསུམ་དང་། ཚེ་བསོད་རླུང་རྟ་རྒྱས་པའི་ཆེད་དུ་། ནོར་ལྷའི་རྒྱལ་བོ་རྣམ་ཐོས་སྲས་སོགས་ཀྱིས་དགོས་མཁོ་རིན་ཆེན་ཆར་ལྟར་འབབ་པ་དང་། ཡིད་བཞིན་ནོར་བུའི་གཡང་འབེབ་པ། རེ་བ་སྐོང་ཞིང་ནོར་རྣམས་སྦྱིན་པ་དང་སྲུང་ཞིང་སྤེལ་བར་བྱེད་པའི་ཆེད་དུ་གསུངས། 

ནོར་ལྷ་གཡང་སྐྱབས་ནི་གཟུངས་འདུས་ན་བཞུགས་ཤིང་། སྔོན་ལྷའི་ཡུལ་ན་ལྷའི་བུ་ནོར་བུའི་ལྷ་ཞེས་པ་དཀོར་ནོར་ཕུང་བོ་དཔག་ཏུ་མེད་པ་ཡོད་པ་ལས་ནམ་ཞིག་ནོར་རྣམས་ཟད་པས། དེའི་རྐྱེན་དང་སྲུང་བ་ཇི་ལྟར་བྱེད་ཚུལ་ཞུ་བའི་ལན་དུ། "ལན་དོན་དཀོར་ནོར་གཡང་སྒོར་ལ། །དེའི་དགོས་ཐབས་ངས་བཤད་ཀྱི། །"ཞེས་ནོར་ལོངས་སྤྱོད་གཡང་དུ་འདྲེན་ཞིང་དཔལ་འབྱོར་སྲུང་བའི་ཆེད་དུ་མདོ་སྡེ་འདི་གསུངས། འཕགས་པ་ཛམ་བྷ་ལའི་མཚན་བརྒྱ་རྩ་ནི་"མི་རྣམས་ནོར་ནི་ཉུང་བ་དང་། །བསོད་ནམས་ཆུང་ཞིང་དབང་ཆུང་བ"འི་སྡུག་བསྔལ་སེལ་བའི་ཆེད་དུ་གསུངས་ཤིང་། དེའི་ཡིན་ཕན་ཡོན་ཀྱང་། "དེ་ནི་ལེགས་པ་དྲན་ཙམ་གྱིས། །མི་ནི་དབུལ་ལས་གྲོལ་འགྱུར་ཞིང་། །གཞན་གྱིས་མི་ཚུགས་སྲུང་བར་འགྱུར། ། "ཞེས་ནོར་དང་ལོངས་སྤྱོད་གཡང་དུ་འདྲེན་ཞིང་དཔལ་འབྱོར་སྲུང་བའི་ཆེད་དུ་མདོ་སྡེ་འདི་གསུངས། འཕགས་པ་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས་ནི་གཟུངས་འདུས་ན་བཞུགས་ཤིང་། སྔོན་བཅོམ་ལྡན་འདས་ཡུལ་ཀོའུ་ཤམ་བི་ན་ཚེར་མ་ཅན་ཞེས་བྱ་བར་བཞུགས་དུས། དབུལ་ཞིང་བུ་དང་བུ་མོ་བཟའ་མི་སོགས་གསོ་བ་མང་བས་མནར་བའི་ཁྱིམ་བདག་ཟླ་བ་བཟང་བོ་ཞེས་པས་དབུལ་ཞིང་གདུང་ནས་སེམས་ཅན་དབུལ་བོ་རྣམས་ཀྱི་སླད་དུ་དབུལ་བ་མི་འགྱུར་བ་དང་། ནད་མེད་པར་འགྱུར་བ། འབྲུ་ནོར་ལོངས་སྤྱོད་མང་བོ་དང་ལྡན་པར་འགྱུར་བ། རིན་ཆེན་དང་དངུལ་རྣམས་འབྱོར་ཞིང་། བུ་ཚ་དང་བཟའ་མི་བརྟན་པར་འགྱུར་བའི་ཆོས་ཤིག་གསུངས་པར་ཞུ་བའི་ལན་དུ། ནོར་གྱི་རྒྱུན་བྱ་བའི་གཟུངས་འདི་གསུངས་པ་ཡིན་ཏེ། གཟུངས་འདི་ནི"སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་རྒྱ་མཚོའི་དབྱངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིགས་ཀྱི་བུ་ངས་དེ་བཞིན་གཤེགས་པ་དེ་ལ་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས་འདི་ཐོས་ཏེ། གཟུང་ཞིང་བཅངས། ཀླགས། ཀུན་ཆུབ་པར་བྱས། རྗེས་སུ་ཡི་རངས་བྱས་ཤིང་། གཞན་དག་ལའང་ཡང་དག་པར་རབ་ཏུ་བསྟན་ཏེ་རིགས་ཀྱི་བུ་ངས་རབ་ཏུ་བཤད་པར་བྱའོ། །"ཞེས་གསུངས་པ་ཡིན་ཏེ"གཟུངས་འདིའི་མཐུས། མུ་གེ་དང་། ནད་དང་འཆི་ངེས་འབྱུང་བར་མི་འགྱུར་རོ། །རིགས་ཀྱི་བུ་སུ་ཞིག་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ཏེ་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས་འདི་ནུབ་གཅིག་བཏོན་ན་དེ་ནས་དངོས་གྲུབ་ཏུ་འགྱུར་རོ། ། "ཞེས་གསུངས་སོ། །"རྒྱས་པའི་དོན་དུ་ནུབ་གཅིག་བཏོན་ན། རིགས་ཀྱི་བུ་དེའི་ཁྱིམ་ནོར་དང་། འབྲུ་དང་། གསེར་དངུལ་དང་། ཡོ་བྱད་ཐམས་ཅད་རྒྱུན་མི་ཆད་པའི་ཚོད་ཙམ་གྱིས་གང་བར་འགྱུར་རོ། །འཇིགས་པ་དང་གནོད་པ་ཐམས་ཅད་མེད་པར་འགྱུར་རོ། །རིགས་ཀྱི་བུ་དེའི་ཕྱིར་ཁྱོད་རབ་ཏུ་བསྒྲིམས་ལ་ནོར་གྱི་རྒྱུན་གྱི་གཟུངས་འདི་ཟུངས་ཤིག ཆོངས་ཤིག ལྷོགས་ཤིག ཐོན་ཅིག གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག དེས་ཁྱོད་ཡུན་རིང་བའི་དོན་དང་། ཕན་པ་དང་བདེ་བ་དང་། གྲུབ་པ་དང་ལོ་ལེགས་པར་འགྱུར་རོ། །"ཞེས་གསུངས། དེ་མཐུ་ལས། དེའི་སྐད་ཅིག་ཙམ་ལ་ཁྱིམ་བདག་ཟླ་བ་བཟང་བོའི་བང་མཛོད་ རྣམས་ནོར་གྱིས་ཡོངས་སུ་གང་བར་གྱུར་ཏོ།  ཞེས་གསུངས་སོ། །དེ་བས་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་འདི་ནི་ཁྱིམ་བདག་ཟླ་བ་བཟང་བོས་ཞུ་བ་ཞེས་བྱ་བར་ཟུངས་ཤིག ནོར་དང་འབྲུ་དང་རིན་པོ་ཆེ་ཐམས་ཅད་ཀྱི་གཏེར་ཞེས་བྱ་བར་ཡང་ཟུངས་ཤིག དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པ་ནོར་གྱི་རྒྱུན་ཞེས་བྱ་བར་ཡང་ཟུངས་ ཤིག ཅེས་གལ་བོ་ཆེ་ལ་ནན་ཏན་དུ་གསུངས་སོ། །

     གནོད་སྦྱིན་གཞན་གྱིས་མི་ཐུབ་པ་ཡང་དག་ཤེས་ཀྱི་གཟུངས་ནི་གཟུངས་འདུས་དང་གསེར་འོད་ན་བཞུགས་ཤིང་། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ། རི་རབ་རིའི་རྩེ་མོ་བྱང་ཤར་མཚམས་ཀྱི་ཕོ་བྲང་། ངལ་གསོ་བའི་གནས་སུ་བཞུགས་པའི་ཚེ་གནོད་སྦྱིན་གྱི་རྒྱལ་བོ་ཡང་དག་ཤེས་ཀྱིས་བཅོམ་ལྡན་འདས་ལ་གཟུངས་འདི་སྒྲུབ་པའི་ཆོ་ག་དང་བཅས་ཏེ་ཕུལ་ནས་དེ་བཞིན་བསྒྲུབས་ན་ཡང་དག་ཤེས་དངོས་སུ་ཡོང་ནས་ཅི་འདོད་དྲིས་ཏེ་གསེར་དངུལ་སོགས་ཅི་འདོད་གསོལ་བ་བཏབ་པ་བཞིན་ཐེ་ཚོམ་མེད་ཅེས་ཞུ་བ་ལ།   བཅོམ་ལྡན་འདས་ཀྱིས"ཕྱི་མའི་དུས་སུ་བསྟན་པ་འཛིན་ཅིང་སྐྱོང་བ་ལ་ནོར་མེད་པ་དང་། དད་པ་དང་བརྩོན་འགྲུས་ཆུང་བ། བླ་མ་དཀོན་མཆོག་ལ་མཆོད་པའི་ཡོ་བྱད་མེད་པ་རྣམས་ལ་ནོར་བྱིན་ཅིག་ཅེས་བཀའ་སྩལ་"པ་ལྟར་ཡིན་ནོ། །

    འཕགས་པ་ཕྱུགས་ནོར་སྲུང་ཞིང་སྤེལ་བ་ཞེས་བྱ་བའི་གཟུངས་ནི་གསེར་འོད་དང་གཟུངས་འདུས་ན་བཞུགས་ཤིང་འདི་ནོར་བུའི་ཕྲེང་བའི་རྒྱུད་ཀྱི་ལེའུ་བཅུ་དགུ་བ་ཡིན། "ནོར་བདག་ཆེན་པོ་ལྷའི་ལྷ། །ནོར་རྣམས་ཐམས་ཅད་སྲུང་ཞིང་སྤེལ། །ནོར་ལ་གནོད་བྱེད་བགེགས་རྣམས་ཀུན། །སྐད་ཅིག་ཉིད་ལ་ཐལ་བར་རློག ། ནོར་ནད་ཐམས་ཅད་རབ་ཏུ་བསྲུང་། །ཆོམ་རྐུན་གྱིས་ཀྱང་འཕྲོག་པར་དཀའ། །"ཞེས་དང་། "དགྲ་དང་ཆོམ་རྐུན་འཇིགས་ལ་སོགས། །དེ་དག་ཀུན་ལ་མི་འཇིགས་སྦྱིན། །ནོར་བཟང་ནོར་སྤེལ་སྲིན་པོའི་རྒྱལ། །རྒྱལ་བོའི་མཆོག་སྟེ་ནོར་རྣམས་སྲུངས། །ཞེས་གསུངས་པ་ལྟར་ནོར་བསྲུང་བའི་ཆེད་དུ་གསུངས་པའི་གཟུངས་ཤིག་ཡིན། གཟུངས་དེ་ཆོ་ག་བཞིན་གསུངས་པའི་ཕན་ཡོན་ནི། མཐའ་ན་ནུབ་གཅིག་གཉིས་གསུམ་བཏོན་ན། རིགས་ཀྱི་བུ་དེའི་ཁྱིམ་དང་། བང་མཛོད། གནས་ཁང་ཐམས་ཅད་དུ་གསེར་དང་། དངུལ་དང་། འབྲུ་དང་། རྟ་དང་། ལུག་དང་། གནག་དང་། གླང་བོ་ཆེ་དང་། མ་ཧེ་དང་། ཡོ་བྱད་ཐམས་ཅད་འཕེལ་ཞིང་གང་བར་འགྱུར་རོ། །"ཞེས་ནད་གདོན་འཇིགས་པ་ཐམས་ཅད་དང་བྲལ་ཞིང་། གཏེར་ཕུན་སུམ་ཚོགས་པ། འབྲུ་ནོར་ཚེ་བསོད། རིགས་རྒྱུད་དཔལ་དང་ལྡན་པར་གསུངས་སོ། །

འཕགས་པ་ནོར་བུ་བཟང་བོ་ཞེས་བྱ་བ་ནི་གཟུངས་འདུས་ན་བཞུགས་ཤིང་། དེ་ནི་བཅོམ་ལྡན་འདས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་དུས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་བོའི་བུས། དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མ་གང་ལ་ཞིག་གིས་སྙིང་བོ་འདི་ཉིན་རེ་བཞིན་དུས་གསུམ་དུ་འདོན་པར་བྱེད་ན། བདག་དེའི་ཕྱི་བཞིན་དུ་འབྲང་བར་བྱའོ། །དེའི་དགོས་པ་ཐམས་ཅད་བགྱིའོ། །གོས་དང་ཟས་དང་དབྱིག་དང་། གསེར་དང་། ནོར་དང་འབྲུ་དང་། དངུལ་དག་ཀྱང་སྩལ་བར་བགྱིའོ། །"ཞེས་ནོར་སྒྲུབ་པའི་ཆོ་ག་དང་གཟུངས་བཅས་གསུངས་སོ། །

འཕགས་པ་ཚོགས་ཀྱི་བདག་པོའི་གཟུངས་ནི་གཟུངས་འདུས་སུ་བཞུགས་ཤིང་།   དེ་ནི་སྟོན་པ་བྱ་རྒོད་ཕུང་བོར་བཞུགས་དུས་ཀུན་དགའ་བོ་ལ། "ཚོགས་ཀྱི་བདག་པོའི་སྙིང་བོ་འདི་འཛིན་ཅིང་། ཀློག་པའི་མི་དེའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཡིད་ལ་འདོད་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །གསང་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ནོར་དང་ལོངས་སྤྱོད་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །མ་སླང་མ་བཙལ་བར་རང་ཅི་འདོད་པའི་ཟས་ནོར་སྟེར་བར་འགྱུར་རོ། །"ཞེས་གསུངས་ཤིང་། "གང་ལ་ལ་ཞིག་གིས་ཚོགས་དབང་ཕྱུག་གི་སྙིང་བོ་འདི་ཉིན་རེ་བཞིན་བཏོན་ན། མི་དེ་ནི་ཚེ་འདི་ལ་བདེ་སྐྱིད་དང་ལྡན་པར་འགྱུར་རོ། །ཕྱུག་དང་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །དབུལ་བ་དང་ཕོངས་པའི་སྡུག་བསྔལ་མི་འབྱུང་། མི་ཀུན་གྱི་ཡིད་དུ་འོངས་པར་འགྱུར་རོ། །ལས་ཅི་དང་ཅི་བསམས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་ཡང་ནོར་དང་ལོངས་སྤྱོད་ཀྱིས་ཕོངས་པར་མི་འགྱུར་རོ"ཞེས་ཕན་ཡོན་དང་བཅས་གསུངས། 

ག་ན་པ་ཏིའི་གཟུངས་ཀྱང་གཟུངས་འདུས་ན་བཞུགས་ཤིང་། ཚོགས་ཀྱི་བདག་པོའི་སྤྲུལ་བ་སྤྲེའུའི་གཟུངས་ཡིན། "གཟུངས་འདི་ཅི་མང་བཟླས་ན། ཟས་དང་ནོར་གྱིས་ཕོངས་པར་མི་འགྱུར་རོ། །"ཞེས་དང་། "གནོད་སྦྱིན་རྣམས་ཀྱིས་གཏེར་ཁ་འབྱེད་ཅིང་། སྐྱེ་བ་ཕྱི་མ་ལ་ཡང་ནོར་གྱི་གཏེར་ཆེན་པོ་རྙེད་པར་འགྱུར་རོ། །"ཞེས་གསུངས། 

འཕགས་པ་ཚོགས་ཀྱི་བདག་པོ་རིན་པོ་ཆེའི་མཛོད་དང་། འབྲུ་དང་ལོངས་སྤྱོད་སྤེལ་བ་ཞེས་བྱ་བའི་གཟུངས་ནི་གཟུངས་འདུས་ན་བཞུགས་ཤིང་། མདོ་དེ་ལས། རིན་ཆེན་མཛོད་དང་གཏེར་ཕྱུག་བདག ། འབྲུ་དྲུག་བདག་དང་ལོངས་སྤྱོད་བདག ། ཀུན་དབང་རྒྱལ་བོ་འཇིག་རྟེན་དཔལ། །བཙུན་པོ་ལེགས་སྦྱིན་དག་པའི་དབང་། །འཁོར་སྒྱུར་བྲན་རྣམས་ཡངས་པའི་སྦྱིན། །དེ་སོགས་དཔག་ཏུ་མེད་པ་རྣམས། །ཡིད་འཐད་འཆང་དོན་རབ་ཏུ་འགྲུབ། །མི་ཟད་དཔག་མེད་མྱུར་འགྲུབ་གསོལ། །ཞེས་གསུངས་པ་ལྟར་རིན་ཆེན་མཛོད་དང་། གཏེར། ཞིང་དང་ལོ་ཏོག་སྐྱེད་ཚལ་མཐའ་དག་སྲུང་ཞིང་སྤེལ་བའི་ཆེད་དུ་གསུངས་པ་ཞིག་ལགས་སོ། །

འཕགས་པ་དངོས་གྲུབ་འབྱུང་བ་ནོར་བདག་རྐང་འགྲོ་དང་གཡུལ་ལས་རྒྱལ་བའི་གཟུངས་ནི་གཟུངས་འདུས་ན་བཞུགས་ཤིང་། དེ་ནི་གནོད་སྦྱིན་ཨ་པ་ར་ཏི་ཏ་རྐང་འགྲོ་འཕེལ་ཞིང་ལུག་ནད་ཞི་བར་བྱེད་པའི་གཟུངས་ཤིག་ཡིན་ལ་དེ་བཞིན། འཕགས་པ་ཛམ་བྷ་ལའི་ལུག་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས་དང་། འཕགས་པ་རྟ་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས། ཁྱུ་མཆོག་རྟ་རྣམས་འཕེལ་བར་བྱེད་པའི་རེ་མན་ཏ་ཞེས་བྱ་བའི་གཟུངས། འཕགས་པ་མགོན་པོ་ནག་པོའི་གཟུངས་སོགས་ཀྱང་གཟུངས་འདུས་ན་བཞུགས་སོ། །

གསུམ་པ། མདོ་རྒྱུད་བསྟན་བཅོས་དག་ལས་བྱུང་བའི་ནོར་ལྷ་དང་ནོར་ལྷའི་སྒྲུབ་ཐབས། 

    བོད་བརྒྱུད་ནང་བསྟན་དུ་ལས་སྣ་ཚོགས་སྒྲུབ་པའི་ལྷ་མང་བོ་ཞིག་བཤད་ཡོད་ལ་དེ་དག་གི་སྒྲུབ་ཐབས་ཀྱང་མང་བོ་ཞིག་གསུངས་ཡོད། སྒྲུབ་ཐབས་དེ་དག་ནི་ལྷའི་ཆེད་དུ་ལྷ་སྒྲུབ་པ་མ་ཡིན་པར་ལས་དེ་དག་གི་ཆེད་དུ་ལྷ་སྒྲུབ་པ་རེད། ལས་དེ་དག་ནི་རང་ཉིད་དང་འབྲེལ་ཡོད་ལ་གཞན་དོན་དང་འབྲེལ་ཡོད་ཅེས་བཤད་ན་ཤིན་ཏུ་འགྲིག རང་ཉིད་དང་གཞན་ནི་ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་འགལ་བ་མེད་པ་ཞིག་ཡིན་ལ། ཡང་ན་དེའི་བར་ན་འགལ་བ་ཆེན་པོ་ཞིག་ཡོད། དེ་བཞིན་དུ་བོད་བརྒྱུད་ནང་བསྟན་དུ་ནོར་ལྷ་དང་ནོར་ལྷའི་སྒྲུབ་ཐབས་གང་མང་ཞིག་གསུངས་ཡོད། མིག་སྔའི་དཔྱད་གཞི་དག་ཏུ་ཆ་ཚང་བའི་སྒོ་ནས་སྡོམ་རྩིས་བྱས་པ་ཞིག་མེད་མོད་དེའི་སྐོར་གྱི་ཡིག་ཆ་གལ་ཆེན་མང་བོ་ཡོད། ཉེ་བའི་དུས་འདིར་སྐུ་ཞབས་འཇིགས་མེད་ཆོས་ཀྱི་རྡོ་རྗེ་ལགས་ཀྱིས། བོད་བརྒྱུད་ནང་བསྟན་གྱི་ལྷ་ཚོགས་ཆེན་མོའིནང་དུ། ནོར་ལྷའི་སྐོར་གྱི་ལྷ་མང་བོ་ཞིག་བཀོད་ཡོད་པ་དང་། ཐེ་ཝན་ནས་རྩོམ་སྒྲིག་བྱས་པའི་ནང་བསྟན་ཀུན་འདུས་ཀྱི་དཔེ་ཚོགས་ཀྱི་ནང་དུ། ཆེད་དུ་ནོར་ལྷའི་སྐོར་གྱི་དེབ་ཅིག་ཡོད། དེ་གཉིས་ནི་ནང་བསྟན་དཔལ་འབྱོར་རིག་པའི་ནང་དུ་ནོར་ལྷའི་ཆེས་གལ་ཆེ་བའི་དཔེ་ཆ་གཉིས་རེད། 

    ནང་བསྟན་ལ་ཆ་རྒྱུས་ཡོད་པ་ཞིག་ཡིན་ན་ནོར་སྦྱིན་མ་ཛམ་བྷ་ལའི་ནོར་སྦྱིན་གྱི་ལྷ་གཉིས་ཡོད་པ་སུས་ཀྱང་ཤེས་ངེས། ཡིན་ན་ཡང་། བོད་བརྒྱུད་ནང་བསྟན་གྱི་འཕྲིན་ལས་སྒྲུབ་པའི་ལྷ་དག་ནི་ནོར་ལྷ་མིན་ཡང་ཅི་འདོད་པའི་དངོས་གྲུབ་སྟེར་བར་བྱེད་པ་ཡིན་པས་དཔལ་འབྱོར་དང་འབྲེལ་བ་མེད་པ་ཞིག་དཀོན། ཡིན་ན་ཡང་། ལྷ་སྐོར་ཞིག་ཆེད་དུ་རྒྱུ་ནོར་སྦྱིན་པའི་ལྷ་རུ་གཏན་འཁེལ་བྱས་ཡོད། དཔེར་ན། སྒྲོལ་མ་ནོར་སྦྱིན་མ་དང་ཕོངས་སེལ་སྒྲོལ་མ་ལྟ་བུ་ཡིན། གཞན་ཡང་རྒྱལ་བོ་ཆེན་པོ་བཞི་དང་གནོད་སྦྱིན་ཕོ་མོ་གང་ཞིག་གིས་ཀྱང་ཆེད་དུ་ཆོས་སྒྲུབ་པ་དང་དེའི་སྦྱིན་བདག་དག་ལ་ནོར་སྟེར་བའི་ཆོ་ག་མང་དུ་གསུངས་ཡོད་པས་དེ་དག་ཀྱང་ནོར་ལྷ་མིན་ཞེས་བཤད་དཀའ་བ་རེད། གཤམ་དུ་བདག་གིས་ནོར་ལྷའི་སྐོར་ཅུང་ཟད་བརྗོད་པར་བྱ། 

དང་བོ། སྒྲོལ་མ། རྗེ་བཙུན་སྒྲོལ་མ་ནི་འཕྲིན་ལས་སྒྲུབ་པའི་ལྷག་པའི་ལྷ་མོ་ཞིག་ཡིན་ལ་དེ་ལ་རིགས་མི་འདྲ་བ་མང་དུ་ཡོད་དེ་སྒྲོལ་མ་ཉེར་གཅིག་དང་། ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག སྒྲོལ་མ་དེ་དག་ནི་ལས་སྣ་ཚོགས་སྒྲུབ་པར་བྱེད་པ་ཡིན་པས་ཀུན་གྱི་ཕོངས་པའི་སྡུག་བསྔལ་སེལ་བར་བྱེད་པ་ལ་ཐེ་ཚོམ་ཅི་ཡང་མེད་མོད་ཀྱང་། ཆེད་དུ་ཕོངས་པ་སེལ་བར་བྱེད་པའི་ལས་ལ་འཇུག་པའི་སྒྲོལ་མ་ནི་ཕོངས་སེལ་སྒྲོལ་མ་དང་སྒྲོལ་མ་ནོར་སྦྱིན་མ་ཁྲོ་ཕུའི་ལུགས་དང་། སྒྲོལ་མ་ནོར་སྦྱིན་མ་གཙོ་འཁོར། ཕོངས་སེལ་སྒྲོལ་མ་གཉིས་ཡིན། 

གཉིས་པ། ནོར་སྦྱིན་མ། ནོར་སྦྱིན་མ་ལ་ནོར་སྦྱིན་མའི་རྟོག་ཆུང་ལ་བརྟེན་པའི་ལྷ་མོ་ནོར་སྦྱིན་མ་ལྷ་བཅུ་དགུ་དང་། ནོར་སྦྱིན་མ་ཛ་མ་རིའི་ལུགས། ནོར་སྦྱིན་མ་སེར་མོ།   གཟུངས་ལས་བྱུང་བའི་ལྷ་མོ་ནོར་སྦྱིན་མ། ནོར་སྦྱིན་མ་བ་ལང་རྫི། ཡིད་འཕྲོག་མ་ནོར་སྦྱིན་མ། ནོར་སྦྱིན་མ་དམར་མོ་ས་ལུགས། ནོར་སྦྱིན་མ་ལྷ་ལྔ། གུར་ནས་གསུངས་པའི་ནོར་སྦྱིན་མ་བཅས་རིགས་མི་འདྲ་བ་དགུ་ཡོད་ཅིང་ལྷ་མོ་ནོར་སྦྱིན་མ་ནི་མདོ་སྡེ་ཆེན་པོ་སྤྲིན་ཆེན་པོ་ལས་བྱུང་ཞིང་། རང་རང་གི་རྟོག་པ་ལས་ཀྱང་འབྱུང་། ནོར་སྦྱིན་མའི་སྒྲུབ་ཐབས་དང་ཕན་ཡོན་སོགས་སྟོན་པས་རྒྱལ་བའི་ཁབ་ཏུ་ཁྱིམ་བདག་བཟང་སྐྱོང་སོགས་ཀྱི་ཆེད་དུ་གསུངས། ལྷ་འདི་བསྒྲུབས་ན་ཆོས་མཐུན་གྱི་དཔལ་འབྱོར་རྒྱས་པ་དང་། གཡང་ཆགས་པ་སོགས་ཀྱི་ཕན་ཡོན་གསུངས་ཤིང་གནོད་སྦྱིན་མོའི་རིགས་ཀྱི་རྣམ་པ་བསྟན་པས་ལས་འགྲུབ་སླ་བར་ཡང་བཤད། འདི་ལ་ནོར་སྦྱིན་མའི་གཟུངས་དང་རྟོག་པ། མཚན་བརྒྱ་རྩ་སོགས་ཡོད། 

གསུམ་པ། ཛམ་བྷ་ལ། ཛམ་བྷ་ལ་ནི་ནོར་གྱི་ལྷ་ཁྱད་པར་ཅན་ཞིག་ཡིན་ཏེ་ཇོ་བོ་རྗེས་འདི་སྒྲུབ་པའི་གང་ཟག་ལ་དགོས་པ་གཉིས་ཡོད་དེ། ཚེ་འདི་ལ་ནོར་གྱིས་མི་ཕོངས། ཕྱི་མར་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ། །འདི་ཉམས་སུ་ལེན་པ་ལ་ནོར་བདག་རང་གེའུ་མཛོད་ནས་གསུངས་པ་ལྟར་རབ་འབྲིང་མཐའ་གསུམ་བྱས་ནས་ཆུ་སྦྱིན་དང་གཏོར་མ་ནང་བར་གཏོང་ལ་རྣམ་པར་མི་རྟོག་པའི་གཟུངས་བརྒྱ་རྩ་རེ་ནུབ་རེ་མ་ཆགས་ན་ཤིན་ཏུ་སྐྱིད་ཅིང་ཟས་ནོར་ལྷུན་འགྲུབ་ཏུ་འོང་སྟེ། བསྒྲུབ་ནུས་པ་མི་འདུག་གསུངས་ནས་བཀའ་རྒྱ་དམ་པོར་མཛད་དོ། །འདི་ནི་གནོད་སྦྱིན་གྱི་རྣམ་པ་བཟུང་བས་འགྲུབ་སླ་བ་དང་། འདི་གཙོ་བོ་བྱ་རྒྱུད་འཇིག་རྟེན་པའི་རིགས་དང་། གོང་མ་འཕགས་པའི་རིགས་གཉིས་ཡོད་པར་གསུངས། འདི་ལ་གར་མཛད་མཆོག་གི་རྟོག་པ་དང་། ནོར་བུ་བཟང་བོའི་རྟོགས་པ་སོགས་དང་། སྒེག་པའི་རྡོ་རྗེའི་ཛམ་ལྷའི་སྒྲུབ་ཐབས། ཨ་བྷྱ་དང་མ་ཏི་ནོར་སྦྱིན་སོགས་ཀྱི་ཛམ་ལྷའི་སྒྲུབ་ཐབས་དང་། སངས་རྒྱས་ཡེ་ཤེས་ཀྱི་ཆུ་སྦྱིན་དབང་བོའི་སྒྲུབ་ཐབས་བཅས་ཡོད་དོ། །ཛམ་བྷ་ལ་དཀར་བོ་ལྷ་ལྔ་ཇོ་བོའི་ལུགས་དང་། དཔའ་བོའི་ཆིག་གྲུབ་ལས་བྱུང་བའི་ཛམ་བྷ་ལ་ལྷ་མང་། ཛམ་བྷ་ལ་སེར་བོ། མི་ཏྲ་ལྷ་དྲུག་གི་ནང་ཚན་གྱི་ཛམ་བྷ་ལ། འཕགས་ལུགས་ཛམ་བྷ་ལ། གསང་འདུས་ལས་བྱུང་བའི་ཛམ་སེར།   ཛམ་བྷ་ལ་དམར་བོ་སྲོག་སྒྲུབ་ས་ལུགས། ཛམ་དམར་ཆགས་པ་རྡོ་རྗེ། གྲྭ་བ་མངོན་ཤེས་ལུགས་ཀྱི་ཛམ་བྷ་ལ་དམར་བོ། ཛམ་བྷ་ལ་ལྗང་ཁུ་དུས་འཁོར་ལུགས། ཛམ་བྷ་ལ་ནག་པོ་ཁ་ཆེ་པཎ་ཆེན་གྱི་ལུགས། ཛམ་བྷ་ལ་ནག་པོ། གུར་ནས་བཤད་པའི་ཛམ་བྷ་ལ་སེར་བོ། ཛམ་བྷ་ལ་ཕྱག་དྲུག་པ། ཛམ་ལ་སེར་བོ་ལྷ་དགུ་སོགས་ཡོད། 

བཞི་བ། རྣམ་སྲས། རྣམ་སྲས་ནི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བ་ས་བརྒྱད་པ་ལ་གནས་པ་དེ་སེམས་ཅན་དབུལ་ཞིང་ཕོངས་པ་རྣམས་སྐྱོང་བའི་དོན་དུ་བྱང་ཕྱོགས་སྐྱོང་བའི་གནོད་སྦྱིན་གྱི་རྒྱལ་བོའི་སྐྱེ་བ་བཞེས་ཤིང་། འབྱོར་བ་ནམ་མཁའི་མཛོད་ལ་མངའ་བརྙེས་ཏེ་སེམས་ཅན་དབུལ་ཞིང་ཕོངས་པ་ཚིམ་པར་མཛད་པ་སྟེ་མདོར་ན་ཐེག་པ་ཆེ་ཆུང་དང་། བཀའ་མདོ་རྒྱུད་ཐམས་ཅད་ནས་གསུངས་ཤིང་། སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་བཀའ་སྲུང་དམ་པར་མངའ་གསོལ། གཞིའི་རྒྱུད་ལ་གར་མཁན་མཆོག་གི་རྟོག་པ་དང་། རྣམ་སྲས་རྒྱུད་སྣ་ཚོགས་སྒྲུབ་པ། རིན་ཆེན་འབྱུང་བ་དང་སྣ་ཚོགས་དག་པ་སོགས་བཞུགས། 

རྣམ་སྲས་ལ་རྣམ་སྲས་སེར་ཆེན་དང་། རྣམ་སྲས་ལྗང་སེར་བེ་ཅོན་ཅན། རྣམ་སྲས་དྲག་བྱེད། རྣམ་སྲས་གདུང་དམར་རྟ་སྔོན་ཅན། རྣམ་སྲས་ལྗང་གུ་སེང་བཞོན་མ། རྣམ་སྲས་དམར་བོ་གར་མཁན་མཆོག རྣམ་སྲས་གསུང་ཅན་ལུས་ངན་པོ། རྣམ་སྲས་ནག་པོ་རྟ་སྔོན་ཅན། རྣམ་སྲས་དཀར་བོ་ཚེ་འཛིན། རྣམ་སྲས་ཡང་གསང་ཕྱག་མཚན་བཞི་བ་བཅས་ཡོད། 

ལྔ་བ། ལྷ་ཆེན་ཚོགས་ཀྱི་བདག་པོའི་སྐོར། ལྷ་ཆེན་ཚོགས་ཀྱི་བདག་པོ་ནི་ལྷའི་རིགས་ཡིན་ལ་དྲག་པོ་སུས་ཀྱང་ཐུལ་དཀའ་བ་ཞིག་ཡིན་པ་སྔོན་ཐུགས་རྗེ་ཆེན་པོའི་མཐུ་སྟོབས་ཀྱིས་གཟིར་ཏེ་དམ་ལ་འདོགས་པའི་ཚེ། ཁོས་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་ཅིང་། བསླབ་པ་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཕྲིན་ལས་བྱེད་པ་དང་། ལོངས་སྤྱོད་ཐམས་ཅད་སྒྲུབ་པས་དམ་བཅས་པས་ནང་བའི་ནོར་སྒྲུབ་པ་རྣམས་ཀྱིས་དམིགས་སུ་འཛིན་པ་ཞིག་ཡིན་ལ་འདི་ལ་ཇོ་བོས་གདན་དྲངས་པའི་ཚོགས་བདག་གི་རྒྱུད་དངོས་གྲུབ་འབྱུང་བ་དེའི་སྙིང་བོ་སོགས་ཡོད། ཚོགས་བདག་ལ་རིགས་མང་དུ་ཡོད་དེ། ཚོགས་བདག་དམར་ཆེན། གསེར་ཆོས་ཚོགས་བདག་དཀར་བོ་ཆགས་པའི་རྡོ་རྗེ་གཙོ་འཁོར་བཞི། གསེར་ཆོས་ཚོགས་བདག་དཀར་བོ་ཕྱག་བཞི་བ་ཇོ་བོའི་ལུགས། ཚོགས་བདག་དཀར་བོ་ཕྱག་བཞི་བ་ཇོ་བའི་ལུགས། ཚོགས་བདག་ཆགས་པ་རྡོ་རྗེ། ཚོགས་བདག་སེར་བོ། ཚོགས་བདག་དམར་བོ་ཕྱག་བཞི་བ་སོགས་འཁོར་གནོད་སྦྱིན་མང་བོ་ཡོད། 

གསུམ་པ། བསྟན་བཅོས་ལས་བསྟན་པའི་ནང་བསྟན་དཔལ་འབྱོར་རིག་པའི་གཞུང་ལུགས།

     དང་བོ། ནང་བསྟན་གྱི་མི་ཆོས་རིག་པ་ལས་བྱུང་བའི་དཔལ་འབྱོར་རིག་པའི་གཞུང་ལུགས། 

ནང་བའི་བསྟན་བཅོས་ལས་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་གཉིས་ཡོད་དེ། དམ་པ་ལྷ་ཆོས་ནི་ཚང་མས་ཤེས་གསལ་ལྟར་དང་འཇིག་རྟེན་མི་ཆོས་ནི་འཇིག་རྟེན་སྐྱེས་བུའི་འགྲོ་འདུག་སྤྱོད་གསུམ་གྱི་སྐོར་ཡིན། ང་ཚོར་མི་ཆོས་རིག་པའི་བསྟན་བཅོས་མང་བོ་ཡོད་མོད་དེ་ལས་ཕུལ་དུ་བྱུང་བ་ནིས་སྐྱའི་ལེགས་བཤདདངརྒྱལ་བོའི་ལུགས་ཀྱི་བསྟན་བཅོསགཉིས་ཡིན། འདི་གཉིས་ཀྱིས་བདག་ཅག་གི་སྟོན་པའི་གསུང་གི་མི་ཆོས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་མགོན་པོ་ཀླུ་སྒྲུབ་སོགས་ཀྱི་ནང་བའི་མི་ཆོས་ཀྱི་བསྟན་བཅོས་གཞིར་བཟུང་ནས་གཏན་ལ་ཕབ་པའི་ནང་བསྟན་གྱི་མི་ཆོས་རིག་ པའི་བསྟན་བཅོས་ཕུལ་དུ་བྱུང་བ་ཞིག་ཡིན་པ་མ་ཟད། ད་ལྟ་འཛམ་གླིང་དུ་ཆེས་ཕུལ་དུ་ བྱུང་བའི་མི་ཆོས་ཀྱི་བསྟན་བཅོས་ཡིན་ཞེས་བཤད་ན་འགལ་བ་མེད། 

དང་བོ། ནང་བསྟན་གྱི་མི་ཆོས་རིག་པ་བྱུང་བའི་དཔལ་འབྱོར་རིག་པའི་གཞུང་ལུགས།

    ནང་བའི་བསྟན་བཅོས་ལས་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་གཉིས་ཡོད་དེ། དམ་པ་ལྷ་ཆོས་ནི་ཚང་མས་ཤེས་གསལ་ལྟར་དང་འཇིག་རྟེན་མི་ཆོས་ནི་འཇིག་རྟེན་སྐྱེས་བུའི་འགྲོ་འདུག་སྤྱོད་གསུམ་གྱི་སྐོར་ཡིན། དེ་ལ་མི་ཆོས་དཀར་ནག་ཁྲ་གསུམ་ཡོད་དེ། བཀའ་གདམས་པའི་གསུང་ལས། འཇིག་རྟེན་མི་ཆོས་དང་མཐུན་ན་ཆོས་མིན་ཞེས་པ་ནི་འཇིག་རྟེན་མི་ཆོས་ནག་པོ་ལ་བཤད་པ་ཡིན་ལ་ཆོས་དང་འཇིག་རྟེན་མི་ཆོས་མི་འགལ་བར་བཤད་པ་ནི་འཇིག་རྟེན་མི་ཆོས་དཀར་བོ་ལ་དགོངས་པ་ཡིན། ད་ལྟ་མང་བོ་ཞིག་གིས་འཇིག་རྟེན་མི་ཆོས་ཡིན་ན་དམ་པའི་ལྷ་ཆོས་དང་འགལ་བར་འཛིན་པ་ནི་ཆོས་འདུལ་བ་འཇིག་རྟེན་མི་ཆོས་དང་བསྟུན་ནས་མཛད་པ་མ་ཤེས་པའོ། །རྫ་དཔལ་སྤྲུལ་གྱི་ཞལ་ནས། དྲང་བོ་མི་ཡི་ཆོས་ལུགས་ཞེས་བྱ་སྟེ། །ཤིན་ཏུ་དྲང་ན་ལྷ་ཡི་ཆོས་ལུགས་ཡིན། །འཁྱོག་པོ་སྙིགས་མའི་སྤྱོད་པའི་ཆོས་ལུགས་ཏེ། །ཤིན་ཏུ་འཁྱོག་པོ་དམྱལ་བའི་ཆོས་ལུགས་ཡིན། །  ཞེས་གསུངས་པའི་མི་ཆོས་དེ་མི་ཆོས་དཀར་བོ་ཡིན་ཏེ་རྗེ་དེ་ཉིད་ཀྱིས། མི་ཡི་ཆོས་ལུགས་མཆོག་ཡིན་ཏེ། །མི་ཆོས་ཐམས་ཅད་འདི་རུ་འདུས། །ཞེས་མི་ཆོས་རིག་པའི་གལ་ཆེ་བའི་ཚུལ་དག་གསལ་ཞིང་དག་པའི་སྒོ་ནས་གསུངསཔ་ལྟར་རོ། །

   དེ་ལྟར་ནང་བསྟན་གྱི་འཇིག་རྟེན་མི་ཆོས་ནི་ཆོས་ལུགས་གཞན་དང་ཕྱི་གླིང་བའི་མི་ཆོས་དང་མི་མཐུན་པར་ཡ་རབས་སྤྱོད་བཟང་གི་དམ་པའི་ལྷ་ཆོས་དང་མི་འགལ་བ་ཞིག་ཡིན།འོ་ན་ཅིའི་ཕྱིར་ནང་བར་མི་ཆོས་རིག་པ་ཞིག་དགོས་ཞེ་ན་དེ་ནི་ས་སྐྱ་པཎ་ཆེན་གྱི་ཞལ་ནས། འཇིག་རྟེན་བྱ་བ་ལེགས་ཤེས་པ། །དེ་ཡིས་དམ་པའི་ཆོས་ལུགས་འགྲུབ། །དེས་ན་ཆོས་ལུགས་སྤྱོད་པ་དེ། །བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིན། །ཞེས་འཇིག་རྟེན་གྱི་བྱ་བའི་ལེགས་ཉེས་བླང་དོར་ལེགས་པར་ཤེས་ན་དེ་ཡིས་དམ་པའི་ཆོས་ལུགས་དང་ཐག་ཉེ་བའི་གནས་ལུགས་དེ་གསལ་བོར་བསྟན་པ་དང་། དེ་ལྟར་འཇིག་རྟེན་མི་ཆོས་ལམ་ནས་དམ་པའི་ལྷ་ཆོས་སྒྲུབ་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པར་བསྟན་ཡོད། དེ་ཡང་མཐར་གཏུགས་ན་ཆོས་ཀྱི་རྗེ་ས་སྐྱ་པཎ་ཆེན་གྱིས། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །དམ་པ་རྣམས་ཀྱི་སྤྱོད་ཚུལ་ཇི་འདྲ་ཞིག ། བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །ཞེས་རིགས་པས་དཔྱད་ན་འཇིག་རྟེན་གྱི་བླང་དོར་དང་དགེ་སྐྱོན་མཐའ་དག་ལེགས་པར་བསྒྲུབ་ཐུབ་པར་གསལ་བོར་གསུངས་ཤིང་། ཁྱད་པར་དུ། འཚོ་བྱེད་ཟས་སུ་སྒྲོ་བཏགས་ནས། །སྨན་གྱིས་ནད་ཆེན་གསོ་བ་ལྟར། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །བདག་གིས་དམ་པའི་ཆོས་འདི་བསྟན། །ཞེས་འཇིག་རྟེན་པའི་འགྲོ་ལུགས་དང་བསྟུན་ནས་དམ་པའི་ཆོས་སྒྲུབ་པ་ནི་ནང་བསྟན་གྱི་མི་ཆོས་རིག་པའི་དགོངས་དོན་ཡིན་པར་བསྟན་པ་དང་། ལེགས་བཤད་ཟླ་བའི་སྣང་བལས་ཀྱང་། འཇིག་རྟེན་མི་ཆོས་ལེགས་ཤེས་པ། །དེ་ལ་དམ་པའི་ཆོས་མི་དཀའ། །ཞེས་འཇིག་རྟེན་གྱི་མི་ཆོས་དམ་པའི་ལྷ་ཆོས་དང་མི་འགལ་བ་མ་ཟད་འབྲེལ་བ་ཡོད་ཅིང་འཇིག་རྟེན་མི་ཆོས་ནི་དམ་པའི་ལྷ་ཆོས་ཀྱི་རྨང་གཞིར་འགྲོ་བའི་གནས་ལུགས་དེ་གསལ་བོར་བསྟན་ཡོད། ལྷག་པརཤེས་རབ་བརྒྱ་བལས་ཀྱང་། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རུང་། །ལྷ་དང་མི་ཡི་ཐེམ་སྐས་ལས། །འཛེགས་ན་ཐར་བ་གམ་ན་འདུག །ཅེས་དམ་པའི་ལྷ་ཆོས་སྒྲུབ་པའི་སྔ་རོལ་ཏུ་འཇིག་རྟེན་མི་ཆོས་ཀྱི་ཐེམ་སྐས་ཀྱི་འཛེགས་རིགས་པ་གསལ་བོར་བསྟན་ཡོད། དེ་ལྟར་སྟོན་པའི་རྒྱུ་མཚན་ཡངརིན་ཆེན་ཕྲེང་བལས། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཅི་ཙམ་བཟོད་པའི་ཆོས་བསྟན་ཏོ། །ཞེས་པ་ལྟར་ཡིན་ནོ། །

དེ་བཞིན་ནང་བསྟན་དཔལ་འབྱོར་རིག་པ་ཡང་ནང་བསྟན་གྱི་མི་ཆོས་རིག་པའི་ཡ་ཀྱལ་ཞིག་ཡིན་པས་ན་མི་ཆོས་ཀྱི་བསྟན་བཅོས་ཆེན་པོ་འདི་དག་གི་ནང་དུའང་ནང་བསྟན་དཔལ་འབྱོར་རིག་པའི་གཞུང་མང་བོ་བསྟན་ཡོད་པས་བདག་གིས་ནང་བསྟན་གྱི་མི་ཆོས་ལས་བྱུང་བའི་དཔལ་འབྱོར་རིག་པའི་སྐོར་དཀྱུས་གཅིག་ཏུ་བསྒྲིག་པར་བྱའོ། ། འདི་ལྟར་གཅིག་ཏུ་བསྒྲིགས་པ་ནི་གཞུང་ལུགས་འགྲུབ་པའི་སྦྱོར་བ་ཞིག་སྟེ། སྦྱོར་བ་འདི་ལས་བདག་གིས་བོད་ཀྱི་མི་ཆོས་རིག་པ་ལས་བྱུང་བའི་ནང་བསྟན་དཔལ་འབྱོར་རིག་པ་ལ་འཇུག་པར་བྱའོ། །

དང་བོ། ནང་བསྟན་དཔལ་འབྱོར་རིག་པ་དགོས་དོན། 

    མི་ཆོས་ཀྱི་བསྟན་བཅོས་ཆེན་པོ་འདི་དག་ལས་དཔལ་འབྱོར་རིག་པའི་སྐོར་མང་དུ་བསྟན་སྟེ། དེ་ལྟར་སྟོན་པའི་རྒྱུ་མཚན་ཡང་འཇིག་རྟེན་དགེ་ཕྱོགས་སུ་ཁྲིད་པ་ནི་བསྟན་བཅོས་རྩོམ་པའི་དགོས་པ་ཡིན་པ་བཞིན་དཔལ་འབྱོར་ཕྱོགས་ནས་རྨོངས་པར་ཚུད་པའི་མི་དག་ལ་དགེ་བའི་ཕྱོགས་སུ་མ་ཁྲིད་ན་མི་རྣམས་ཀྱིས་མུན་འཐོམས་ཀྱི་དཔལ་འབྱོར་རིག་པ་ལ་བརྟེན་ནས་མི་ཚེ་ལོག་ལམ་དུ་འགྲོ་ཞིང་དཔལ་འབྱོར་ཀྱང་ལོག་ལམ་དུ་འགྲོ་བའི་རྐྱེན་བྱེད་པས་དེའི་འབྲས་བུ་དངོས་གནས་འཇིགས་སུ་རུང་བ་ཡིན། དེ་བས་ང་ཚོའི་མི་ཆོས་རིག་པ་ལས་དཔལ་འབྱོར་རིག་པ་བཤད་པའི་དགོས་པ་གྲུབ་པ་ཡིན། 

1དཔལ་འབྱོར་གྱི་ལྟ་བ། མི་ནི་དཔལ་འབྱོར་གྱིས་འཚོ་དགོས་པས་དཔལ་འབྱོར་ལ་ངོས་འཛིན་ཡང་དག་ཅིག་འབྱུང་བ་ནི་མི་ལ་མཚོན་ན་ཆེས་གལ་ཆེ་བ་ཡིན་ཏེ། གལ་ཏེ་དཔལ་འབྱོར་ལ་ལྟ་བ་ཡང་དག་པ་ཞིག་མེད་ན་མི་དཔལ་འབྱོར་གྱི་བྲན་གཡོག་ཏུ་འགྱུར་ངེས་ལ། དཔལ་འབྱོར་ནི་དུག་སྦྲུལ་གྱི་ཚང་ལྟ་བུར་འགྱུར་ངེས། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ལོངས་སྤྱོད་དག་ལ་སྨན་ལྟ་བུའི། །འདུ་ཤེས་ཉེ་བར་བཞག་བྱ་སྟེ། །  འདོད་པ་ལོག་པར་མི་སྤྱོད་ཅིང་། །མ་ཆགས་གང་རོལ་སྤྱད་བྱ་བདུན། །ཞེས་གསུངས་པ་ལྟར་དཔལ་འབྱོར་ནི་མི་ཚེ་མཐུན་རྐྱེན་ཞིག་དང་ཆོས་སྒྲུབ་པའི་ཆ་རྐྱེན་ཞིག གཞན་དོན་སྒྲུབ་བྱེད་ཀྱི་ཡན་ལག་ཅིག་ཡིན་པས་སྨན་གྱི་འདུ་ཤེས་གཟུང་དགོས། སྨན་གྱི་འདུ་ཤེས་འཛིན་པའི་བསམ་པ་ཡོད་ན་སྤྱོད་དུས་ཚིམ་མེད་དུ་མི་རོལ་ཅིང་། འཚོལ་དུས་ཀྱང་ཧམ་པས་མི་འཁྱེར་བ་ཡིན། སྲེད་པས་འཚོལ་ཞིང་ཧམ་པས་རོལ་ན་དུག་ལྟར་འགྱུར་བའི་ཉེན་ཁ་ཆེ་བས་སྨན་ལྟར་བདེ་བའི་རྐྱེན་དུ་བཟུང་ནས་མ་ཆགས་པར་རོལ་དགོས་པར་བསྟན་པ་འདི་ནི་ཤིན་ཏུ་གལ་ཆེ། 

2དཔལ་འབྱོར་སྒྲུབ་ཚུལ་གྱི་ལྟ་བ། མིའི་འཚོ་བ་ནི་དཔལ་འབྱོར་དང་འབྲལ་ཐབས་མེད་པ་ཞིག་ཡིན་པས་མི་ཞིག་ཡིན་ན་དཔལ་འབྱོར་འཚོལ་དགོས་པ་ནི་སྨོས་མ་དགོས་པ་ཞིག་ཡིན། དཔེར་ན་ཁྱིམ་པས་འཚོ་བའི་ཆེད་དུ་དཔལ་འབྱོར་དགོས་ལ་རབ་བྱུང་བར་ཡང་འཚོ་བའི་ཆེད་དུ་དཔལ་འབྱོར་དགོས་པ་རེད། ཡིན་ན་ཡང་། དཔལ་འབྱོར་གྱི་འཚོ་བ་དགོས་ཞེས་པ་ནི་དཔལ་འབྱོར་གྱི་དབང་དུ་འགྲོ་དགོས་ཞེས་པའི་དོན་གཏན་ནས་མིན། དཔལ་འབྱོར་སྒྲུབ་དུས་ཡང་དག་པར་བསྒྲུབ་དགོས་ཏེ་གནས་ལུགས་དེ་མ་ཤེས་པའི་དཔལ་འབྱོར་ནི་ཉེས་པ་ཀུན་གྱི་འབྱུང་གནས་ལས་མ་འདས་ཏེ། ལྷ་དང་དཔལ་འདུ་བའི་ནོར་བུལས། བསག་དང་བསྲུང་དང་བརླག་པ་ཡི། །ནོར་ལ་ཉེས་པ་ཤིན་ཏུ་མང་། །ས་གཞི་ནོར་གྱིས་གང་ན་ཡང་། །སྐྱེས་བོས་འདོད་པ་ངོམ་མི་འགྱུར། །ཞེས་གསུངས་པ་ལྟར་ནོར་ནི་མི་རྣམས་ཀྱི་དགེ་བའི་མཐུན་རྐྱེན་ལས་གཞན་དུ་ན་མི་ཡི་སྲེད་པ་ལ་ངོམ་པ་མེད་པས་དཔལ་འབྱོར་ལས་ཉེས་པ་མི་ཟད་པ་འབྱུང་བ་ཡིན།

3དཔལ་འབྱོར་སྤྱོད་ཚུལ་གྱི་ལྟ་བ། མིས་དཔལ་འབྱོར་སྒྲུབ་པ་ནི་སྤྱོད་པའི་ཆེད་དུ་ཡིན་ཞིང་དཔལ་འབྱོར་མ་སྤྱད་ན་དེའི་སྒྲུབ་པའི་དགོས་པ་མེད། དཔལ་འབྱོར་རིག་པ་ལས་དཔལ་འབྱོར་སྒྲུབ་པ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་དཔལ་འབྱོར་སྤྱོད་ཤེས་པ་དེ་ཡིན། གལ་ཏེ་སྤྱོད་མ་ཤེས་ན་དཔལ་འབྱོར་སྒྲུབ་པ་ནི་མི་རང་ཉིད་ངལ་བའི་དབང་དུ་སོང་བ་ཁོ་ནར་ཟད། དེ་བས་སྤྱོད་པའི་དུས་ལེགས་པར་སྤྱོད་ཅིང་དོན་དང་ལྡན་པར་སྤྱོད་པ་དང་། དུས་དང་མཐུན་པར་སྤྱོད་ཅིང་རྐྱེན་དང་འཚམ་པར་སྤྱོད་པ་ལས་ལོག་པར་རང་གཞན་ལ་གནོད་ཅིང་བག་མེད་རྒྱས་སྤྲོས་སོགས་ལུགས་དང་མི་མཐུན་པ་དང་རྐྱེན་དང་མི་མཐུན་པར་སྤྱོད་མི་རུང་། དེ་བས་དཔལ་འབྱོར་ཡང་དག་ཅིང་ཚུལ་མཐུན་པས་སྤྱད་ན་དགེ་བར་འགྱུར་ཞིང་གཞན་དུ་ན་མི་དགེ་བར་འགྱུར་ཏེ། ཆུ་ཤིང་གི་བསྟན་བཅོསལས། སེར་སྣས་བཅིངས་པའི་སྐྱེས་བོ་དེས། །ནོར་མང་ལྡན་ཡང་སྤྱོད་མི་ཤེས། །ཞེས་གསུངས་པ་ལྟར་སྤྱོད་ཚུལ་གྱི་མཛངས་བླུན་གྱི་ཁྱད་འབྱུང་ལ། དཔལ་འབྱོར་ལ་སྙིང་བོ་ལོན་མིན་དང་དགེ་མི་དགེའི་རྐྱེན་དུ་འགྱུར་མི་འགྱུར་འབྱུང་བ་རེད། དེ་བས་ང་ཚོས་ནང་བསྟན་ལ་དད་པ་བྱེད་མཁན་དག་གིས་གནས་ལུགས་འདི་ཤེས་པ་ནི་གལ་ཆེ་སྟེ་མང་བོ་ཞིག་དཔལ་འབྱོར་སྤྱོད་སྟངས་ཀྱིས་ཐད་ནས་ལོག་ལམ་དུ་འགྲོ་བཞིན་འདུག  དེ་བས། ཆུ་ཤིང་གི་བསྟན་བཅོསལས། སྤང་བླང་བྱ་བ་མ་འཆོལ་བར། །ཚུལ་བཞིན་སྤྱད་ན་དགེར་འགྱུར་ཏེ། །ཞེས་དཔལ་འབྱོར་བླང་དོར་ཚུལ་བཞིན་དུ་སྤྱད་ན་དགེ་བར་འགྱུར་ཏེ་ནང་བསྟན་དཔལ་འབྱོར་རིག་པའི་དགོས་པའི་གནད་ཀྱང་མཐར་ཐུག་ན་འདི་ལ་ཐུག་ཡོད།

མདོར་ནལྷ་དང་དཔལ་འདུ་བའི་ནོར་བུལས། གཡོ་ཞིང་སྙིང་བོ་མེད་པ་ཡིས། །ནོར་ལས་སྙིང་བོ་ཅིས་མི་ལེན། །ཞེས་གསུངས་པ་ལྟར་ནང་བསྟན་དཔལ་འབྱོར་རིག་པའི་དགོས་པ་ནི་དཔལ་འབྱོར་ལ་སྙིང་བོ་ལེན་པའི་ཆེད་དུ་ཡིན་ཏེ། དཔལ་འབྱོར་ལ་སྙིང་བོ་ལེན་པ་ནི་འབྱོར་ལྡན་ཞིག་ལ་མཚོན་ན་དེ་ནི་མི་ཚེ་ལ་སྙིང་བོ་ལེན་པའི་ཐབས་གལ་ཆེན་ཞིག་ཡིན་ཏེ། ལྷ་དང་དཔལ་འདུ་བའི་ནོར་བུལས། ཟན་སྐྱ་ཁམ་གང་གིས་ཉོས་པའི། །འཁོར་བསྒྱུར་དཔལ་དེ་ཅིས་མ་བསྒྲུབས། ཞེས་དཔལ་འབྱོར་ལ་སྙིང་བོ་ལེན་ཤེས་ན་ཟན་སྐྱ་ཁམ་གང་གིས་ཀྱང་འཁོར་ལོ་སྒྱུར་བའི་གོ་འཕང་བསྒྲུབ་ཐུབ་པར་གསུངས་སོ། །འདི་ལ་གནད་ཆེན་པོ་ཞིག་ཡོད་དེ། དཔལ་འབྱོར་ལ་སྙིང་བོ་ལེན་མི་ལེན་པ་ནི་དཔལ་འབྱོར་སྤྱོད་ཤེས་མིན་གྱི་སྟེང་དུ་ཡོད་ཅིང་སྤྱོད་མ་ཤེས་ན་དཔལ་འབྱོར་ཆོས་དང་འཇིག་རྟེན་གཉིས་ཀ་ཉམས་བྱེད་འབའ་ཞིག་ལས་མ་འདས་ཤིང་། ད་ལྟའི་དཔལ་འབྱོར་འདི་མ་འོངས་པའི་དབུལ་བར་འགྱུར་བའི་རྐྱེན་དུའང་གསུངས་ཏེ། སྔོན་ཆད་བྱིན་པས་འདིར་འབྱོར་ཀྱང་། །འདིར་མ་བྱིན་ན་ཕྱི་མར་དབུལ། །ཞེས་ནོར་བཀོལ་སྤྱོད་ཐད་ནས་བླང་དོར་ལེགས་པོ་ཞིག་སྟོན་པའི་ཆེད་དུ་ཡིན། 

དེ་བས་ནང་བསྟན་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་གྱི་སྙིང་བོ་ལེན་པ་ཞེས་པའི་ཚིག་འདིའི་སྟེང་ན་ཡོད་པར་འདོད། དེ་ཡང་མཐར་གཏུགས་ནས་བཤད་ན། ཆུ་ཤིང་གི་བསྟན་བཅོསལས། བླུན་རྨོངས་འབྱོར་བ་རྒྱ་ཆེ་ཡང་། །སྡུག་བསྔལ་རྒྱུ་ལས་མ་འདས་ཏེ། །གསེར་རིའི་བར་གྱི་རོལ་མཚོ་རྣམས། །རྟག་ཏུ་མུན་པའི་སྨག་གིས་ནོན། །ཞེས་གསུངས་པ་ལྟར་བླུན་རྨོངས་རྣམས་ལ་མི་ནི་དཔལ་འབྱོར་གྱི་བདག་པོ་ཡིན་པ་ལས་བྲན་གཡོག་མིན་པ་ཤེས་པའི་ཆེད་དང་། དཔལ་འབྱོར་ལ་སྙིང་བོ་ལེན་པ་སོགས་དཔལ་འབྱོར་ཐད་བླང་དོར་ཡང་དག་པ་ཞིག་སྟོན་པའི་ཆེད་དུ་ཡིན་ནོ། །

གཉིས་པ། དཔལ་འབྱོར་གྱི་ངོ་བོ། 

    ང་ཚོས་དཔལ་འབྱོར་རིག་པ་བཤད་པའི་ཐོག་མར་དཔལ་འབྱོར་ལ་ངོས་ཟིན་པ་ནི་ཤིན་ཏུ་གལ་ཆེ། ང་ཚོའི་མི་ཆོས་རིག་པ་ལས། དཔལ་འབྱོར་གྱི་ངོ་བོ་འདི་ལྟར་བསྟན་ཡོད་དེ། ཆུ་ཤིང་གི་བསྟན་བཅོསལས། བསམ་པ་བཟང་ན་འཇིག་རྟེན་གྱི། །བྱ་བ་ཀུན་ཀྱང་ཆོས་སུ་འགྲོ། །ཞེས་དགེ་མི་དགེ་ནི་སེམས་པ་བཟང་ངན་གྱི་རྗེས་སུ་འགྲོ་བར་བསྟན་པ་བཞིན་དཔལ་འབྱོར་ཀྱང་དེ་ལས་མ་འདས་ཏེ་དཔལ་འབྱོར་ལས་སྡིག་པ་གསོག་ལ་བསོད་ནམས་ཀྱང་གསག་ནུས་ཀྱང་དེ་ནི་དཔལ་འབྱོར་རང་ངོས་ནས་མ་ཡིན་པར་མིའི་སེམས་པ་དང་འབྲེལ་ཡོད། ནང་བསྟན་དཔལ་འབྱོར་རིག་པ་ལས་རབ་བྱུང་བ་ལ་ཡང་དཔལ་འབྱོར་གྱི་ཐད་ནས་ཁ་ཕྱོགས་ཡང་དག་ཅིག་བསྟན་དགོས་མོད་གཙོ་བོ་ཁྱིམ་པའི་དབང་དུ་བྱ་དགོས་པ་ཡིན་ཏེ་ཁྱིམ་པས་ནོར་གསོག་པ་དང་རང་གིས་སྤྱོད་པ། མཆོད་སྦྱིན་སོགས་ལ་བློ་མིག་རྒྱས་པའི་ཆེད་དུ་ཡིན། སྤྱིར་ན་འཇིག་རྟེན་པ་ནི་བདེ་སྐྱིད་གཉེར་བ་ཡིན་པས་དེ་དཔལ་འབྱོར་ལ་འབྲེལ་བ་ཡོད་དེ། ཚེ་འདིའི་བདེ་སྐྱིད་མཆོག་གཉིས་ཏེ། །ཅི་འདོད་ཕུན་སུམ་ཚོགས་པ་དང་། །གཅིག་ཤོས་འདུ་འཛི་སྤང་བ་འོ། །ཞེས་ཇི་འདོད་ཕུན་སུམ་ཚོགས་པ་ཚེ་འདིའི་བདེ་སྐྱིད་དང་། འདུ་འཛི་སྤངས་པའི་བདེ་སྐྱིད་གཉིས་བཤད་པས་ཁྱིམ་པས་ཚེ་འདིའི་བདེ་སྐྱིད་ལ་སྙིང་བོ་ལེན་པའི་ཆེད་དུ་ཡིན་ནོ། །དེ་ནི་གཤམ་གྱི་གཞུང་འདི་དག་གིས་འགྲུབ་སྟེ། 

1དཔལ་འབྱོར་མི་དང་འབྲལ་ཐབས་མེད་པ། དཔལ་འབྱོར་ལ་བརྟེན་ནས་མིའི་བདེ་སྡུག་འབྱུང་བ་ཡིན་ཏེ། ས་སྐྱའི་ལེགས་བཤདལས། ནོར་གྱིས་མ་གདུང་སུ་ཞིག་ཡོད། །ཅེས་ནོར་མེད་ན་འཇིག་རྟེན་སྡུག་བསྔལ་འབྱུང་བ་མངོན་སུམ་དུ་གྲུབ་པས་འཇིག་རྟེན་འདིས་ནོར་གྱི་ཆེད་དུ་ངལ་བ་རྩོལ་སྒྲུབ་བྱེད་པ་ཡིན། དེ་བས་སྐྱེས་བོ་མཐའ་དག་ནོར་ལ་བརྟེན་ནས་བདེ་བ་དང་སྡུག་བསྔལ་འབྱུང་བཞིན་ཡོད་པས་དཔལ་འབྱོར་ནི་མི་དང་ཁ་འབྲལ་ཐབས་མེད་པའི་སྐོར་གསལ་བོར་བསྟན་ཡོད། འོན་ཀྱང་ཚིག་འདིས་དཔལ་འབྱོར་གྱི་ཆེད་དུ་ཡོད་ཚད་གཏོང་བའི་དོན་དུ་བཟུང་ན་རྩ་བ་ནས་གོ་ལོག་པ་ཡིན།

2དཔལ་འབྱོར་རང་གཞན་གྱི་དོན་སྒྲུབ་བྱེད་ཅིག་ཡིན་པ། མི་ནི་རང་དོན་དུ་འཚོ་བ་ཡིན་ནམ་གཞན་དོན་དུ་འཚོ་བ་ཡིན། འདི་ནི་ང་ཚོས་ཆེད་དུ་བསམ་དགོས་པ་ཞིག་རེད། ང་ཚོས་གསལ་བོར་ཤེས་པ་ནི་རང་ག་བའི་སྐྱེས་པོ་དག་ནི་རང་གཞན་གཉིས་ཀ་འདྲེས་མའི་བྱ་བ་བྱེད་པ་དེ་ཡིན། དེ་བས་མི་ཕལ་བ་ཞིག་ཡིན་ཡང་རུང་། དཔོན་པོ་ཞིག་ཡིན་ཡང་རུང་། རྒྱལ་བོ་ཞིག་ཡིན་ཡང་རུང་། རང་ལ་འཇིག་རྟེན་འདིར་འཐོབ་འོས་པའི་ཐོབ་ཐང་ཞིག་དགོས་ལ། རང་གི་ཚོད་དང་མཐུན་པའི་གཞན་དོན་ཞིག་ཀྱང་བསྒྲུབ་དགོས། དེ་བས་ཙ་ན་ཀའི་ལུགས་ཀྱི་བསྟན་བཅོསལས་ཀྱང་། ནོར་མེད་སྐྱེས་བོ་བུད་མེད་སྤོང་བྱེད་ཅིང་། །རྒྱལ་སྲིད་ཉམས་ན་བློན་པོས་སྤོང་བར་བྱེད། །ཅེས་ནོར་མེད་པའི་སྐྱེས་བུ་འཇིག་རྟེན་པ་ཞིག་ལ་མཚོན་ན་རྒྱལ་སྲིད་ཉམས་པའི་རྒྱལ་བོ་དང་འདྲ་བར་གཞན་དོན་ཕར་ཞོག་རང་གི་དོན་ཡང་ལེགས་པོ་མི་འཁྱོངས་པ་དེ་གསལ་བོར་བསྟན་པས་མི་ཞིག་ཡིན་ན་རང་ལ་འོས་ཤིང་འཚམ་པའི་དཔལ་འབྱོར་ཞིག་དགོས་པར་གསུངས། 

3འབྱོར་ལྡན་གྱི་ངག་ལ་གཙིགས་ཆེན་བྱེད་པ། འཇིག་རྟེན་འདི་མཚམས་ལ་ལར་བདེན་པ་གཙིགས་སུ་བྱེད་པའི་སྐྱེས་བོས་གང་བ་ཞིག་ཏུ་མངོན་ན་ཡང་། སྐབས་ལ་ལར་རི་བོང་གི་ཅལ་འདྲོགས་བྱེད་པའི་ཁོར་ཡུག་ཅིག་དང་འདྲ། ང་ཚོས་འཚོ་བ་དངོས་ལས་མཐོང་བ་ནིས་སྐྱའི་ལེགས་བཤདལས། གང་ལ་ནོར་ཡོད་སྨྲ་བ་མཛེས། །ནོར་མེད་སྨྲ་བ་བདེན་ཡང་སྤོང་། །ཞེས་པ་ལྟ་བུར་བདེན་པ་ནི་རྒྱུ་ནོར་དང་དབང་གྲགས་ཀྱི་རྗེས་སུ་འབྲངས་བཞིན་ཡོད། ས་སྐྱ་པཎ་ཆེན་གྱིས་མི་མང་བོ་ཞིག་གི་དཔལ་འབྱོར་དེ་མིའི་གོ་ས་དང་སྐད་ཆའི་ནུས་པ་འབྱུང་མིན་གྱི་གནད་དུ་འཛིན་པ་དེ་གསལ་བོར་བསྟན། འདི་ནི་སའི་མཇུག་རྟེན་གྱི་སྐྱེས་པོ་ཕལ་བའི་ཚུལ་བསྟན་པ་ལས་བདག་ཅག་གི་སྟོན་པ་ལྟ་བུ་དཔལ་འབྱོར་ཅི་ཡང་མེད་ན་ཡང་ཁོང་གི་གསུང་དེ་འཛམ་གླིང་གི་སྐྱེས་བོ་དག་གིས་སྐྱེས་པོ་བཀུར་བ་དེ་ལྟ་བུ་མི་འབྱུང་བ་བསྟན་པ་མ་ཡིན་པ་ཤེས་དགོས།

4འབྱོར་བ་ལྡན་ན་ཀུན་གྱིས་མཐོང་ཆེན་བྱེད་པ། འཇིག་རྟེན་གྱི་སྐྱེས་བོ་དག་གིས་མཐོང་ཆེན་བྱེད་མིན་དེ་རང་ག་བའི་སྐྱེས་པོ་ཞིག་ལ་དགོས་པ་དེ་འདྲ་མི་ཆེ་ཡང་གཞན་དོན་སྒྲུབ་མཁན་ཞིག་ལ་མཚོན་ན་དེ་ནི་ཤིན་ཏུ་གལ་ཆེ་བ་སྟེ། ཀུན་གྱིས་མཐོང་ཆེན་མ་བྱས་ན་རང་གི་གཞན་དོན་སྒྲུབ་པའི་དོན་མང་བོ་ཞིག་གི་སྒོ་འགོག་པས་སོ། །དེ་བསཆུ་ཤིང་གི་བསྟན་བཅོསལས། ལོངས་སྤྱོད་དཔལ་དང་མི་ལྡན་ན། །རིགས་རུས་མཐོ་ཡང་དགོས་པ་ཆུང་། །ཞེས་གསུངས་པ་ལྟར་འཇིག་རྟེན་པ་ཞིག་ཡིན་ན་ལོངས་སྤྱོད་དགོས་པ་ལས་རིགས་རུས་མཐོ་བ་ཙམ་གྱི་དགོས་པ་ཆུང་བར་བསྟན། དེའི་ལྟ་བུའི་སྤྱོད་ཚུལ་དེ་ལུགས་དང་མཐུན་མིན་གང་ལྟར་ཡང་ང་ཚོའི་སྤྱི་ཚོགས་འདི་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ཆགས་འདུག

5སྟོབས་ཆེ་མིན་དེ་ནོར་དང་འབྲེལ་བ། མི་ཞིག་ཡིན་ནའང་འདྲ། མི་རིགས་ཤིག་ཡིན་ནའང་འདྲ། རྒྱལ་ཁབ་ཅིག་ཡིན་ནའང་འདྲ། དེར་སྟོབས་གང་ཞིག་འབྱུང་མིན་དེ་དཔལ་འབྱོར་གྱི་ཚད་ག་འདྲ་ཞིག་ཡོད་མེད་ལ་ཐུག་ཡོད། དེ་བས་རང་ཉིད་སྟོབས་ལྡན་པར་དཔལ་འབྱོར་གྱི་འཕེལ་ཕྱོགས་ཚད་གང་འདྲ་ཞིག་ཏུ་སླེབས་མིན་ནི་ངེས་པར་བསམ་དགོས་པ་ཞིག་ཡིན་ཏེ། ས་སྐྱའི་ལེགས་བཤདལས། ནོར་གྱིས་འབྱོར་ན་སྟོབས་ཀྱང་འཕེལ། །ནོར་མེད་པ་ལ་སྟོབས་ཀྱང་འབྲི། །ཞེས་གང་ཞིག་གི་སྟོབས་རྒྱས་མིན་དེ་དཔལ་འབྱོར་ལ་ཐུག་ཡོད་པའི་གནས་ལུགས་གསལ་བོར་བསྟན་ཡོད་ཅིང་དེང་གི་སྤྱི་ཚོགས་ལ་བལྟས་ནའང་ཆེས་གསལ་ཞིང་ལྷག་པར་དཔལ་འབྱོར་དེ་ཚན་རིག་དང་འབྲེལ་བའི་ཆེད་དུ་ཨ་རི་སོགས་ཀྱི་ཤེས་ཡོན་དཔལ་འབྱོར་དར་སྤེལ་བཏང་བ་ལྟར་རོ། །

གོང་གི་ཚན་པ་གཉིས་པ་དང་གསུམ་པ་བཞི་བ་གསུམ་ནི་མིའི་གནད་དོན་ལས་དཔལ་འབྱོར་གྱི་གནད་དོན་མིན་ན་ཡང་། མིའི་གནད་དོན་འདི་ཐག་གཅོད་བྱེད་དཔལ་འབྱོར་ལ་ཐུག་པས་ང་ཚོས་ངེས་པར་དུ་གླེང་དགོས་པ་ཞིག་ཏུ་གྱུར། ཡིན་ན་ཡང་། ནང་བསྟན་དཔལ་འབྱོར་རིག་པའི་དགོངས་དོན་ནི་དཔལ་འབྱོར་གྱིས་རང་ཉིད་བག་མེད་རྒྱས་སྤྲོས་བྱེད་པ་དེ་མ་ཡིན་པར་སྙིང་བོ་བླང་བའི་ཆེད་དུ་སྟེ། དཔལ་འབྱོར་ལ་སྲེད་པའི་མེ་ལྕེ་སྦར་དགོས་པ་མ་ཡིན་པར་འདོད་ཆུང་ཆོག་ཤེས་བྱེད་པ་དང་། ཆོག་ཤེས་དེ་ཡང་གསོག་པའི་དུས་དང་འཚོལ་བའི་སྐབས། སྤྱོད་པའི་དུས་གང་དུ་ཡང་མེད་མི་རུང་བ་ཞིག་ཡིན། ཆོག་ཤེས་དང་འགལ་བ་ནི་སྲེད་པ་ཡིན་ལ་དེ་མེ་ལྕེ་བཞིན་འབར་བས་དེའི་མཁོ་བ་སོལ་པའི་གཏེར་ཁ་ཞིག་འཇིག་རྟེན་འདི་ན་གཏན་ནས་མེད། དེ་བས་ཆོག་ཤེས་ནི་དཔལ་འབྱོར་ལ་སྙིང་བོ་ལེན་པའི་རྨང་གཞི་ཡིན་ལ། དཔལ་འབྱོར་གྱི་སྙིང་བོ་ལེན་པ་ལ་རང་དང་གཞན་གྱི་མཐུན་རྐྱེན་དུ་འགྱུར་བ་ཞིག་དགོས། ཆོག་ཤེས་ཡོད་ན་དཔལ་འབྱོར་རང་གཞན་གྱི་མཐུན་རྐྱེན་དུ་འགྱུར་ངེས་པ་ཡིན་ལ་དེ་ལྟ་བུའི་མཐུན་རྐྱེན་དུ་མི་འགྲོ་ན་དེ་བསྒྲུབས་པའི་དགོས་པ་ཅི་ཡང་མེད། ནང་བསྟན་མི་ཆོས་རིག་པ་ལས། རང་གི་མཐུན་རྐྱེན་དུ་མི་འགྲོ་བའི་དཔལ་འབྱོར་རྣམ་པ་གསུམ་གསུངས་ཏེ། 

1 སེར་སྣའི་དབང་དུ་གྱུར་ན་དཔལ་འབྱོར་ལ་དགོས་པ་མེད་པ། དཔལ་འབྱོར་རིག་པའི་ཐད་དུ་སེམས་ཁམས་ཀྱི་གནད་དོན་ཆེས་ཆེ་བ་ཞིག་ཡོད་པ་ནི་ཧམ་སེམས་དང་སེར་སྣ་གཉིས། ཧམ་སེམས་ནི་དཔལ་འབྱོར་འཚོལ་བའི་ཐད་ཀྱི་སེམས་ཁམས་ཀྱི་གནད་དོན་ཆེས་ཆེ་བ་ཞིག་ཡིན་ལ། སེར་སྣ་ནི་དཔལ་འབྱོར་སྤྱོད་པའི་ཐད་ཀྱི་གནད་དོན་ཆེས་ཆེ་བ་ཞིག་ཡིན། གལ་ཏེ་སེམས་པའི་འཁྱེར་སོ་འདི་གཉིས་ཡོད་ན་དཔལ་འབྱོར་གྱིས་མི་ཚེ་ལ་བདེ་སྐྱིད་ཅིག་གཏན་ནས་སྟེར་མི་ཐུབ། དཔལ་འབྱོར་རིག་པ་ཚད་ལྡན་ཞིག་ཡིན་ན་ངེས་པར་གནད་དོན་འདི་གཉིས་ལ་འོས་འཚམ་གྱིས་ཐག་གཅོད་བྱ་དགོས། ནང་བསྟན་མི་ཆོས་རིག་པ་ལས་འདིའི་གནད་དོན་ཆེས་གསལ་བོའི་སྒོ་ནས་ཐག་བཅད་ཡོད་དེ་རང་ཉིད་སེར་སྣས་དབང་དུ་གྱུར་ནས་སྤྱོད་མི་ནུས་པ་ཡིན་པས་དཔལ་འབྱོར་དེ་ཡོད་མེད་ཕལ་ཆེར་འདྲ་སྟེ། ས་སྐྱའི་ལེགས་བཤདལས། ལོངས་སྤྱོད་ཡོད་ཀྱང་ལས་ངན་ཀྱིས། ། འཇིངས་པས་སྤྱོད་པའི་རང་དབང་མེད། །ཅེས་གསུངས་པ་ལྟར་སེར་སྣ་ནི་དཔལ་འབྱོར་ལ་སྙིང་བོ་ལེན་པའི་གེགས་རྒྱ་ཞིག་ཡིན་ལ། གེགས་རྒྱ་དེའི་དབང་དུ་སོང་ན་དཔལ་འབྱོར་ཡོད་ཀྱང་མེད་པ་དང་མཚུངས་ཏེ་རང་གཞན་གྱི་བཀོལ་སྤྱོད་ཀྱི་ཐད་ལ་དགོས་པ་ཅི་ཡང་མེད་པ་གསལ་བོར་བསྟན་པའི་ཕྱིར་རོ། །

2 དཔལ་འབྱོར་རང་གི་གནོད་བྱེད་དུ་འགྲོ་ཚུལ། དཔལ་འབྱོར་ལ་ཡང་དག་པའི་ལྟ་བ་ཞིག་མེད་ན་སེམས་པའི་འཁྱེར་སོ་ནོར་བའི་དབང་གིས་དཔལ་འབྱོར་གྱིས་རང་གིས་དགོས་མཁོ་སྒྲུབ་མི་ཐུབ་པའི་ཁར། རང་གིས་བཙལ་བའི་དཔལ་འབྱོར་དེ་རང་ཉིད་ཀྱི་གནོད་བྱེད་དུ་འགྲོ་བ་ཡིན་ཏེས་སྐྱའི་ལེགས་བཤདལས། རྙེད་པ་ལ་ལ་རྙེད་པ་སྟེ། །རྙེད་པ་ལ་ལ་དགྲ་བོ་ཡིན། །ཞེས་བདེ་བའི་ཆེད་དུ་བཙལ་བའི་དཔལ་འབྱོར་དེ་རང་ཉིད་ཀྱི་གནོད་བྱེད་དུ་འགྱུར་བའི་མི་ལ་ལ་ཞིག་གི་དཔལ་འབྱོར་མི་དེའི་དགྲ་བོར་འགྱུར་ངེས་པ་ཡིན། དེ་བས་དཔལ་འབྱོར་བདེ་བའི་ཆེད་དུ་ཡིན་མོད། དཔལ་འབྱོར་རིག་པའི་ལྟ་བ་ནོར་བའི་དབང་གིས་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་ངེས་པ་ཡིན། གནས་ལུགས་འདི་ཤེས་པའི་ཆེད་དུ་དཔལ་འབྱོར་རིག་པ་བྱུང་བ་ཡིན་མོད། དེང་གི་ཡང་དག་པ་མ་ཡིན་པའི་དཔལ་འབྱོར་རིག་པ་ནི་སེམས་ཀྱི་གཅོང་ནད་དེ་དག་གསོ་བྱེད་དུ་གྱུར་པས་ལྟ་བ་དེ་རྒྱུད་ལྡན་གྱི་མི་དག་གིས་བདེ་བ་འདོད་ཀྱང་བདེ་བ་འདོད་པ་དེ་ནི་གཏི་མུག་གསོ་བྱེད་དུ་གྱུར་ནས་རང་གི་བདེ་བ་དགྲ་ལྟར་འཇོམས་པར་བྱེད་པ་ཡིན་ནོ། །གལ་ཏེ་དགྲ་ལྟར་འགྱུར་བའི་དཔལ་འབྱོར་དེ་ནི་བདག་ཅག་གི་སྟོན་པས་གསུངས་པ་ལྟར་དུག་སྦྲུལ་གྱི་ཚང་ལྟ་བུ་ཡིན་ནོ། །

3 རང་གི་ཆེད་དུ་བསགས་པའི་དཔལ་འབྱོར་གཞན་གྱི་རྐྱེན་དུ་འགྱུར་ཚུལ། སྤྱིར་ན་དཔལ་འབྱོར་བསགས་པ་ཐམས་ཅད་རང་ཉིད་ཀྱི་བདེ་ཐབས་སུ་བསགས་པ་ཡིན་མོད། མི་མང་བོ་ཞིག་དཔལ་འབྱོར་རིག་པ་དང་ལྷག་པར་ཡང་དག་པའི་དཔལ་འབྱོར་རིག་པར་རྒྱུས་མེད་དུ་གྱུར་པས་རང་ཉིད་ཀྱི་ཆེད་དུ་བསགས་པ་ནི་རང་གི་ཆེད་དུ་འགྱུར་མ་ཐུབ་པར་རྒྱུན་དུ་གཞན་གྱི་རྐྱེན་དུ་འགྱུར་བཞིན་ཡོད། རྟོགས་པ་མཐོན་པོ་ཞིག་གི་དབང་དུ་བྱས་ན་དེ་ལ་འགལ་བ་ཅི་ཡང་མེད་པའི་དཔལ་འབྱོར་དེ་ཡང་གཞན་དོན་ལས་རང་དོན་གྱི་ཆེད་དུ་བསགས་པ་མིན་མོད། སྐྱེས་བོ་རང་ག་བའི་དབང་དུ་བྱས་ན་དེ་ནི་མི་ཚེའི་ཆེས་ཆེ་བའི་གོལ་ས་ཞིག་ཏུ་བཤད་ཆོག ས་སྐྱའི་ལེགས་བཤདལས། བསོད་ནམས་མེད་པའི་ལོངས་སྤྱོད་དེ། །བསགས་ཀྱང་སུ་ཡིས་ཟ་བ་སོམས། །ཞེས་གསལ་བོར་བསྟན་ཡོད། འདི་ནི་ངེས་པར་བསམ་དགོས་པ་ཞིག་ཡིན་ཞིང་ནང་བའི་ལྟ་བས་བཤད་ན་དེ་མི་རང་ལ་དཔལ་འབྱོར་ཐོབ་པའི་བསོད་ནམས་ཡོད་ཀྱང་སྤྱོད་པའི་བསོད་ནམས་མེད་པའི་ལས་འབྲས་ཀྱི་འབྲེལ་བ་ལ་ཐུག་ཡོད། གལ་ཏེ་དཔལ་འབྱོར་དེ་ཡང་དག་པའི་ཐད་ལ་སྤྱོད་མ་ཐུབ་ན་དཔལ་འབྱོར་ལ་བརྟེན་ནས་བསོད་ནམས་བསགས་མི་ཐུབ། དེ་བས་རང་གིས་བསགས་ཀྱང་རང་གི་བདེ་ཐབས་སུ་མི་འགྱུར་བའི་དཔལ་འབྱོར་དཔལ་འབྱོར་མ་བསྒྲུབས་པ་ལས་ཀྱང་ཐུའོ། །

དེ་བས་ཕྱི་མ་གཉིས་ནི་དཔལ་འབྱོར་ཡོད་པ་དེ་དཔལ་འབྱོར་མེད་པ་ལས་ཀྱང་ཆེས་སྡུག་བསྔལ་བ་ཞིག་ཏུ་བསྟན་པས་དེ་ནི་མི་སུས་ཀྱང་རང་གི་འདོད་པ་དང་གཏན་ནས་མི་མཐུན་པ་ཞིག་སྟེ། གནད་དོན་དེ་ཐག་གཅོད་པ་ལ་མི་རང་གིས་བསོད་ནམས་གསོག་པ་སྟེ་དེ་ནི་མི་དགེ་བར་འཛེམས་ནས་དགེ་བ་སྒྲུབ་པ་དེའོ། །དེ་ལ་རང་གིས་དགེ་བ་གསག་པ་དང་དཔལ་འབྱོར་ལ་བརྟེན་ནས་དགེ་བ་གསག་པ་གཉིས་ཡོད་དེ། འོག་ནས་འབྱུང་ངོ་། །

གསུམ་པ། དཔལ་འབྱོར་དང་མི། 

    དང་བོ། ཕྱུག་པོ་དང་དབུལ་བོ། ནང་བསྟན་མི་ཆོས་ཀྱི་གཞུང་ལུགས་ལས་དབུལ་ཕྱུག་ནི་མི་རང་གི་བསོད་ནམས་དང་འབྲེལ་ཡོད་ལ། མི་ལ་རྒྱུ་ནོར་ཡོད་པ་ཙམ་གྱིས་ཕྱུག་པོར་གྱུར་པ་ཞིག་དེ་བས་ཀྱང་མིན་ཏེ། དབུལ་བོ་ཞེས་པ་གཅིག་ནི་རྒྱུ་ནོར་མེད་པ་ལ་གོ་དགོས་ལ། གཉིས་སུ་སེར་སྣ་ཅན་ལ་གོ་དགོས་པ་ཡིན། སྔ་མ་ནི་ང་ཚོའི་རྒྱུན་ཏུ་གོ་བ་ལྟར་ཡིན་ལ་སེར་སྣ་ཅན་གྱི་འབྱོར་ལྡན་ནི་ཕྱུག་པོ་མ་ཡིན་པར་དབུལ་བོ་ཡིན་ཏེ། ས་སྐྱའི་ལེགས་བཤདལས། བྱེ་བ་སྟོང་ཕྲག་གཏེར་ཡོད་ཀྱང་། །སུ་ཞིག་ལ་ཡང་གཏོང་མི་བྱེད། །དེ་དག་འཇིག་རྟེན་འདི་དབུལ་ཞེས། །ཐོས་མང་རྣམས་ཀྱིས་དེ་སྐད་བཤད། །ཅེས་གསུངས་སོ། །དེ་བཞིན་ཕྱུག་པོ་ལ་ཡང་གོ་བ་གཉིས་ཡོད་དེ་གཅིག་ནི་རྒྱུ་ནོར་གྱི་འབྱོར་ཕྱུག་ལྡན་པ་དང་གཅིག་ནི་ཆོག་ཤེས་དང་ལྡན་པ་ལ་གོ་དགོས་པ་ཡིན། དེ་ཡང་མཐར་གཏུགས་ནས་  བཤད་ན་རྒྱུ་ནོར་གཏོང་ལ་དཔའ་བ་དང་གཏོང་བ་དེ་ཡང་དགེ་ཕྱོགས་སུ་གཏོང་བ་དགོས་སོ། །

དབུལ་ཕྱུག་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་བོ་ཡོད་ཅིང་། ནང་གི་རྒྱུ་རྐྱེན་ལས་གཙོ་བོ་ཞིག་ནི་མི་རང་གི་བསོད་ནམས་ལ་ཐུག་ཡོད། བསོད་ནམས་དེ་ལས་ཐོན་ཁུངས་དང་རྒྱུ་ནོར་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འབྱུང་། དེ་ལ་གཅིག་ནི་ཚེ་སྔོན་མར་སྦྱིན་པ་བཏང་བ་ལ་ཐུག་ཡོད་ལ། གལ་ཏེ་ཚེ་སྔོན་མར་སྦྱིན་པས་བསོད་ནམས་མ་བསགས་ཀྱང་ཚེ་འདིར་རྒྱུ་ནོར་གཞན་ལ་བཏང་ནས་བསོད་ནམས་གསོག་པ་ཡང་ཚེ་འདིའི་དབུལ་ཕྱུག་ལ་འབྲེལ་བ་ཆེ་སྟེ། ས་སྐྱའི་ལེགས་བཤདལས། འཇུངས་ལ་ཕྱུག་པོ་མི་སྲིད་ཅིང་། །གཏོང་ལ་དབུལ་པོ་མི་སྲིད་པས། །ཞེས་སེར་སྣས་གཞན་དོན་དུ་མི་གཏོང་བ་ནི་འབྱོར་བའི་འཕེལ་བའི་གནས་མིན་པར་གསུངས་ཤིང་། ཡང་དེ་ཉིད་ལས། རིགས་རྒྱུད་རྒུད་ཀྱིས་དོགས་པས་ན། །བློ་ཆུང་ཅུང་ཟད་རྙེད་པ་གསོག ། མཁས་པ་རིགས་རྒྱུད་མཐོ་ཐོབ་ཕྱིར། །གསུག་བཞིན་གཞན་ལ་སྦྱིན་པ་གཏོང་། །བྱིན་ན་དབུལ་གྱུར་དོགས་པ་ཡིས། །འཇུངས་པས་སྦྱིན་པ་མི་གཏོང་ལ། །སེར་སྣས་ངེས་པར་ཕོངས་འགྱུར་བས། །བློ་ལྡན་ཅུང་ཟད་རྙེད་པ་  གཏོང་། །སྲིད་པའི་ཁོལ་བོར་གྱུར་པ་རྣམས། །སྲོག་དང་བསྡོས་ནས་ནོར་ཕྱིར་འབྲང་། །   ཆོག་ཤེས་ཅན་གྱིས་ནོར་རྙེད་ཀྱང་། །དེས་པ་བཞིན་དུ་གཞན་ལ་སྟེར། །ཞེས་གོང་གི་སྦྱིན་པ་བཏང་ན་ལོངས་སྤྱོད་འཕེལ་ཞིང་སེར་སྣ་བྱས་ན་སྡུག་བསྔལ་འབྱུང་བའི་གནས་ལུགས་དེ་རྒྱ་ཆེར་གསུངས་སོ། །

གཉིས་པ། དཔོན་པོ་དང་དཔལ་འབྱོར། དཔོན་པོ་དང་དཔལ་འབྱོར་བར་དུ་འབྲེལ་བ་ག་འདྲ་ཡོད་མེད་ནི་དཔལ་འབྱོར་རིག་པའི་གནད་དོན་ཆེན་པོ་ཞིག་ཡིན་ཏེ། མི་ལ་ལ་ཞིག་དཔོན་པོར་འདུག་པ་ནི་དཔལ་འབྱོར་གྱི་ཆེད་དུ་འདོད་ལ་མི་ལ་ལ་ཞིག་གིས་དཔལ་འབྱོར་ནི་དཔོན་པོར་འདུག་པའི་རྐྱེན་དུ་བསམ་བཞིན་ཡོད་ཅིང་། ད་ལྟའི་སྤྱི་ཚོགས་ལས་བལྟས་ན་ཡང་དེ་བཞིན་དུ་གྲུབ་མོད། ནང་བསྟན་མི་ཆོས་རིག་པ་ལས་བཤད་ན་རང་ཉིད་ལ་དཔལ་འབྱོར་རྒྱས་པ་དཔོན་པོ་བཟང་བོ་ཞིག་གི་རྟགས་མ་ཡིན་ལ། དཔལ་འབྱོར་གྱིས་གོ་ས་ཉོ་བའང་དཔོན་པོ་བཟང་བོ་ཞིག་གི་རྟགས་ག་ལ་ཡིན། 

དེ་ནིརྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ནོར་དང་མངའ་འབངས་རྒྱལ་བོའི་རྒྱན། །འཆད་དང་རྩོམ་པ་མཁས་པའི་རྒྱན། །ཞེས་གསུངས་པ་ལྟར་ནང་བསྟན་མི་ཆོས་རིག་པ་ལས། རྒྱལ་བོ་ཞིག་ལ་འབངས་དང་དཔོན་པོ་དང་རྒྱུ་ནོར་གྱི་ཁྱད་པར་མང་བོ་ཞིག་གསུངས་ཏེ། དཔོན་པོར་འདུག་པ་ནི་གཞན་དོན་གྱི་ཆེད་ཡིན་པས་སོ། །དེ་བས་དཔོན་པོ་ཞིག་གིས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་དཔལ་འབྱོར་དང་དཔོན་པོ། མང་ཚོགས་བཅས་ཀྱི་འབྲེལ་བ་ཤེས་པ་ནི་ཆེས་གལ་ཆེ་བ་ཞིག་ཡིན། ཤེས་རབ་སྡོང་བུལས།   མི་བསྲུན་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་ནི་བཀུར་བར་བྱ། །དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། །མི་བསྲུན་གྱི་སྐྱེ་བོ་གདུལ་བར་བྱ་བ་དང་། ཡོན་ཏན་ཅན་ནི་བཀུར་བར་བྱ་བ། དྲང་པོའི་སྤྱོད་པས་དཔལ་འབྱོར་བསགས་ནས་དཀོར་མཛོད་དགང་བ། རང་གི་ཡུལ་དང་འཁོར་བདེ་བར་བསྐྱང་བར་བྱ་བ་རྒྱལ་བོ་ཞིག་ལ་དགོས་པའི་ཁྱད་ཆོས་བཞི་ཡིན་པར་གསུངས། ཁྱད་ཆོས་བཞི་བོ་དེ་ནིརྒྱལ་བོ་ལུགས་ཀྱི་བསྟན་བཅོསཀྱི་ཆེས་གལ་ཆེ་བའི་གནད་བཞི་ཡིན། གནད་བཞི་བོ་དེ་དག་འཛོམས་དུས་ད་གཟོད་རྒྱལ་བོ་བཟང་བོ་ཞིག་ཡིན།

ལྷག་པར་རྒྱལ་བོ་ཞིག་ལ་མཚོན་ན་མང་ཚོགས་དཔལ་འབྱོར་གྱིས་ཡང་དག་པའི་འཚོ་བ་ཞིག་ལ་རོལ་བར་བྱེད་པ་ནི་ཤིན་ཏུ་གལ་ཆེ་སྟེརྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། འབངས་རྣམས་བདེ་བར་བྱ་བའི་ཕྱིར། །འཚོ་བའི་ཚུལ་གྱིས་བསྐྱང་བར་བྱ། །ཞེས་དང་། ས་སྐྱའི་ལེགས་བཤདལས། འཁོར་ལ་ཕུན་སུམ་ཚོགས་གྱུར་ན། །རྗེ་དཔོན་ཉིད་ཀྱི་ཆེ་བ་ཡིན། །ཞེས་འཁོར་འབངས་རྣམས་དཔལ་འབྱོར་དང་ལྡན་པར་བསྒྲུབས་ཏེ་འཚོ་བ་ཡར་རྒྱས་སུ་གཏོང་བ་ནི་དཔོན་པོ་བཟང་བོ་ཞིག་གི་ཁྱད་ཆོས་ཡིན་པ་གསལ་བར་གསུངས་ལ། དེ་བཞིན་དཔོན་པོ་ངན་པའི་རྟགས་ཀྱང་དཔལ་འབྱོར་གྱི་སྟེང་ནས་གསལ་བོར་མངོན་འོང་སྟེཆུ་ཤིང་གི་བསྟན་བཅོསལས། རྒྱལ་ངན་འབངས་ཀྱི་ཟས་ནོར་ཀུན། །ཕྲོགས་ཀྱང་ད་དུང་ལྟོགས་ཤིང་བཀྲེན། །ཞེས་དང་། གཙོ་བོ་ངན་པ་རྟག་བཀུར་ཡང་། །  གསུག་དང་བྲལ་བ་ཙམ་གྱིས་སྡང་། །ཆེ་མཐོ་བརྟེན་པས་དཔལ་ཐོབ་ཀྱང་། །དེ་ལས་ལྷག་པའི་འཇིགས་པ་འབྱུང་། །ཞེས་རང་གི་བདེ་ཐབས་ཀྱི་ཆེད་དུ་དཔོན་པོ་ངན་པ་དག་ནི་འབངས་ཀྱི་རྒྱུ་ནོར་ལ་ཅི་མི་སྙམ་པར་དཔལ་འབྱོར་ཁོ་ནའི་བྲན་དུ་འགྱུར་བའི་ཚུལ་གསལ་བོར་གསུངས་ཤིང་དཔོན་པོ་དེ་ལྟ་བུ་ནི་བདེན་དྲང་སྐྱོང་བའི་དཔོན་པོ་མིན་པ་གསལ་བོར་བསྟན་ཡོད། 

ང་ཚོའི་མི་ཆོས་རིག་པ་ལས་དཔོན་པོ་དང་རྒྱུ་ནོར་གྱི་སྐོར་མང་དུ་གསུངས་ཡོད་ཅིང་། དཔེར་ན་དཔེ་དོན་འབྲེལ་བ་ལས། ངེས་པར་འབབ་པའི་དཔྱ་དང་ཁྲལ། །སྟོབས་པར་ནུས་བཞིན་མ་བསྟབས་ན། །རྒྱལ་བོའི་བང་མཛོད་ཉམས་པའི་ཕྱིར། །ལ་ཡོགས་རྣམ་སྨིན་ཉིད་ལ་འཛེམ། །ཞེས་དཔྱ་དང་ཁྲལ་ནི་དགོས་ངེས་སུ་གསུངས་ཤིང་འབངས་ཀྱིས་ཀྱང་རྒྱལ་བོར་འབུལ་འོས་པ་ཞིག་ཡིན་མོད། འབངས་ཀྱི་འཚོ་བའི་ཚད་ལས་བརྒལ་ཞིང་ཁུར་ལྕི་བའི་དཔྱ་ཁྲལ་བསྡུ་བ་ནི་དཔོན་པོ་དེ་ཉིད་ཀྱི་སྐྱོན་ཆ་འབའ་ཞིག་ཡིན་ཏེ། དེ་ཉིད་ལས། འབངས་རྣམས་རྒྱལ་བོའི་དཔལ་ཡིན་ཡང་། །དཔྱ་ཐང་ཡང་ཡང་སྡུད་ན་ཉམས། ། ཞེས་སོགས་དཔྱ་ཇི་ལྟར་སྡུད་ཚུལ་ཡང་མང་བོ་ཞིག་གསུངས་ཡོད་དེ། 

1 འབངས་ལ་དཔྱ་འབུལ་རྒྱུ་ཡོད་ན་ངེས་པར་འབུལ་དགོས་པ། རྒྱལ་ཁབ་ཀྱི་དཔྱ་ནི་དམངས་ཀྱིས་ངེས་པར་དབུལ་དགོས་པ་ཞིག་ཡིན་ལ། གལ་ཏེ་དབུལ་བྱ་མེད་ན་དེའི་ལུགས་གསལ་བར་ཞུ་ན་ཉེས་པ་མེད་མོད། དབུལ་རྒྱུ་ཡོད་བཞིན་དུ་མ་ཕུལ་ན་ཉེས་པར་འགྱུར་ཏེརྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ཡོད་བཞིན་འོས་པའི་དཔྱ་དག་ནི། ། རྒྱལ་བོ་ལ་ནི་མ་ཕུལ་ན། །དེ་ནི་མ་བྱིན་ལེན་མིན་ཡང་། །སེར་སྣའི་ཁ་ན་མ་ཐོར་འགྱུར། ། ཞེས་གསུངས་པ་ལྟར་རང་ལ་རྒྱལ་ཁབ་ལ་དཔྱ་ཁྲལ་འབུལ་བའི་ནུས་པ་ཡོད་ན་ངེས་པར་དབུལ་དགོས་པ་དང་མ་ཕུལ་ན་ཉེས་པ་ཡོད་པར་གསུངས། འདི་ནི་རྒྱལ་ཁབ་དང་འབངས་བར་གྱི་དཔལ་འབྱོར་གྱི་འབྲེལ་བ་ལས་ཁྲལ་གྱི་རིགས་གསལ་བོར་བསྟན་ལ་ཕབ་པ་སྟེ་རྒྱལ་ཁབ་དང་དམངས་ཚོགས་གཉིས་ཀྱི་འབྲེལ་བ་ནི་ཕུན་ཚུན་ལ་ལྟོས་ནས་གྲུབ་པས་རྒྱལ་ཁབ་ལ་དཔྱ་འབུལ་བ་ནི་ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་འོས་པ་ཞིག་ཏུ་གསུངས་ཤིང་གལ་ཏེ་ཁྲལ་འབུལ་མི་ཐུབ་ན་དེ་ནི་གནད་དོན་གཞན་ཞིག་ཡིན།

2ནོར་ཡོད་པ་ལས་དཔྱ་ནན་གྱིས་བླངས་ཀྱང་ཉེས་པར་མི་འགྱུར་བ། ཕྱུག་པོ་དག་གིས་རང་གི་དཔལ་འབྱོར་གྱི་བབ་དང་མཐུན་པའི་དཔྱ་འབུལ་དགོས་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་ལ། དེང་གི་ཁྲིམས་ལུགས་ལའང་འགལ་བ་ཅི་ཡང་མེད། གལ་ཏེ་ནོར་ཡོད་པ་དག་གིས་བསམ་བཞིན་དུ་དཔྱ་ལ་གཡོལ་ན་ནན་གྱིས་ལེན་དགོས་ཏེ།རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ནོར་ཡོད་པ་ལས་འོས་པའི་དཔྱ། །མ་བྱིན་ནན་གྱིས་བླངས་གྱུར་ཀྱང་། །གླ་བརྔན་བསྒྲུབ་པའི་དཔེ་བཞིན་དུ། །རྒྱལ་བོས་མ་བྱིན་བླངས་མི་འགྱུར། །  ཞེས་གལ་ཏེ་དཔལ་འབྱོར་ཡོད་པ་དག་གིས་དཔྱ་དུས་ལྟར་མ་ཕུལ་ན་བཙན་ཤེད་ཀྱིས་བླངས་ཀྱང་རྒྱལ་བོ་ལ་མ་བྱིན་ལེན་པར་མི་འགྱུར་ཞིང་། ནོར་ཡོད་པ་དག་གིས་འོས་འཚམ་གྱིས་ཁྲལ་མི་འབུལ་བ་ནི་ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་ཉེས་པ་ཡིན་པར་གསུངས། 

3དབུལ་བོ་ལས་རྒྱུ་ནོར་བླངས་ན་ཉེས་པ་འབྱུང་མིན་གཉིས་ཡོད་པ། སྤྱིར་ན་དབུལ་བོའི་རྒྱུ་ནོར་བཙན་གྱིས་བླངས་ན་རྒྱལ་བོའམ་དཔོན་པོ་དག་ལ་ཉེས་པ་འབྱུང་མོད་ཀྱང་། དགོས་པའི་དབང་གིས་མི་འབྱུང་བའི་སྐབས་ཤིག་ཀྱང་གསུངས་ཏེ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། དབུལ་ལ་ནན་གྱིས་བླངས་གྱུར་པ། །སྡིག་པ་ཡོད་མེད་གཉིས་སུ་དབྱེ། །གང་ནི་ལོངས་སྤྱོད་མེས་ཚིག་སོགས། །ཆུད་ཟད་གྱུར་ཚེ་དཔྱ་ཡང་བླངས། །མ་བྱས་སེམས་ཅན་ཐབས་བྲལ་དེ། །མ་བསྐྱངས་པས་ན་སྡིག་པར་འགྱུར། །ཞེས་མང་ཚོགས་རང་བྱུང་གི་གནོད་འཚེ་སོགས་ཀྱིས་ཐབས་བྲལ་བའི་སྐབས་སུ་དཔྱ་བླངས་ན་རྒྱལ་བོ་ལ་ཉེས་པ་འབྱུང་བ་མ་ཟད། རྒྱལ་བོས་དེ་དག་ལ་དཔལ་འབྱོར་གྱི་རོགས་རམ་ངེས་པར་བྱ་དགོས་པ་ཞིག་ཏུ་གསུངས་མོད་སྨད་འཚོང་མ་དང་། ཤོ་བ། འཕྲོག་བཅོམ་སོགས་ཚུལ་མིན་གྱི་ལོངས་སྤྱོད་ཆུད་ཟ་བ་ལ་སོགས་པས་དགག་ཕྱིར་རྒྱལ་བོས་དེ་དག་ལས་བཙན་གྱིས་རྒྱུ་ནོར་གཞུང་བཞེས་བྱས་ན་ཡང་ཉེས་པར་མི་འགྱུར་བར་གསུངས་ཏེ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། རྒྱལ་བོ་སྨད་འཚོང་ལ་སོགས་པས། །ཚུལ་མིན་ལོངས་སྤྱོད་ཆུད་ཟ་བ། །དགག་ཕྱིར་བླངས་ན་དོན་གཉིས་བྱས། །དེ་ལ་སྡིག་པ་མེད་པར་བཤད། །ཅེས་གསུངས་སོ། །

འོ་ན་རྒྱལ་ཁབ་ཀྱིས་དཔྱ་ལེན་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། དེ་ནི་དཔོན་པོས་ཇི་འདོད་དུ་རྒྱས་སྤྲོས་བྱེད་པའི་ཆེད་མ་ཡིན་པར་འབངས་རྣམས་བསྐྱང་བའི་ཆེད་དུ་ཡིན་ཏེ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། གནོད་པ་མེད་པའི་དཔྱ་ཁྲལ་གྱིས། །འབངས་རྣམས་སླར་ཡང་བསྐྱངས་བྱས་པས། །ཞེས་གསུངས་པ་ལྟར་འབངས་ལས་ཁྲལ་བླངས་པའི་རྒྱུ་ནོར་དེ་དག་གིས་དཀའ་སྡུག་གི་གནས་སུ་ལྷུང་བའི་འབངས་དག་སྐྱོང་བའི་ཆེད་དུ་བཀོལ་དགོས་པ་ལས་རང་གི་མཛོད་འགང་ཕྱིར་མིན་པ་གསལ་བོར་བསྟན་ཡོད། 

དེ་ལས་གཞན་ད་དུང་ཁྲིམས་དང་རྒྱུ་ནོར་སྐོར་མང་དུ་གསུངས་ཡོད་དེ། རྒྱལ་བོ་ལུགས་ཀྱི་བསྟན་བཅོསལས། ནོར་ལ་བལྟས་ནས་ཁྲིམས་འཕྱུགས་པ། །སྐྱེ་རྒུའི་དབང་བོར་མི་འོས་པས། །ཞེས་ཁྲིམས་ཀྱི་ལས་བྱེད་པ་ཡིན་ལས་ཁྲིམས་ལུགས་གཙོ་བོར་གཟུང་དགོས་པ་ལས་ནོར་གྱི་ངོ་སོ་བལྟ་མི་རུང་བ་དང་། དེ་ལྟར་བྱས་ན་འཇིག་རྟེན་མི་ཆོས་ཕྱོགས་ནས་ཉེས་པ་ཅན་དུ་འགྱུར་བས་ཁྲིམས་ཀྱི་ལས་བྱེད་པར་གཏན་ནས་མི་རུང་། ཡངརྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། རྒྱལ་བོ་ནོར་ལ་བརྐམ་གྱུར་ན། །ནོར་གྱིས་རྒྱལ་ཁྲིམས་བསླུ་བར་རྩོམ། །ཞེས་དང་། ནོར་གྱིས་བསླུ་དང་ངོ་བསྟོད་དང་། །ཟོལ་ཚིག་རྣམས་ལ་དགའ་མི་བྱ། །ཞེས་སོགས་དེའི་སྐོར་གྱི་གནས་ལུགས་མང་བོ་ཞིག་བསྟན་ཡོད་པ་དེ་དག་དཔོན་པོ་དག་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ཡིན། 

བཞི་བ། དཔལ་འབྱོར་དང་ཀུན་སྤྱོད། 

    ནོར་དང་ཀུན་སྤྱོད་བར་གྱི་འབྲེལ་བ་ནི་ཆེས་གལ་ཆེ་བ་ཞིག་ཡིན་ཏེ། མང་བོ་ཞིག་དཔལ་འབྱོར་ལ་བསྟུན་ནས་ཀུན་སྤྱོད་སྣ་ཚོགས་འབྱུང་བཞིན་ཡོད། དེ་ནི་མི་རང་ལ་ཀུན་སྤྱོད་ཀྱི་ལྟ་བ་ཡང་དག་པ་ཞིག་མེད་པ་ལ་ཐུག་པ་ལས། དཔལ་འབྱོར་ཐད་ཀར་ཀུན་སྤྱོད་ལ་འབྲེལ་བ་ཡོད་པ་ཞིག་གཏན་ནས་མིན། ང་ཚོས་སྤྱི་ཚོགས་ལས་དངོས་སུ་མཐོང་བ་ལྟརས་སྐྱའི་ལེགས་བཤདལས། ལོག་འཚོ་ཟས་ནོར་རྙེད་པ་འགའ། །མཁས་པ་དབུལ་བོ་ཁྱད་དུ་གསོད། །ཅེས་མི་ལ་ལ་ཞིག་འབྱོར་བ་ཅུང་རྒྱས་ན་རང་ཉིད་བར་སྣང་ལ་སྤུར་ཏེ་བློ་གྲོས་རྣམ་པར་རྒྱས་པ་མཁས་པ་དག་ཀྱང་ཁྱད་དུ་གསོད་པ་དང་། ཤེས་རབ་སྡོང་བུལས། མ་བརྙས་མི་ཡི་རྩ་བ་ཡིན། །བརྙས་པའི་ནོར་གྱིས་ཅི་ཞིག་བྱ། །ང་རྒྱལ་དྲེགས་པས་རབ་བཅོམ་པའི། །ནོར་དང་སྲོག་གིས་ཅི་ཞིག་བྱ། །ཞེས་ནོར་དང་སྟོབས་ལ་སོགས་པས་གཞན་ལ་བརྙས་པར་བྱེད་ན་དེ་ནི་དགོས་པ་ལོག་པ་ཡིན་ཏེ། དེ་ནི་ནོར་གྱིས་མི་དགེ་བ་བསྒྲུབས་པ་ཡིན་པས་དེ་ལྟ་བུའི་ནོར་ཡོད་པ་ལས་མེད་ན་བཟང་ཞིང་། དེ་ལྟ་བུའི་འབྱོར་བ་ནི་གོང་དུ་བཤད་པ་ལྟར་རང་གི་གཤེད་དུའང་འགྲོ་བའི་དཔལ་འབྱོར་དེ་ཡིན་པས་ནང་བསྟན་མི་ཆོས་རིག་པ་ལས་བཤད་ན་དགོས་པ་མེད་པའི་དཔལ་འབྱོར་གྱི་ཁོངས་སུ་གཏོགས་པ་ཡིན་ནོ། །ང་ཚོས་ནང་བསྟན་མི་ཆོས་རིག་པ་ལས་བལྟས་ན་དཔལ་འབྱོར་དང་ཀུན་སྤྱོད་བར་གྱི་འབྲེལ་བ་ནི་གསོག་ཚུལ་དང་ཐོབ་ཚུལ། ཐོབ་དུས་སྤྱོད་དུས་བཅས་ཕྱོགས་གསུམ་ན་མཛངས་བླུན་གྱི་སྤྱོད་པ་ཡོད་པ་མཐོང་། 

1དཔལ་འབྱོར་གསོག་ཚུལ་མངོན་པའི་མཛངས་བླུན་གྱི་སྤྱོད་པ། ནང་བསྟན་དཔལ་འབྱོར་རིག་པ་ལས་བཤད་ན་གསོག་ཚུལ་ནི་ཆེས་གལ་ཆེ་བ་ཞིག་ཡིན་ཏེ། ས་སྐྱའི་ལེགས་བཤདལས། དམ་པ་ཇི་ལྟར་རྒུད་གྱུར་ཀྱང་། །སྡིག་དང་འདྲེས་པའི་ཟས་མི་ཟ། ། ཞེས་སྐྱེས་བུ་དམ་པ་རྣམས་ནི་ཚུལ་མིན་གྱིས་དཔལ་འབྱོར་མི་གསོག་སྟེ། ཚུལ་མིན་གྱི་དཔལ་འབྱོར་གསོག་ཚུལ་ནི་མ་བྱིན་ལེན་གྱིས་དཔལ་འབྱོར་སྒྲུབ་སྟངས་དང་། དངོས་པོ་རྫུན་མ་བཟོ་བ། རྒྱ་མ་དང་སྲང་བརྣོགས་པ། ཉལ་ཐ་སོགས་འགྲོ་བར་གནོད་པའི་རིགས་ཉོ་ཚོང་བྱེད་པ། སྡིག་འགྲོ་གསོད་པ་ལ་སོགས་པའི་སྡིག་དང་འདྲེས་པའི་རིགས་ཏེ། སྐྱེས་བུ་ཐ་ཤལ་རྣམས་ཀྱིས་ལོག་འཚོ་ལ་བརྟེན་ནས་དཔལ་འབྱོར་གསོག་པ་བསྟན་ན་ཡང་སྐྱེས་བུ་དམ་པ་རྣམས་ནི་ཇི་ལྟར་རྒུད་ན་ཡང་དཔལ་འབྱོར་ཀུན་སྤྱོད་ལ་མི་བརྗེ་སྟེ། ཀུན་སྤྱོད་ལ་འགྱུར་བ་མེད་པ་སྐྱེས་བུ་དམ་པའི་རྟགས་ཡིན་ཏེ།རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། བློ་ལྡན་རབ་ཏུ་ཉམ་ཐག་ཀྱང་། །བརྙས་ཐབས་བསྲེས་པའི་ནོར་མི་ལེན། །ཞེས་གསུངས་པའང་གོང་གི་གནད་དེ་དང་འབྲེལ་ཡོད་པས་སོ། །

2 དཔལ་འབྱོར་འབྱོར་དུས་སུ་མཐོང་བའི་མཛངས་བླུན་གྱི་སྤྱོད་པ། འབྱོར་བ་དང་བསྟུན་ནས་དྲེགས་པར་འགྱུར་བ་ནི་སྐྱེས་བུ་ཐ་ཤལ་བའི་རིགས་ཡིན་ཏེ། སྐྱེས་བུ་དམ་པ་རྣམས་ལ་དཔལ་འབྱོར་ཇི་ལྟར་རྒྱས་ན་ཡང་རང་གི་སྤྱོད་པ་སྔོན་བཞིན་ཞི་ཞིང་དུལ་བར་གསུངས་ཏེཤེས་རབ་སྡོང་བུལས། དམ་པ་ནོར་གྱི་འབྱོར་པ་ཐོབ་གྱུར་ཀྱང་། །སཱ་ལུ་སྨིན་པ་ལྟ་བུར་ཤིན་ཏུ་འདུད། །ཅེས་གསུངས། དེས་དངོས་སུ་བསྟན་པ་ནི་ཀུན་སྤྱོད་ལས་དཔལ་འབྱོར་རྒྱས་ཤིང་དཔལ་འབྱོར་ལས་ཀུན་སྤྱོད་ལ་འགྱུར་བ་འབྱུང་མི་རུང་བ་གསལ་བོར་བསྟན་ཅིང་། སྐྱེས་བུ་དམ་པ་རྣམས་དཔལ་འབྱོར་ཇི་ལྟར་རྒྱས་ཀྱང་སྔར་བཞིན་ཞི་དུལ་གྱིས་གནས་པར་བསྟན་པའི་ཤུགས་ལ་སྐྱེས་བུ་ངན་པ་ནི་དེ་ལས་ལྡོག་སྟེ་སྤྱོད་པ་ངན་པར་འགྱུར་བ་བསྟན་ཡོད། དེ་བས་སྐྱེས་བུ་ངན་པ་རང་གི་དཔལ་འབྱོར་དེ་ལས་དྲེགས་པ་རྒྱས་ཤིང་གཞན་དག་ཁྱད་དུ་གསོད་པ་ཡིན་ཏེ། ས་སྐྱའི་ལེགས་བཤདལས། སྐྱེ་བོ་ངན་པ་འབྱོར་ཐོབ་ཀྱང་། །ལྷག་པར་སྤྱོད་པ་ངན་པར་འགྱུར། །ཞེས་དང་། ས་སྐྱའི་ལེགས་བཤདལས། ནང་དུ་ཅུང་ཟད་འབྱོར་གྱུར་ན། །ཕྱི་རུ་དྲེགས་པའི་རྣམ་འགྱུར་སྟོན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཀུན་སྤྱོད་རློག་བྱེད་དུ་འགྲོ་བའི་དཔལ་འབྱོར་ནི་ཉེས་པ་དང་རྒུད་པའི་འབྱུང་གནས་སྟེ་དངོས་གནས་དུག་སྦྲུལ་གྱི་ཚང་ལྟ་བུ་ཡིན་ནོ། །

དཔལ་འབྱོར་དང་རང་གི་ཀུན་སྤྱོད་ཀྱི་འབྲེལ་བ་ནི་དཔལ་འབྱོར་རིག་པ་ལས་ཆེས་གལ་ཆེ་བ་ཞིག་ཡིན་ཏེ། མི་དེའི་ཀུན་སྤྱོད་རང་གི་དཔལ་འབྱོར་འཕེལ་མིན་དང་འབྲེལ་བ་ཡོད་ལ། རང་གི་དཔལ་འབྱོར་དེས་གཞན་ལ་ཤུགས་རྐྱེན་ག་འདྲ་ཐེབས་མིན་ལ་ཡང་འབྲེལ་བ་ཡོད། དེ་བསས་སྐྱའི་ལེགས་བཤདལས། དམན་པ་འབྱོར་ན་དྲེགས་རྒྱུ་སྟེ། །དམ་པ་འབྱོར་ན་དུལ་བའི་རྒྱུ། །ཞེས་དང་། ཆུ་ཤིང་གི་བསྟན་བཅོསལས། རིགས་ངན་ཅུང་ཟད་འབྱོར་ན་ཡང་། །རྒྱལ་བོ་ལྟ་བུའི་ཁེངས་དྲེགས་འཛིན། །ཞེས་སྐྱེས་བུ་མཆོག་དམན་གྱི་སྤྱོད་པ་གསལ་བོར་བསྟན་པ་བཞིན་དུ་གྲུབ་པས་མི་ཆོས་རིག་པའི་ངོས་ནས་བཤད་ན་དཔལ་འབྱོར་རྒྱས་ན་ཡང་ཞི་ཞིང་དུལ་བར་གནས་དགོས་པ་ལས་དཔལ་འབྱོར་དེ་རང་ཉིད་བཟི་བྱེད་དུ་འགྱུར་མི་རུང་ངོ་། །

3 དཔལ་འབྱོར་སྤྱོད་དུས་སུ་མངོན་པའི་མཛངས་བླུན་གྱི་སྤྱོད་པ། དཔལ་འབྱོར་སྒྲུབ་པའི་དགོས་པ་ནི་སྤྱོད་པ་ཡིན་པ་གཞུང་མང་བོ་ལས་གསུངས་པ་བཞིན་སྤྱོད་སྟངས་ཐད་ནས་མཛངས་བླུན་གྱི་ཁྱད་འབྱུང་ཞིང་། དཔལ་འབྱོར་ལ་སྙིང་བོ་ལོན་མིན་གྱི་གནད་ཀྱང་འབྱུང་ངེས་ཡིན། ནང་བསྟན་དཔལ་འབྱོར་རིག་པ་ལས་བཤད་ན་སྤྱོད་པ་ནི་འཚོལ་བ་ལས་ཀྱང་གལ་ཆེ་སྟེ། གལ་ཏེ་ཡང་དག་པའི་སྤྱོད་ཚུལ་ཞིག་མེད་ན་དཔལ་འབྱོར་ལ་སྙིང་བོ་ཅི་ཡང་མེད་པའི་ཕྱིར་རོ། །དེ་བས་སྤྱོད་ཚུལ་ལས་བཤད་ན་སྐྱེས་བུ་དམ་པ་རྣམས་ནི་རང་དང་གཞན་གྱི་དོན་དུ་གཏོང་བས་འབྱོར་བ་ཅུང་ཟད་ཙམ་ཡང་ཆུད་ཟོས་སུ་མི་འགྲོ་བར་མ་ཟད་སྙིང་བོ་ལོན་པ་ཡིན་མོད་ཀྱང་ཐ་ཤལ་རྣམས་ནི་རང་གིས་སྤྱོད་མི་ནུས་ལ་གཞན་དོན་དུ་གཏོང་མི་ནུས། གལ་ཏེ་གཞན་གྱི་སླད་དུ་གཏོང་བར་བྱེད་ནའང་དེ་ནི་  གཞན་ལ་གནོད་བྱེད་དང་དགོས་པ་མེད་པའི་དོན་དུ་གཏོང་བ་ལས་ཕན་བདེ་ཆེད་དུ་མི་འགྱུར་བ་ཡིན་ཏེས་སྐྱའི་ལེགས་བཤདལས། མཁས་པས་ལོངས་སྤྱོད་ལྷག་པར་སྤྱད། ། མི་སྟེར་ན་ཡང་འཕྲོག་པ་མེད། །ཅེས་ལོངས་སུ་སྤྱོད་མིན་ལས་མཛངས་བླུན་གྱི་ཁྱད་འབྱུང་བ་དང་། དགེ་ལྡན་ལེགས་བཤདལས། བླུན་པོ་ཅུང་ཟད་འབྱོར་ན་ཡང་། །གཞན་ལ་གནོད་པ་ཁོ་ན་སྐྱེལ། །ཞེས་བླུན་པོར་འབྱོར་བ་ཅུང་ཟད་ཙམ་རེ་རྒྱས་ན་ཡང་གཞན་ལ་གནོད་བྱེད་འབའ་ཞིག་ཏུ་འགྲོ་བར་གསུངས་སོ། །ང་ཚོས་བདེ་བའི་ཆེད་དུ་དཔལ་འབྱོར་སྒྲུབ་པ་ཡིན་པས་དཔལ་འབྱོར་འཚོལ་གསོག་སྤྱོད་པའི་དུས་གང་དུ་ཡང་གཞན་མི་བདེ་བར་བྱེད་མི་རུང་ལ། གལ་ཏེ་གཞན་མི་བདེ་བར་བྱས་ན་ནམ་ཞིག་དེའི་རྐྱེན་ལས་རང་ཉིད་ཀྱང་མི་བདེ་བར་བྱེད་པ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་ནོ། །

4དཔལ་འབྱོར་གཏོང་ཡུལ་ལས་མངོན་པའི་མཛངས་བླུན་གྱི་སྤྱོད་པ། གཏོང་ཡུལ་གྱི་སྟེང་ནས་ཀྱང་སྐྱེས་བུ་དམ་པས་དཔལ་འབྱོར་དགེ་བའི་ཕྱོགས་དང་བླུན་པོ་རྣམས་ནི་མི་དགེ་བའི་ཕྱོགས་ཁོ་ནར་གཏོང་ཏེ། སྐྱེས་བུ་དམ་པ་རྣམས་ཀྱི་རང་གི་མཐུན་པའི་རྐྱེན་དང་། ལྟོགས་པའི་ཟས། གྲང་བའི་གོས། ནད་པའི་ཡོན། བགྲོད་དཀའི་ཡོན་སོགས་ཆོས་དང་འཇིག་རྟེན་གྱི་ཐེབས་སུ་གཏོང་ལ་དེ་ལྟར་བཏང་བའི་དཔལ་འབྱོར་དེ་ཕན་པ་དང་བདེ་བའི་རྐྱེན་དུ་འགྲོ་བའི་ཕྱིར་དཔལ་འབྱོར་ལ་སྙིང་བོ་ལེན་པ་ཡིན་ལ། སྐྱེས་བུ་ཐ་ཤལ་དག་ནི་སྨད་འཚོང་མ། དུད་ཆང་། ཤོ ཐ་ན་གཞན་ལ་གནོད་པའི་རྐྱེན་དུ་གཏོང་བས་དཔལ་འབྱོར་དེ་ཡང་ནག་པོ་ཧ་ལ་བཞིན་དུ་རང་གཞན་འཇོམས་བྱེད་དམ། མི་དགེ་བ་གསོག་བྱེད་དུ་འགྱུར་བས་སླད་མར་རྣམ་སྨིན་སྡུག་བསྔལ་འབྱིན་པས་དགོས་པ་ལོག་པ་ཡིན་ཏེས་སྐྱའི་ལེགས་བཤདལས། ནོར་གཏོང་ཚུལ་ནི། །བླུན་པོས་དགོས་པའི་སར་མི་བྱིན། །མི་དགོས་པ་ལ་ལྷུག་པར་འཆོར། །ཞེས་གསུངས། 

5 གཞན་གྱི་དཔལ་འབྱོར་དང་འབྲེལ་བའི་མཛངས་བླུན་གྱི་སྤྱོད་པ། སྐྱེས་བུ་ཕལ་བ་མང་བོ་ཞིག་གཞན་ལ་འབྱོར་བ་ལྡན་མིན་ལས་རང་གིས་དེ་ལྟ་འཛིན་པའི་ལྟ་བ་འགྱུར་བཞིན་ཡོད་མོད། སྐྱེས་བུ་དམ་པ་དག་གིས་གཞན་ལ་འཛིན་པའི་ལྟ་སྟངས་ནི་དེ་ལ་དཔལ་འབྱོར་ཡོད་མེད་ལ་འབྲེལ་བ་གང་ཡང་མེད། བོད་ཀྱི་ནང་བསྟན་མི་ཆོས་རིག་པའི་བསྟན་བཅོས་དག་ལས་དཔལ་འབྱོར་དང་རང་གཞན་གྱི་འབྲེལ་བའི་ཐད་དུ་གནད་དུ་འབབ་པ་མང་དུ་གསུངས་ཡོད་དེ། ས་སྐྱའི་ལེགས་བཤདལས། འབྱོར་བའི་དུས་ན་ཐམས་ཅད་གཉེན། །རྒུད་པའི་དུས་ན་ཐམས་ཅད་དགྲ། །ཞེས་མི་ངན་པ་མང་བོ་ཞིག་གི་འབྲེལ་བ་ནི་དཔལ་འབྱོར་གྱི་འབྲེལ་བ་ཡིན་པ་ལས་མིའི་བརྩེ་བ་ལས་བྱུང་བའི་འབྲེལ་བ་མིན་ལ། འབྲེལ་བ་དེ་རིགས་ནི་མཐའ་ཆོད་པའི་འབྲེལ་བ་མིན་པར་དཔལ་འབྱོར་ཡོད་མེད་ཀྱི་རྗེས་སུ་འགྲོ་བའི་འབྲེལ་བ་རེད། དེ་ལྟ་བུའི་དཔལ་འབྱོར་གྱི་རྗེས་སུ་འགྲོ་བའི་འབྲེལ་བ་དེ་ཡང་འཇིག་རྟེན་པར་མཚོན་ན་དགོས་ངེས་ཤིག་མིན་པ་ག་ལ་སྲིད་ཀྱང་མིའི་བརྩེ་སེམས་ཀྱི་ངོས་ནས་བཤད་ན་དེ་ནི་ཕྱི་ཚུལ་ཙམ་ལས་ཕན་ཚུན་ལ་གདུང་སེམས་མཉམ་སྐྱེས་འབྱུང་བའི་འབྲེལ་བ་དེ་རིགས་མིན་ནོ། །

མདོར་ན། ཤེས་རབ་སྡོང་བུལས། དམན་པས་གང་ཚེ་ནོར་ནི་ཅུང་ཟད་རྙེད། །འགྲོ་བ་ཐམས་ཅད་བརྙས་བའི་ང་རྒྱལ་ལྡན། །ཞེས་གསུངས་པ་ལྟར་དཔལ་འབྱོར་འཚོལ་བ་དང་ཐོབ་པ་སྤྱོད་པ་བཅས་ཕྱོགས་གང་གི་ཐད་ནས་ཀྱང་མི་དང་སྲོག་ཆགས། ཁོར་ཡུག སྐྱེ་ཁམས་སོགས་རློག་བྱེད་དུ་གཏན་ནས་འགྱུར་མི་རུང་། འདི་ལྟར་འགྱུར་མིན་དེ་མཐར་གཏུགས་ན་དཔལ་འབྱོར་སྤྱོད་མཁན་གྱི་ཀུན་སྤྱོད་ལ་ཐུག་ཡོད་པས་དཔལ་འབྱོར་སྒྲུབ་པ་དང་དུས་མཉམ་དུ་ཀུན་སྤྱོད་སློབ་གསོ་ནི་ངེས་པར་བརྗེད་མི་རུང་བའི་གནད་དོན་ཆེན་པོ་ཞིག་ཡིན་ལ། ནང་བསྟན་མི་ཆོས་རིག་པ་ལས་བཤད་ན་ཀུན་སྤྱོད་དེ་ནི་ཆོས་ཀྱི་སློབ་གསོ་སྟེ་སེམས་པ་བཟང་བོ་དང་བརྩེ་སེམས། གཞན་ཕན་གྱི་བསམ་པ་དེ་ངེས་པར་དགོས་པ་ཞིག་ཡིན་པས། དཔལ་འབྱོར་འཚོལ་མཁན་དང་། གསོག་མཁན། སྤྱོད་མཁན་ཀུན་གྱི་ཀུན་སྤྱོད་ལེགས་ན་དཔལ་འབྱོར་ནི་འཇིག་རྟེན་གྱི་བདེ་སྐྱིད་དུ་འགྱུར་བ་ལས་གཞན་དུ་ན་རང་གཞན་ལ་སྡུག་བསྔལ་སློང་བྱེད་དུ་འགྱུར་རོ། །

ལྔ་བ། དཔལ་འབྱོར་སྒྲུབ་སྟངས། 

    ནང་བསྟན་དཔལ་འབྱོར་རིག་པ་ལས་དཔལ་འབྱོར་སྒྲུབ་སྟངས་ནི་ཤིན་ཏུ་གལ་ཆེ་སྟེ།དཔལ་འབྱོར་སྒྲུབ་སྟངས་ཡང་དག་པ་ཞིག་མེད་ན། དཔལ་འབྱོར་སྒྲུབ་དུས་ནོར་འཁྲུལ་གང་མང་ཞིག་འབྱུང་ངེས་ལ་སྡུག་བསྔལ་གང་མང་ཞིག་ཀྱང་འབྱུང་ངེས་པ་མ་ཟད། ཐ་ན་བཙོན་ཁང་དུ་འགྲོ་སྲིད་ལ་རང་གི་སྲོག་ཀྱང་གཏང་ངེས་པ་ཡིན་ནོ། །ནང་བསྟན་དཔལ་འབྱོར་རིག་པ་ལས་བཤད་ན་རྩོལ་བ་བྱེད་ཚད་ལ་དཔལ་འབྱོར་ཐོབ་པ་ཞིག་གཏན་ནས་མིན་ཏེ། དཔལ་འབྱོར་ཐོབ་པ་ལ་ཕྱི་ནང་གི་རྐྱེན་གཉིས་ཡོད་པས་རྐྱེན་དེ་གཉིས་གསལ་བོར་ངོས་ཟིན་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན། ཕྱི་རྐྱེན་ནི་ཕྱིའི་ཐོན་ཁུངས་དང་། དཔལ་འབྱོར་སྒྲུབ་པའི་ཕྱིའི་ཆ་རྐྱེན་ལ་རག་ལས་ཤིང་། ནང་གི་རྐྱེན་ལ་ཚེ་སྔ་མར་བསགས་པའི་བསོད་ནམས་དང་། ཚེ་འདི་ལ་བསགས་པའི་བསོད་ནམས། མི་རང་གི་དཔལ་འབྱོར་སྒྲུབ་པའི་བརྩོན་པ་དང་ཤེས་རབ་བཞི་ཡོད། ཕྱི་རྐྱེན་དེ་དག་ཀྱང་མཐར་གཏུགས་ན་ནང་གི་རྐྱེན་ཡིན་པས་འདིར་དེ་དག་རགས་ཙམ་བཤད་པ་བྱ་སྟེ། 

དང་བོ། དཔལ་འབྱོར་སྒྲུབ་སྟངས་ཐད་ཀྱི་ལས་འབྲས་ཀྱི་འབྲེལ་བ། གོང་དུ་བཤད་པའི་དཔལ་འབྱོར་ཐོབ་པའི་རྐྱེན་དེ་དག་ལས་ཆེས་གལ་ཆེ་བ་ནི་མི་རང་གི་བསོད་ནམས་གྱི་སྟོབས་ཡིན་ཏེ། ཆུ་ཤིང་གི་བསྟན་བཅོསལས། དམན་པས་བསགས་ཀྱང་མི་འགྲུབ་ལ། །བསོད་ནམས་ལྡན་པས་བཏང་ཡང་འབྱོར། །ཞེས་གསུངས་པ་ལྟར་དཔལ་འབྱོར་ལག་ཏུ་འབྱོར་བ་ལ་བསོད་ནམས་དགོས་ཤིང་། ཐོབ་པའི་དཔལ་འབྱོར་མི་ཉམས་པའི་ཆེད་དུ་ཡང་བསོད་ནམས་གསག་དགོས། བསོད་ནམས་ཞེས་པ་ནི་ཆོས་ལུགས་ཀྱི་ཐ་སྙད་ཅིག་ཡིན་མོད་ཀྱང་མཐར་གཏུགས་ནས་བཤད་ན་རྒྱུ་ཁྱད་པར་ཅན་ཞིག་གི་མིང་ཡིན།

1 དཔལ་འབྱོར་ཐོབ་མི་ཐོབ་བསོད་ནམས་ལ་འབྲེལ་ཡོད་པ། དེ་ཡང་འབྱོར་བ་ཐོབ་མི་ཐོབ་དེ་མི་རང་གི་བསོད་ནམས་ལ་འབྲེལ་ཡོད་དེ། བསོད་ནམས་དེ་ལ་ཚེ་སྔོན་མའི་བསོད་ནམས་ཡོད་ལ། ཚེ་འདིར་བསགས་པའི་བསོད་ནམས་ཀྱང་ཡོད། བསོད་ནམས་ཞེས་པ་ནི་དགེ་བའི་ལས་ཀྱི་མིང་ཡིན་ཏེ། མཐར་ཐུག་ནས་བཤད་ན་དཔལ་འབྱོར་ཐོབ་མི་ཐོབ་ཀྱི་སྟེང་ན་ལས་འབྲས་ཀྱི་འབྲེལ་བ་ཞིག་ཡོད་དེ་མི་ལ་ལ་ཞིག་གིས་རྩོལ་བ་དེ་འདྲ་མ་བྱས་ཀྱང་དཔལ་འབྱོར་ཐོབ་ལ། ལ་ལས་རྩོལ་སྒྲུབ་མང་དུ་བྱས་ཀྱང་མི་ཐོབ་པ་ནི་བསོད་ནམས་ལ་རག་ལས་ཏེ།ས་སྐྱའི་ལེགས་བཤདལས། མི་གང་བསོད་ནམས་ལ་སྤྱོད་པ། །   བཏང་ཡང་ལོངས་སྤྱོད་ཆར་བཞིན་འབབ། །ཅེས་དང་། ཆུ་ཤིང་གི་བསྟན་བཅོསལས།   དབུལ་ཕྱུག་དར་རྒུད་མཐོ་དམན་ཀུན། །སྔོན་སྤྱད་ལས་ཀྱི་གོ་རིམ་སྟེ། །ཞེས་པ་ལྟར་ལོངས་སྤྱོད་ལྡན་པ་ལ་བསོད་ནམས་གསག་དགོས་ཏེ། བསོད་ནམས་ཀྱི་ཕྱིར་ཏུ་གཞན་ལ་བཏང་བས་ན་དེའི་འབྲས་བུར་ལོངས་སྤྱོད་ཟད་པ་མེད་པར་འབྱུང་བ་ཡིན་གསུངས། 

2 བསོད་ནམས་མེད་ན་ལོངས་སྤྱོད་འཛོམས་ཀྱང་ཉམས་འགྲོ། དཔལ་འབྱོར་དང་འབྲེལ་བའི་བསོད་ནམས་ལ་དཔལ་འབྱོར་རྒྱས་མིན་དང་འབྲེལ་བའི་བསོད་ནམས་ཤིག་དང་དཔལ་འབྱོར་བརྟན་མིན་དང་འབྲེལ་བའི་བསོད་ནམས་ཤིག  དཔལ་འབྱོར་རང་གི་མཐུན་རྐྱེན་དུ་འགྲོ་མིན་དང་འབྲེལ་བའི་བསོད་ནམས་ཤིག་དང་གསུམ་ཡོད། གལ་ཏེ་ཁྱོད་ཀྱིས་དཔལ་འབྱོར་རྒྱས་པའི་བསོད་ནམས་བསགས་ཀྱང་བརྟན་པའི་བསོད་ནམས་མ་བསགས་ན་ལོངས་སྤྱོད་འཛོམས་ཀྱང་དེ་མུར་ཉམས་འགྲོ་ངེས་ཏེ། སྔ་དྲོའི་ཕྱུག་པོ་ཕྱི་དྲོར་དབུལ་བོར་འགྱུར་བ་ད་ལྟའང་མང་དུ་མཐོང་བས་སོ། །དེ་བསཆུ་ཤིང་གི་བསྟན་བཅོསལས། འབྱོར་ལྡན་བསོད་ནམས་གསོག་དགོས་ཏེ། །བསོད་ནམས་ཉམས་ན་རྒུད་པ་སླ། །ཞེས་རང་གི་རྒྱུ་ནོར་ལོངས་སྤྱོད་སྙན་པའི་གྲགས་པ་སོགས་ཉམས་པ་ནི་རང་གི་བསོད་ནམས་ཡིན་པར་གསུངས་པ་དེ་ནང་བའི་བསྟན་པའི་སྦྱིན་བདག་དག་ལ་མཚོན་ན་ཚུལ་དེ་ངེས་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན། 

3 བསོད་ནམས་མ་བསགས་ན་དཔལ་འབྱོར་བསགས་ཀྱང་དབུལ་བ་མི་སེལ་བ། བསོད་ནམས་གསོག་པ་ནི་གོང་དུ་བཤད་པའི་དཔལ་འབྱོར་རྒྱས་པ་དང་བརྟན་པ་ལ་འབྲེལ་བ་ཡོད་པ་མ་ཟད། དཔལ་འབྱོར་རང་གི་མཐུན་རྐྱེན་དུ་འགྲོ་བ་ལའང་འབྲེལ་བ་ཡོད། གལ་ཏེ་དཔལ་འབྱོར་རང་གི་མཐུན་རྐྱེན་དུ་མི་འགྲོ་ཞིང་དབུལ་བ་མི་སེལ་ན་དཔལ་འབྱོར་དེ་ནི་ཡི་དྭགས་ཀྱི་འབྱོར་བ་བཞིན་དུ་འགྱུར་བས་གསེར་གྱི་གཏེར་ཁ་ལ་དབང་དུ་འབྱོར་ཡང་སྔར་བཞིན་དབུལ་བོ་ཡིན་པ་ལས་ཕྱུག་པོ་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད་དེཆུ་ཤིང་གི་བསྟན་བཅོསལས། རྩ་བ་བསོད་ནམས་མེད་གྱུར་ན། །བསགས་པས་དབུལ་བ་མི་སེལ་ཏེ། །སྡོང་པོ་རླན་དང་བྲལ་བ་ལ། །ཡལ་གར་ཆུ་བོས་བྱུགས་ཀྱང་ཅི། །ཞེས་བརླན་དང་བྲལ་བའི་སྡོང་བོ་རྒྱས་མི་སྲིད་པའི་དཔེའི་སྒོ་ནས་གསུངས་ཤིང་རྒྱུ་ནོར་ལོངས་སྤྱོད་བསགས་ཀྱང་དབུལ་བའི་གདུང་བ་མི་སེལ་བས་དཔལ་འབྱོར་དེ་རིགས་བསྒྲུབས་ཀྱང་དོན་མེད་པ་ཉིད་དོ། །

4དཔལ་འབྱོར་ཆོས་ཀྱིས་བསྒྲུབ་ན་བསྒྲུབ་སླ་བ། ནང་བའི་ཆོས་ལས་དཔལ་འབྱོར་སྒྲུབ་ཐབས་ཀྱི་སྐོར་མང་དུ་གསུངས་པས་དེ་བཞིན་དུ་སྒྲུབ་པ་ནི་ཤིན་ཏུ་སླ་བ་ཡིན་ཏེ། 《རླུང་གི་བསྟན་བཅོསལས། ཚེ་འདིའི་བདེ་འབྱོར་སྒྲུབ་ན་ཡང་། །ཆོས་ཀྱིས་བསྒྲུབ་ན་མོད་ལ་འགྲུབ། །ཅེས་གསུངས། འདི་ལ་གོ་རྒྱུ་ཡོད་པ་ནི་གཅིག་ནི་ཆོས་ལ་བརྟེན་ནས་བསོད་ནམས་བསགས་པ་དང་། གཉིས་སུ་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ནོར་ལྷ་བསྟེན་པ་དང་དམ་པའི་ཆོས་སྒྲོག་པ། གཡང་འབོད་གཏེར་སྒྲུབ་སོགས་ཀྱང་དཔལ་འབྱོར་ཆོས་ཀྱིས་བསྒྲུབ་ཅེས་པའི་ནང་དུ་འདུས་པས་ནང་བསྟན་དཔལ་འབྱོར་རིག་པ་ནི་དེང་རབས་དཔལ་འབྱོར་རིག་པ་དང་མི་འདྲ་བའི་གནད་ཅིག་འདི་ན་ཡོད་དོ། །

5ཤེས་རབ་ནི་དཔལ་འབྱོར་སྒྲུབ་མཁན་ལ་མེད་དུ་མི་རུང་བ། ཆོས་དང་འཇིག་རྟེན་གང་སྒྲུབ་ན་ཡང་ཤེས་རབ་མེད་དུ་མི་རུང་སྟེ། ཤེས་རབ་ནི་ལེགས་ཉེས་བླང་དོར་འབྱེད་བྱེད་ཀྱི་མིག་ཟུང་ལྟ་བུ་ཡིན་པས་སོ། །གལ་ཏེ་ཤེས་རབ་མེད་པར་བརྩོན་པ་ཁོ་ན་ལ་བརྟེན་ནས་ལས་ལ་འཇུག་པ་ནི་འཁོར་ལོ་ཡ་གཅིག་མེད་པའི་རླངས་འཁོར་བཞིན་དུ་ལམ་དུ་རྒྱུ་བར་ནུས་པ་གཏན་ནས་མ་ཡིན། དེ་བས་ནང་བསྟན་དཔལ་འབྱོར་རིག་པ་ལས་ཀྱང་ཆེས་གལ་ཆེ་བ་ཞིག་ནི་ཤེས་རབ་ཡིན་ཏེ། ཤེས་རབ་ནི་ལས་གང་ལ་ཡང་མེད་མི་རུང་བ་ཡིན་པས་ཤེས་པ་ཐམས་ཅད་ལས་རབ་ཏུ་གྱུར་པས་ཤེས་རབ་ཅེས་འབོད་པ་ཡིན། དེ་བསརྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ཕལ་བས་སྒྲུབ་པར་མི་ནུས་པ། །ཤེས་རབ་ལྡན་པས་ཐབས་ཀྱིས་འགྲུབ། །ཅེས་གསལ་བོར་གསུངས་ལ་རྒྱས་པར་ནི་འོག་ཏུ་བརྗོད་དོ། །

གཉིས་པ། དཔལ་འབྱོར་གསོག་ཚུལ།1ཚུལ་མིན་གྱི་དཔལ་འབྱོར་ནི་དཔལ་འབྱོར་གྱི་སྙིགས་མ་ཡིན་ཚུལ། ཚུལ་མིན་གྱི་རྒྱུ་ནོར་གསོག་པ་ནི་དམ་པའི་ལོངས་སྤྱོད་མིན་ཏེ་དེ་ནི་ལུགས་ཀྱི་བསྟན་བཅོས་ལས་རང་གི་ལོངས་སྤྱོད་ལ་ཡང་མི་བརྩི་བར་བཤད་དེ། ས་སྐྱའི་ལེགས་བཤདལས། སྡིག་པ་དང་ནི་མཐུ་རྩལ་ལས། །བྱུང་བའི་ལོངས་སྤྱོད་ལོངས་སྤྱོད་མིན། །ཞེས་ཚུལ་མིན་ལ་བྱུང་བའི་ལོངས་སྤྱོད་དེ་ལོངས་སྤྱོད་ལ་བརྩིར་མེད་པ་དང་། ཡང་། ལོངས་སྤྱོད་འགྲུབ་པར་མཐོང་ན་ཡང་། །གནས་མ་ཡིན་ལས་སུ་ཞིག་ལེན། །ཞེས་དམ་པ་རྣམས་ཀྱིས་གནས་མ་ཡིན་པ་སྟེ་ལུགས་དང་མི་མཐུན་ཞིང་ཚུལ་མ་ཡིན་པ་ལས་ལོངས་སྤྱོད་འཕེལ་བར་མཐོང་ནའང་མི་ལེན་པར་གསུངས་ཤིང་། རིགས་པས་རྙེད་པའི་ཟས་ནོར་བླང་། །མི་འོས་གཞན་ལ་རློམ་སེམས་སྤང་། །ཞེས་ལུགས་དང་མཐུན་པ་དང་ཚུལ་དང་མཐུན་པ་ལས་གནས་མ་ཡིན་པ་ལས་མི་ལེན་པར་གསུངས་པ་དང་། ཆུ་ཤིང་གི་བསྟན་བཅོསལས་ཀྱང་། བུན་དང་ བསྐྱེད་ཀྱིས་ནོར་སྤེལ་བར། །འདོད་ཀྱང་རྩ་བ་སྟོང་པ་མང་། །ཞེས་དམ་པའི་ཆོས་དང་ འགལ་ཞིང་། འཇིག་རྟེན་ལུགས་དང་མི་མཐུན་པའི་དཔལ་འབྱོར་སྒྲུབ་སྟབས་དེ་གཏན་ ནས་མི་རུང་བ་གསལ་བར་གསུངས། 

2བདེ་བའི་རྐྱེན་དུ་དཔལ་འབྱོར་གསོག་པ་ལས་སྡུག་པའི་རྐྱེན་དུ་གསོག་མི་རུང་བ། དཔལ་འབྱོར་གསོག་པ་ལ་སྡུག་མྱོང་བ་ལས་རང་གཞན་གྱི་བདེ་ཐབས་སུ་མི་བསམ་པ་དང་མི་སྤྱོད་པ་དེ་དག་ནི་བྱི་བ་ལྟ་བུར་དཔལ་འབྱོར་གྱི་བྲན་དུ་ཚུད་པ་ལས་མ་འདས་ཏེ། ས་སྐྱའི་ལེགས་བཤདལས། བླུན་པོ་ལོངས་སྤྱོད་གསོག་རྣམས་ལ། །གཉེན་གྱི་བསམ་པ་ག་ལ་ཡོད། །སྡིག་སྡུག་གཏམ་ངན་ཁོ་ན་ཡིས། །བྱི་བ་བཞིན་དུ་བསགས་ནས་འཆི། །ཞེས་དཔལ་འབྱོར་བསགས་པ་དེ་སྡིག་པའི་རྐྱེན་དུ་འགྱུར་བར་གསུངས་པ་དེ་གོལ་སར་ཕྱིན་པ་དང་། བླུན་པོས་གསོག་གི་སྡུག་བསྔལ་ཉིད། །མྱོང་གི་སྤྱད་པའི་བདེ་མི་མྱོང་། །ཞེས་པ་ལྟར་གསོག་པའི་སྡུག་བསྔལ་ལས་སྤྱད་པའི་བདེ་བ་ཅི་ཡང་མྱོང་མི་ཐུབ་པའི་དཔལ་འབྱོར་ནི་དཔལ་འབྱོར་མ་ཡིན་པ་ཉིད་དེ་དེས་དཔལ་འབྱོར་སྒྲུབ་པའི་དགོས་པ་བོར་ཞིང་དགོས་པ་ཅི་ཡང་མེད་པར་བསྟན། 

3དཔལ་འབྱོར་གྱི་ཆེད་དུ་ཡ་རབས་སྤྱོད་བཟང་འབོར་མི་རུང་བ། དཔལ་འབྱོར་སྒྲུབ་པའི་ཚེ་བདེན་དྲང་དགོས་པ་ལས་གཡོ་སྒྱུ་ཁྲམ་གསུམ་གྱིས་སྒྲུབ་མི་རུང་སྟེ། ས་སྐྱའི་ལེགས་བཤདལས། རྫུན་གྱིས་ཕ་རོལ་བསླུས་སོ་ཞེས། །སྙམ་ན་རང་ཉིད་བསླུས་པ་ཡིན། །ལན་ཅིག་རྫུན་དུ་སྨྲ་བ་དེས། །བདེན་པ་སྨྲས་ཀྱང་དོགས་པ་སྐྱེ། །ཞེས་གསུངས་པ་ལྟར་ཡུན་རིང་ཞིང་མུ་སྐྱོང་བའི་དཔལ་འབྱོར་བ་ཞིག་ཡིན་ན་བདེན་དྲང་དགོས་པ་ལས་རེ་ཞིག་འགྲོ་ཐབས་ཀྱིས་གཞན་མགོ་བསྐོར་བ་དེ་ནི་མཐར་གཏུགས་ན་གཞན་ལ་གནས་སྐབས་ཀྱི་མགོ་སྐོར་བཏང་བ་ཡིན་ལ་རང་ལ་ཕུགས་ཀྱི་མགོ་སྐོར་བཏང་བ་ཡིན་ནོ། །དེ་བས་ཕུགས་མི་བསམ་པར་གནས་སྐབས་བསམ་པའི་གཡོ་ཁྲམ་དེ་དག་ནི་རང་ཉིད་ཕོངས་པའི་རྒྱུ་ཁོ་ནར་ཟད་དོ། །གནད་འདི་མ་ཤེས་པས་རང་རེའི་བོད་ཀྱི་དཔལ་འབྱོར་གཉེར་མཁན་མང་བོ་ཞིག་གིས་གྱོང་མྱོང་བཞིན་པའང་བདེན་དྲང་དང་ཡ་རབས་སྤྱོད་བཟང་གི་གཤིས་ཀ་ཡལ་བར་བོར་བ་ལ་ཐུག་ཡོད་དོ། །

4ནོར་གྱི་ཆེད་དུ་ལུས་གཏོང་མི་རུང་བའི་ཚུལ། མི་ཚེའི་བདེ་ཐབས་སུ་ནོར་གསག་པ་ལས་མི་ཚེའི་སྡུག་བསྔལ་གྱི་ཆེད་དུ་ནོར་གསག་པ་གཏན་ནས་མིན། དེ་བས་ནོར་ལ་བརྟེན་ནས་འཚོ་བར་བྱ་བ་ལས་ནོར་གྱི་ཆེད་དུ་ལུས་བཏང་ན་རྩ་བ་ནས་གོ་ལོག་པ་ཡིན། དེ་བས་དཔལ་འབྱོར་ལུས་ཀྱི་འཚོ་བའི་ཆེད་དུ་སྒྲུབ་པ་ལས་ལུས་ལ་མནར་གཅོད་གཏོང་བའི་ཆེད་དུ་མིན་ཏེ། ཤེས་རབ་སྡོང་བུལས། བཟང་པོའམ་ནི་ངན་པ་ཡི། །སྦྱོར་བ་གང་ཡང་རུང་བ་ཡིས། །ལུས་ནི་ཤིན་ཏུ་བསྲུང་བྱ་ཡི། །ནོར་ལ་ཆགས་པས་ཅི་ཞིག་བྱ། །ཞེས་དང་། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། བླུན་པོ་རྣམས་ཀྱིས་ལུས་བཀོལ་ནས། །ནོར་གསོག་པ་ཡི་ཚེ་གཏུགས་ཏེ། །སྡུག་བསྔལ་འབའ་ཞིག་ཐོབ་འགྱུར་ཞིང་། །རྒས་ནས་འདོད་པས་ཅི་ཞིག་བྱ། །ཞེས་གསུངས་པས་སོ། །

5 དཔལ་འབྱོར་ནི་རྩོལ་བའི་འབྲས་བུ་ཡིན་པ། དཔལ་འབྱོར་སྒྲུབ་པ་ལ་ཕྱི་ནང་གི་རྐྱེན་དུ་མ་དགོས་པ་ལས་རྩོལ་བ་དེའི་རྐྱེན་ལས་གཙོ་བོ་ཞིག་ཡིན་ཏེ། ཆུ་ཤིང་གི་བསྟན་བཅོསལས། རྒྱུན་ཆགས་བརྩོན་པ་མ་བཏང་བར། །བགས་ཀྱིས་བསྒྲུབ་ན་ཅི་ཡང་འགྲུབ། །ཅེས་དང་། ཤེས་རབ་སྡོང་བུལས། རིག་སྔགས་ལོག་པར་ཤེས་པ་དུག ། ནད་ལ་བཏང་སྙོམས་བྱས་པ་དུག ། རྒན་པོས་གཞོན་ནུ་བསྟེན་པ་དུག །དབུལ་བོ་ཉིན་པར་ཉལ་པ་དུག ། ཅེས་གསལ་བར་གསུངས་ཤིང་། དེ་ལས་བརྩོན་པ་མི་བྱེད་པར་གཞན་ལས་སློང་མོ་ཁོ་ནས་འཚོ་བར་འདོད་པ་ནི་གནས་མ་ཡིན་པར་གསུངས་ཏེ། ཤེས་རབ་སྡོང་བུལས། གཞན་ལས་ཚོལ་ཞིང་ཟས་ཞིམ་འདོད། །སློང་མོས་འཚོ་ཞིང་ཁེངས་པ་ཆེ། །བསྟན་བཅོས་ཤེས་མེད་རྩོད་པར་འདོད། །ཁྱོད་ཀྱི་དེ་གསུམ་བཞད་གད་རྒྱུ། །ཞེས་འཇིག་རྟེན་བཞད་གད་ཀྱི་རྒྱུར་གསུངས་པའི་ཕྱིར་རོ། །

6 ནོར་གྱི་དོན་དུ་ཆོས་གཏོང་མི་རིགས་པའི་ཚུལ། ནོར་ནི་ཆོས་སྒྲུབ་པའི་མཐུན་རྐྱེན་ཞིག་དང་རང་གཞན་གྱི་དོན་སྒྲུབ་པའི་མཐུན་རྐྱེན་ཞིག་ཡིན་པས་རང་གཞན་ལ་གནོད་པའི་ཆེད་དུ་སྒྲུབ་ན་གཏན་ནས་མི་འགྲིག་ཏེ། སྔོན་གྱི་བསྟན་བཅོས་དག་ལས་ཆོས་ཀྱི་ཆེད་དུ་ནོར་དགོས་པ་ལས་ནོར་གྱི་དོན་དུ་ཆོས་གཏོང་མི་རིགས་པའི་གནས་ལུགས་ཡང་ཡང་གསུངས་ཏེ། ཙ་ན་ཀའི་ལུགས་ཀྱི་བསྟན་བཅོསལས། ཆོས་ནི་འཇིག་རྟེན་ལ་གཏོགས་པས། །ནོར་གྱི་དོན་དུ་དེ་མི་སྤང་། །སྐྱེ་བོ་བཀྲེན་པ་ནོར་འདོད་པས། །སྡུག་བསྔལ་གང་ཞིག་བྱས་གྱུར་པ། །དེ་ཡིས་གལ་ཏེ་ཆོས་དོན་གཉེར། །སླར་ཡང་ཉོན་མོངས་གནོད་མི་འགྱུར། །ཞེས་འཇིག་རྟེན་དང་ཁ་བྲལ་ན་ཆོས་ཀྱི་དོན་སྙིང་ཀྱང་མེད་དེ། འཇིག་རྟེན་ཡོད་པས་ད་གཟོད་ཆོས་དགོས་པ་ཡིན། ནོར་ཁོ་ན་དོན་དུ་གཉེར་ནས་ཆོས་བོར་ན་ནོར་དེ་ཡིས་སྡུག་བསྔལ་འདྲེན་པར་ངེས་ཏེ། ཆོས་ཀྱིས་ལུས་ངག་ཡིད་གསུམ་ཚོད་ཟིན་པའི་དམ་པ་རྣམས་ལ་ནོར་གྱིས་བདེ་བ་སྟེར་བར་བྱེད་ཀྱི་གཞན་དུ་ན་སྡུག་བསྔལ་འདྲེན་པ་ཉིད་དོ། །

7 རབ་བྱུང་བས་ཚོང་ལས་སོགས་ཀྱིས་དཔལ་འབྱོར་གཉེར་མི་ཆོག་པ། ནང་བསྟན་མི་ཆོས་རིག་པ་ལས། རབ་བྱུང་བས་ཚོང་དང་ཞིང་ལས་ཕྱུགས་སྐྱོང་སོགས་འགོག་པ་ལས་ཁྱིམ་པ་རྣམས་ལ་ཚོང་དང་ཞིང་ལས་བྱེད་པའང་མི་འགོག་ཏེ། དགེ་ལྡན་ལེགས་བཤད་ལས། ཚོང་དང་ཞིང་ལས་མ་ནུས་པའི། །ཁྱིམ་པ་ཕལ་ཆེར་དབུལ་ལ་ལྟོས། །ཞེས་དཔལ་འབྱོར་གྱི་ཆེད་དུ་ཞིང་དང་ཚོང་ལས་ལ་ཕྱོགས་དགོས་པར་བསྟན་ཞིང་བློ་གྲོས་དམན་པ་ཞིག་གིས་ནང་བ་ཡིན་ན་དཔལ་འབྱོར་སྤང་བྱར་བཟུང་ནས་དབུལ་བོར་བྱ་དགོས་ཟེར་བ་མགོ་འཁོར་བའོ། །འདིའི་ཚུལ་ནི་འདུལ་བ་ལས་རྒྱ་ཆེར་གསུངས་ཤིང་མི་ཆོས་རིག་པར་གསུངས་པའང་ཆོས་འདུལ་བ་དང་མི་མཐུན་པ་གང་ཡང་མེད་དོ། །

དྲུག་པ། དཔལ་འབྱོར་སྲུང་སྟངས། 

    དཔལ་འབྱོར་རིག་པ་ལས་དཔལ་འབྱོར་སྲུང་བ་ནི་དཔལ་འབྱོར་སྒྲུབ་པ་བཞིན་དུ་གལ་ཆེ་བ་སྟེ། གལ་ཏེ་སྲུང་མ་ནུས་ན་བསགས་པ་ཆུད་ཟོས་སུ་འགྲོ་བའི་ཕྱིར་རོ། །འོ་ན་དཔལ་འབྱོར་སྲུང་དོན་ཅི་ཞེ་ནཙ་ན་ཀའི་ལུགས་ཀྱི་བསྟན་བཅོསལས། ཕོངས་པའི་ དོན་དུ་ནོར་སྲུང་སྟེ་ཞེས་ཕོངས་པ་མི་འབྱུང་བའི་ཆེད་དུ་ཡིན་པར་གསུངས་ཤིང་། དཔལ་འབྱོར་ཇི་ལྟར་སྲུང་སྟངས་ཇི་འདྲ་ཞིག་ཡིན་ཞེ་ན་ལུགས་ཀྱི་བསྟན་བཅོས་ལས་འདི་ལྟར་གསུངས་ཏེ། 

1དཔལ་འབྱོར་སྲུང་བའི་ཐབས་ལམ། དཔལ་འབྱོར་གཏོང་བ་ནི་དཔལ་འབྱོར་སྲུང་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་ཏེ། ས་སྐྱའི་ལེགས་བཤདལས། ལོངས་སྤྱོད་གསོག་པར་འདོད་རྣམས་ཀྱིས། །འཕེལ་ན་གཏོང་བ་བསྲུང་བའི་མཆོག །ཅེས་མཁས་པ་ལོངས་སྤྱོད་གསོག་འདོད་ན་རྒྱུ་ནོར་གཞན་དོན་དུ་གཏོང་དགོས་པར་བསྟན། དེའི་གནད་ཀྱང་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པ་དང་ཤིན་ཏུ་མཐུན་ནོ། །

2 དཔལ་འབྱོར་རྒྱས་པའི་མན་ངག དཔལ་འབྱོར་གཏོང་བ་ནི་དཔལ་འབྱོར་རྒྱས་པའི་མན་ངག་ཡིན་ཏེ། དེའི་གནད་ཀྱང་གོང་དུ་བཤད་པ་ལྟར་ལས་འབྲས་ཀྱི་འབྲེལ་བ་ལ་ཐུག་ཡོད་ཅིང་། མདོ་ལས་ཚུལ་དེ་ཡང་ཡང་གསུངས་པ་ལྟརཆུ་ཤིང་གི་བསྟན་བཅོསལས་ཀྱང་། ལོངས་སྤྱོད་སྤེལ་བར་འདོད་པ་ཡིས། །ཆ་ཤས་གཏོང་བ་མན་ངག་སྟེ། །ཞེས་ལོངས་སྤྱོད་གསོག་པར་འདོད་པ་རྣམས་ཀྱིས་གཏོང་བ་བྱེད་པ་ནི་སྲུང་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་པར་གསུངས། 

3 ཆོས་ལ་བརྟེན་ནས་དཔལ་འབྱོར་སྲུང་བའི་ཐབས། ཆོས་ཀྱི་ཚུལ་སྲུང་བ་ནི་དཔལ་འབྱོར་སྒྲུབ་པའི་ཐབས་ཡིན་ཏེ། ས་སྐྱའི་ལེགས་བཤདལས། གང་ཞིག་ནོར་ འདོད་སྐྱེ་བོས་ཀྱང་། །ཆོས་ཉིད་གཙོ་བོར་བསྲུང་བར་བྱ། །ཆོས་ལས་ཉམས་པའི་ནོར་ཙམ་ནི། །འཇིག་རྟེན་འདིར་ཡང་ག་ལ་རྟག །ཅེས་ཆོས་ལ་བརྟེན་ནས་བསྒྲུབ་དགོས་ཤིང་ཆོས་ཉམས་པར་བྱས་ཏེ་སྒྲུབ་པའི་དཔལ་འབྱོར་ཡིན་ན་ནམ་ཡང་མི་རྟག་པར་ཉམས་འགྲོ་བར་བསྟན་ཡོད། 

4 མཐུན་པའི་ཡུལ་དུ་དཔལ་འབྱོར་གཉེར་དགོས་པ། དཔལ་འབྱོར་གཉེར་བ་ལ་མཐུན་པའི་ཡུལ་དང་དུས་གལ་ཆེ་སྟེ། ས་སྐྱའི་ལེགས་བཤདལས། ངོ་ཚ་ཁྲེལ་ལ་མི་ལྟ་ ཞིང་། །མཆོད་དང་བརྙས་པའི་ཁྱད་མི་ཤེས། །ཟས་དང་ནོར་ལ་ཆགས་ལྡན་པ། །དེ་འདྲའི་གནས་སུ་བསྡད་མི་བྱ། །ལོངས་སྤྱོད་ཉམས་པའི་ས་ཕྱོགས་སྤང་། །མི་འཕྲོད་ན་ཡང་གཉའ་སྐྱིས་འཇོམས། །ཞེས་ངོ་ཚ་ཁྲེལ་འདས་ཀྱི་སྐྱེ་བོ་མང་བོའི་གནས་དང་། མཆོད་པ་བརྙས་པའི་ཁྱད་པར་མི་ཤེས་པའི་གྲོགས་ཀྱིས་ཁེངས་པའི་ཡུལ་དུ་དཔལ་འབྱོར་གཉེར་ན་དགོས་པ་མེད་པས་དུས་དང་ཁོར་ཡུག་བཟང་བོ་ཞིག་ལ་བསྟུན་ན་རྐྱེན་བཟང་བོ་དང་ལྡན་པས་མཐུན་པའི་ཡུལ་ན་གནས་པ་ཤིན་ཏུ་གལ་ཆེ་བར་བསྟན་ཡོད། 

5 དཔལ་འབྱོར་ལས་རང་ཚུགས་ཉམས་མི་རུང་བ། དཔལ་འབྱོར་སྲུང་བ་ལ་ཡ་རབས་སྤྱོད་བཟང་གི་མི་ཆོས་གལ་ཆེ་སྟེ་དེ་མེད་ན་རང་གི་སྤྱོད་པ་བུ་དང་ཆུང་མ་སོགས་ལ་འགོས་ནས་ནམ་ཞིག་ལོངས་སྤྱོད་ཉམས་པར་འགྱུར་ཏེ། རང་གིས་སྐྱའི་ལེགས་བཤདལས། རིགས་རྒྱུད་ཕྱུག་པོར་བྱ་སྙམ་ནས། །རང་ཉིད་བཙོངས་ནས་བུ་ལ་སྟེར། །བུ་ངན་ཕ་ལ་རྒོལ་བཞིན་དུ། །ནོར་རྣམས་བརླགས་ནས་ཁྱི་བཞིན་འཁྱམས། ཞེས་ཡ་རབས་སྤྱོད་བཟང་གི་མི་ཆོས་མེད་ན་མཐར་གཏུགས་ན་རང་གི་འཁོར་དང་བཅས་པ་རྒུད་པའི་ལམ་དུ་འགྲོ་བ་གསལ་བོར་གསུངས། 

བདུན་པ། དཔལ་འབྱོར་གྱི་དོ་དམ། 

    དཔལ་འབྱོར་ལ་དོ་དམ་བཟང་བོ་ཞིག་དགོས་ཏེ། དོ་དམ་མེད་ན་དཔལ་འབྱོར་དོན་མེད་དུ་ཆུད་ཟོས་སུ་འགྲོ་ལ་རང་འཕུང་གཞན་གནོད་ཀྱི་རྐྱེན་དུ་ཡང་འགྱུར་ངེས་རེད། དོ་དམ་ནི་གོང་དུ་བཤད་པའི་དཔལ་འབྱོར་སྲུང་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ་དཔལ་འབྱོར་སྤེལ་བའི་ཐབས་ཚུལ་རྨད་དུ་བྱུང་བ་ཞིག་ཀྱང་ཡིན། 

1 དཔལ་འབྱོར་ཆུད་ཟོས་སུ་འགྱུར་མི་རུང་བ། ནང་བསྟན་མི་ཆོས་རིག་པ་ལས་དཔལ་འབྱོར་དོན་མེད་དུ་ཆུད་ཟོས་སུ་འགྲོ་བ་འགོག་པར་མཛད་དེ། སའི་བསྟན་བཅོསལས། ནོར་རྫས་ཆུང་ངུ་དག་ལ་ཡང་། །ཕངས་མེད་ཆུད་ཟོས་བྱ་མི་རུང་། །ཞེས་ནོར་རྫས་ཆེན་པོ་ཕར་ཞོག་ཆུང་ངུ་དག་ལ་ཡང་གཅེས་སྤྲས་བྱ་དགོས་པ་གལ་ཆེན་པོར་བསྟན་ཡོད་ལ། དེ་ནི་སེར་སྣའི་གཏོང་མི་ཕོད་པ་མ་ཡིན་པར་དགོས་མེད་དུ་མི་བརླག་པའི་ཆེད་དུ་ཡིན། 

2 དཔལ་འབྱོར་ལ་དོ་དམ་ལེགས་པོ་བྱེད་པ། དཔལ་འབྱོར་ལ་དོ་དམ་ལེགས་པོ་བྱ་དགོས་ཏེ། དོ་དམ་ནི་དཔལ་འབྱོར་རིག་པ་ལས་ཆེས་གལ་ཆེ་བའི་བྱ་བ་ཞིག་ཡིན། གལ་ཏེ་དོ་དམ་ལེགས་པོ་མེད་ན་ལམ་ཁའི་ཤིང་གི་འབྲས་བུ་བཞིན་དུ་འགྱུར་བའི་ཉེན་ཁ་ཆེ་སྟེ། ཆུ་ཤིང་གི་བསྟན་བཅོསལས། ལམ་ཁའི་ཤིང་གི་འབྲས་བུ་དེ། །བྱིས་པའི་རྡོ་ཆར་འབེབས་པའི་རྒྱུ། །བདག་པོ་ངན་པའི་ལོངས་སྤྱོད་ཀྱང་། །ཕལ་ཆེར་དགྲ་ཡི་གཡབ་མོ་ ཡིན། །ཞེས་གསུངས་སོ། །

དཔལ་འབྱོར་དོ་དམ་ཞེས་པ་ཡང་། དཔལ་འབྱོར་དམ་དུ་འཛིན་པ་མ་ཡིན་པར་དགོས་མེད་དུ་ཆུད་ཟོས་སུ་འགྲོ་བ་འགོག་པ་ཡིན། གལ་ཏེ་དཔལ་འབྱོར་གཏོང་མ་ཤེས་པ་དང་དོ་དམ་མ་ཤེས་ན་ཉེན་ཁ་ཆེན་པོ་འབྱུང་ངོ་། །ཚུལ་དེཆུ་ཤིང་གི་བསྟན་བཅོསལས་གསལ་བོར་བསྟན་ཏེ། དེ་ཉིད་ལས། བསོད་ནམས་དམན་པའི་སྐྱེས་བུ་དེར། །དཔལ་འབྱོར་བྱུང་ན་སྲོག་ཀྱང་བརླག ། ཅེས་གསུངས་སོ། །

བརྒྱད་པ། དཔལ་འབྱོར་སྤྱོད་སྟངས། 

    ནང་བསྟན་དཔལ་འབྱོར་རིག་པ་ལས་དཔལ་འབྱོར་གསོག་པའི་དགོས་པ་ནི་སྤྱོད་པའི་ཆེད་དུ་ཡིན་ཏེ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། སྤྱད་པར་བྱ་ཕྱིར་ནོར་གསོག་གི ། མི་སྤྱད་བསག་ན་སྡུག་བསྔལ་རྒྱུ། །ཞེས་གསུངས་ཏེ། གལ་ཏེ་སྤྱོད་མི་ནུས་ཤིང་གཞན་གྱི་དགེ་ཐབས་སུ་གཏོང་མི་ནུས་ན། དཔལ་འབྱོར་དེ་བསྒྲུབས་པའི་དགོས་པ་མ་གྲུབ་པ་ཡིན་ནོ། དེ་བས་དཔལ་འབྱོར་གསོག་པ་ལས་ཀྱང་སྤྱོད་པ་གལ་ཆེ་སྟེ། སྤྱོད་མ་ཤེས་ན་དཔལ་འབྱོར་གཉེར་བ་ནི་སྡུག་བསྔལ་ལས་མ་འདས་ལ་དཔལ་འབྱོར་དེ་ཡང་སྡུག་བསྔལ་ལས་མ་འདས་པའི་ཕྱིར། དེ་བས་མཁས་པ་རྣམས་ཀྱིས་ལོངས་སྤྱོད་གཏོང་ཚུལ་ལ་མཁས་དགོས་པ་གལ་ཆེ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་གྱིས་གདམས་ཏེ། དེ་བས། ཆུ་ཤིང་གི་བསྟན་བཅོསལས། ལོངས་སྤྱོད་སྤེལ་བར་འདོད་པས་ཀྱང་། །ཅུང་ཟད་གཏོང་ཚུལ་ཤེས་དགོས་ཏེ། །ཁྲོན་ཆུ་བཅུས་ན་འཕེལ་འགྱུར་ཞིང་། །བཞག་ན་སྙིགས་མས་སྐམ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །

དེ་བས། ས་སྐྱའི་ལེགས་བཤདལས། ལོངས་སྤྱོད་ལྡན་པས་སྤྱོད་པ་དང་། །   མཁས་པར་གྱུར་ནས་དུལ་བ་དང་། །ཆེན་པོས་དམན་པ་ལེགས་སྐྱོང་བ། །གསུམ་པོ་གཞན་བདེ་རང་ལ་ཕན། །ཞེས་གསུངས་ཤིང་། དཔལ་འབྱོར་སྤྱད་སྟངས་ཐད་ནས་ཀྱང་མཁས་བླུན་གྱི་ཁྱད་ཐོན་པར་བསྟན་པ་བཞིན་ནོར་སྤྱོད་སྟངས་ཐད་ནས་གནད་འགའ་ཡོད་པ་འདི་ལྟར། 

1སྤྱོད་མི་ནུས་ན་དཔལ་འབྱོར་ལ་དགོས་པ་མེད་པ། སྤྱོད་མི་ནུས་ན་དཔལ་འབྱོར་བསྒྲུབས་ཀྱང་དགོས་པ་མེད་ལ། རང་གཞན་གྱི་མཐུན་རྐྱེན་དུ་མི་འགྱུར་ན་དཔལ་འབྱོར་སྤྱད་ཀྱང་དོན་སྙིང་མེད། དེ་བས་དཔལ་འབྱོར་དེ་ངེས་པར་རང་གི་སྤྱད་ཅིང་ཞིང་མཐོ་བར་མཆོད་པ་དང་དམན་པར་སྦྱིན་པ་དགོས་པ་ཡིན་ཏེ། ས་སྐྱའི་ལེགས་བཤདལས།   སྤྱོད་དམ་སྦྱིན་པར་མི་ནུས་པའི། །ནོར་དེས་ཕྱུག་པོར་བསྒོམ་ན་ནི། །རི་བོ་གསེར་དུ་བསྒོམས་པ་ཡིས། །ཕྱུག་པོ་བསྒྲུབ་པ་ཤིན་ཏུ་སླ། །ཞེས་གསུངས་པ་ལྟར་རྒྱུ་ནོར་ལོངས་སྤྱོད་ག་འདྲ་རྒྱས་ཀྱང་གཞན་ལ་སྦྱིན་པ་དང་རང་གི་སྤྱོད་པ་སོགས་རང་གཞན་གྱི་མཐུན་རྐྱེན་དུ་མི་འགྱུར་ན་མཛོད་དུ་གཅེས་གཅེས་ཀྱིས་བསྡུས་པའི་ནོར་དེས་ཕན་པ་ཅི་ཡང་མེད་པར་གསུངས་ཏེ་དེ་འདྲ་བའི་ནོར་གསོག་པ་ལས་རི་བོ་གསེར་དུ་བསྒོམས་ནས་རང་ཉིད་ཕྱུག་པོ་ཡིན་པར་བསམ་ན་ལེགས་པར་བསྟན།

2སྤྱོད་མི་ཐུབ་པའི་དཔལ་འབྱོར་ལ་དགོས་པ་མེད་པ། དཔལ་འབྱོར་བསྒྲུབ་དགོས་ལ། བསྒྲུབས་པའི་དཔལ་འབྱོར་དེ་གང་ལ་གང་འཚམ་གྱིས་སྤྱད་དགོས་ཏེ་ནོར་བསགས་ནས་རང་ཉིད་ཀྱིས་མི་སྤྱོད་པ་ནི་རང་ལ་ཕན་བདེ་འབྱུང་བ་ཕར་ཞོག  ཐ་ན་རང་ལ་གནོད་བྱེད་ཀྱི་གཤེད་མ་ལྟ་བུར་འགྱུར་བ་ཡིན་ཏེ། ས་སྐྱའི་ལེགས་བཤདལས། ནོར་རྣམས་གསོག་ཅིང་མི་སྤྱོད་པ། །རང་བསྲེག་བུད་ཤིང་གསོག་པ་ཡིན། །ཞེས་དང་། ས་སྐྱའི་ལེགས་བཤདལས། ཧ་ཅང་ལོངས་སྤྱོད་བསགས་དྲགས་པའི། །ནོར་ནི་རང་གི་གཤེད་མ་ཡིན། །ཕུང་ཁྲོལ་ཕལ་ཆེར་ཕྱུག་པོ་ལ། །འབྱུང་གི་སྤྲང་པོ་བདེ་བར་རྒྱུ། །ཞེས་ནོར་མང་དུ་བསགས་ནས་ལོངས་སུ་སྤྱོད་མ་ནུས་ན་ནམ་ཞིག་རང་གི་གཤེད་དུ་ཡང་འགྲོ་ཉེན་ཆེ་བར་བསྟན། 

3 རང་གཞན་ལ་མི་ཕན་པའི་དཔལ་འབྱོར་ལ་དགོས་པ་མེད་པ། དཔལ་འབྱོར་ནི་མཐུན་རྐྱེན་ཞིག་ཡིན་པས་རང་གཞན་གྱི་བདེ་ཐབས་སུ་ངེས་པར་འགྱུར་དགོས་པས་རང་གཞན་ཀུན་ལ་མི་ཕན་པའི་རྒྱུ་ནོར་ལ་དགོས་པ་མེད་པ་ནི། ཆུ་ཤིང་གི་བསྟན་ བཅོསལས། གཡང་ས་མཐོན་པོར་སྐྱེས་པ་ཡི། །ས་ཧ་ཀཱ་རའི་འབྲས་བུ་བཞིན། །རང་གཞན་གང་ལའང་མི་ཕན་པའི། །ལོངས་སྤྱོད་ཆེ་དེ་སྦ་བ་ཡིན། །ཞེས་དང་། རང་གཞན་སུ་ལའང་མི་ཕན་པའི། །ནོར་དེ་མེད་པ་ཉིད་དང་མཚུངས། །གལ་ཏེ་ལོངས་སྤྱོད་ཡོད་ཀྱང་ རང་གི་སྤྱོད་མི་ནུས་ཤིང་གཞན་དོན་དུ་གཏོང་མི་ནུས་པའི་དཔལ་འབྱོར་དེ་དགོས་པ་  མེད་པར་བསྟན་ཡོད། 

4སྤྱོད་མ་ཤེས་ན་དཔལ་འབྱོར་ལ་དགོས་པ་མེད་པ། འབྱོར་བ་དང་ལྡན་པའི་མི་ཞིག་ཡིན་ན་དཔལ་འབྱོར་སྤྱོད་པ་གལ་ཆེ་ལ་དེ་བས་དཔལ་འབྱོར་སྤྱོད་ཤེས་པ་གལ་ཆེ་སྟེ་བཀོལ་ཤེས་ན་དེ་ཡིས་བསོད་ནམས་གསོག་པ་དང་སྤྱོད་མ་ཤེས་ན་དེ་ཡིས་རང་ཉིད་ལ་སྡུག་བསྔལ་འབའ་ཞིག་འདྲེན་པར་བྱེད་ཅིང་ལྷག་པར་མི་དགེ་བའི་ལས་གསོག་པར་བྱེད་དེ། དགེ་མི་དགེ་དེ་རྒྱུ་ནོར་གྱི་ངོ་བོར་གྲུབ་པ་མ་ཡིན་པར་རྒྱུ་ནོར་སྤྱོད་སྟངས་ཀྱི་ཐད་ན་ཡོད་དེས་སྐྱའི་ལེགས་བཤདལས། བློ་དང་ལྡན་པས་འཁོལ་ཤེས་ན། །འདི་ལ་བསོད་ནམས་རྟེན་དུ་རུང་། །ཞེས་གསུངས་པས་སོ། །

5 དཔལ་འབྱོར་འཕེལ་བའི་འབྱུང་ཁུངས་སྦྱིན་པ་ཡིན་པ། སྦྱིན་པ་ནི་ནོར་གྱི་འབྱུང་གནས་ལྟ་བུ་ཡིན་པ་རྩོམ་ཡིག་འདིའི་གང་སར་མངོན་ཞིང་། དེ་ནི་ནང་བསྟན་དཔལ་འབྱོར་རིག་པ་ལས་དཔལ་འབྱོར་ལ་སྙིང་བོ་ལེན་ཐབས་གལ་ཆེན་ཞིག་ཡིན་ཏེ། 《ས་སྐྱའི་ལེགས་བཤདལས། ནམ་དགོས་ཚེ་ན་ལེན་པ་ཡི། །ནོར་ནི་སྦྱིན་པར་ཐུབ་པས་གསུངས། །བསགས་པའི་ནོར་ནི་སྦྲང་རྩི་ལྟར། །ནམ་ཞིག་གཞན་གྱིས་སྤྱོད་པར་འགྱུར། ། ཞེས་སྟོན་པ་ཐུགས་རྗེ་ཅན་གྱི་དགོངས་པ་ཇི་བཞིན་གསུངས་ཤིང་གནད་འདི་ནི་ཆོས་དང་འཇིག་རྟེན་གང་གི་ཐད་དུའང་གལ་ཆེ་བས་ས་པཎ་གྱིས་མི་ཆོས་ཀྱི་སྐབས་སུའང་ཡང་ཡང་གདམས་པར་མཛད་དོ། །ལྷག་པརས་སྐྱའི་ལེགས་བཤདལས། འཇིག་རྟེན་འདི་ན་བུན་བཏང་བས། །དངོས་པོ་ཐོབ་པའི་ངེས་པ་མེད། །སློང་ལ་བྱིན་ན་འབད་མེད་པར། །  ཆུང་ཡང་བརྒྱ་འགྱུར་ཐོབ་པ་ཡིན། །ཞེས་སྐྱེ་བོ་རང་ག་བས་བུན་གཏོང་བ་སོགས་དཔལ་འབྱོར་རྒྱས་བའི་ཐབས་སུ་བཤད་ནའང་དེ་ལས་དཔལ་འབྱོར་འབྱུང་བའི་ངེས་པ་མེད་ཅིང་། སྦྱིན་པ་ལས་དཔལ་འབྱོར་འབྱུང་བ་ནམ་ཡང་མི་བསླུ་བར་གསུངས་སོ། །

6དཔལ་འབྱོར་རང་གི་གནས་བབ་དང་བསྟུན་ནས་སྤྱོད་པ། དཔལ་འབྱོར་གསག་པ་ནི་སྤྱོད་པའི་ཆེད་དུ་ཡིན་མོད། རང་གི་འབྱོར་བ་དང་བསྟུན་ནས་སྤྱོད་དགོས་པ་ལས་ཚད་ལས་བརྒལ་མི་རུང་སྟེ། རང་གི་བབ་དང་བསྟུན་ནས་སྤྱད་ན་དཔལ་འབྱོར་ཆུད་ཟོས་སུ་མི་འགྲོ་ལ། དགེ་བའི་ཕྱོགས་སུ་གཏོང་བའི་དཔལ་འབྱོར་ཡང་རྒྱས་ངེས་པས་དཔལ་འབྱོར་ལ་སྙིང་བོ་ལེན་པའི་ཐབས་སུ་བཟང་སྟེ། ས་སྐྱའི་ལེགས་བཤདལས། ནོར་མེད་ཟས་གོས་མཆོག་འདོད་དང་། །གཞན་ལ་སློང་ཞིང་ང་རྒྱལ་ཆེ། །བསྟན་བཅོས་མི་ཤེས་རྩོད་པར་འདོད། །གསུམ་པོ་འགྲོ་བའི་བཞད་གད་རྒྱུ། །ཞེས་དང་། ཆུ་ཤིང་གི་བསྟན་བཅོསལས། ནོར་མེད་མཆོར་དང་ཁ་ཞིམ་འདོད། །གཞུང་ལུགས་མ་སྦྱངས་མཁས་ཁུར་འཛིན། །ཞེས་གསལ་བོར་གསུངས་སོ། །

7 རང་གཞན་གྱི་བདེ་ཐབས་ལས་བརྙས་ཐབས་སུ་འགྲོ་མི་རུང་། རྒྱུ་ནོར་ནི་སྤྱོད་དགོས་པ་ཡིན་མོད། སྤྱོད་པ་དེས་གཞན་ལ་བརྙས་ཐབས་སུ་འགྲོ་མི་རུང་། ད་ལྟ་འཇིག་རྟེན་འདིར་ཡང་དག་པའི་དཔལ་འབྱོར་རིག་པ་ཞིག་མེད་པས་མང་བོ་ཞིག་གི་དཔལ་འབྱོར་ནི་རང་གི་བདེ་བའི་ཆེད་དུ་གཞན་ལ་གནོད་བྱེད་དུ་འགྱུར་བཞིན་ཡོད། དེ་ལྟ་བུའི་འབྱོར་བ་དེ་ཡོད་པ་ལས་མེད་ན་བཟང་སྟེ། ས་སྐྱའི་ལེགས་བཤདལས། གཞན་ལ་བརྙས་པར་འགྱུར་བ་ཡི། །ནོར་དང་ཟས་ཀྱིས་ཅི་ཞིག་བྱ། །ཁྱི་ཕག་མི་གཙང་ཟ་བ་ལ། །  མཁས་པ་སུ་ཞིག་ཡིད་སྨོན་བྱེད། །ཅེས་རྒྱུ་ནོར་དེ་རིགས་ཁྱི་ཕག་གི་མི་གཙང་བ་ཟ་བའི་དཔེར་གསུངས་སོ། །

8རང་གི་ཚུལ་དང་མཐུན་པའི་སྤྱོད་སྟངས། ལོངས་སྤྱོད་དུས་རང་གི་རྒྱུ་ནོར་གྱི་ཚད་དང་མཐུན་པར་བལྟ་དགོས་པ། དུས་ཀྱི་གནས་སྟངས་དང་ཡུལ་གྱི་གནས་སྟངས་དང་མཐུན་པར་ལོངས་སྤྱད་དགོས་པ་ལས་དེ་དག་དང་འགལ་བ་ནི་ནང་བསྟན་དཔལ་འབྱོར་རིག་པའི་ངོས་ནས་བཤད་ན་གོལ་ས་ཆེན་པོ་ཞིག་ཡིན་ཏེ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ནོར་མེད་རྒྱན་དགའ་ཆེ་བ་དང་། །འབྱོར་ལྡན་ཧྲུལ་བོའི་ཆས་ཞུགས་པ། །གཉིས་ཀ་འཇིག་རྟེན་བཞད་གད་རྒྱུ། །དེ་ཕྱིར་རྒྱན་ཆས་འཚམ་པར་སྤྱད། །ཅེས་གསུངས། དེ་ལས་གསལ་བོར་བསྟན་པ་ནི་ནོར་མེད་པ་རྒྱན་ལ་དགའ་ཆེས་པ་དང་དེའི་ཞོར་དུ་རང་གི་འབྱོར་བ་ལས་ཆེར་བརྒལ་བའི་རྒྱན་གོས་རིགས་དང་ལོངས་སྤྱོད་ནི་ཆེས་གོལ་འཛོལ་ཞིག་ཡིན་པ་མ་ཟད། འབྱོར་ལྡན་ཧྲུལ་བོའི་ཆས་སུ་ཞུགས་པ་ཡང་རང་གི་ཚུལ་ལས་ཆེར་མི་མཐུན་པས་དགག་བྱ་ཞིག་ཏུ་གྲུབ་པར་བསྟན་ཡོད། དེའི་ཤུགས་ལ་འབྱོར་ལྡན་དག་གིས་ཆེས་དམན་པའི་འཚོ་བ་རོལ་ན་དཔལ་འབྱོར་གྱི་དགོས་པ་གྲུབ་མེད་པ་དེ་བསྟན་ཡོད།

དགུ་བ། གཞན་གྱི་དཔལ་འབྱོར་ལ་ལྟ་སྟངས། 

    དཔལ་འབྱོར་རིག་པ་ལས་ཆེས་གལ་ཆེ་བ་ནི་གཞན་གྱི་དཔལ་འབྱོར་ལ་ཇི་ལྟར་ལྟ་བ་དེ་ཡིན། གཞན་གྱི་དཔལ་འབྱོར་དེ་ནི་རང་གི་དཔལ་འབྱོར་དང་འབྲེལ་བ་ཡོད་པས་གལ་ཏེ་འགལ་བ་ཞིག་གི་དབང་དུ་གྱུར་ན་གཞན་གྱི་དཔལ་འབྱོར་དེ་རང་གི་དཔལ་འབྱོར་གྱི་གནོད་བྱེད་དུ་འགྲོ་ལ་ཕན་ཚུན་ལ་རམ་འདེགས་བྱས་ན་རང་གི་དཔལ་འབྱོར་གྱི་མཐུན་རྐྱེན་དུ་འགྲོ་བ་རེད། དེ་བས་ནང་བསྟན་དཔལ་འབྱོར་རིག་པ་ལས་གཞན་གྱི་དཔལ་འབྱོར་ལ་ལྟ་སྟངས་ཡང་དག་པ་ཞིག་དགོས་པའི་སྐོར་མང་དུ་གསུངས་པ་གཤམ་གསལ། 

དཔལ་འབྱོར་གསོག་པ་མཐུན་རྐྱེན་གལ་ཆེ་བ་ལས་ཕྲག་དོག་སོགས་ཀྱི་དབང་དུ་འགྲོ་མི་རུང་། གལ་ཏེ་དེ་ལྟར་སོང་ནཆུ་ཤིང་གི་བསྟན་བཅོསལས། གཞན་ཕྱོགས་འབྱོར་པ་ལ་སྡང་བས། །རང་གི་བསོད་ནམས་ཉམས་པར་ཟད། །ཅེས་གསལ་བར་གསུངས་པ་ལྟར་དེ་ནི་རང་གི་བསོད་ནམས་ཟད་པའི་རྒྱུར་གྱུར་ནས་རང་གི་དཔལ་འབྱོར་ཡང་ཉམས་འགྲོ་བར་བསྟན་ཅིང་། དེ་བཞིནཤེས་རབ་སྡོང་བུལས་ཀྱང་། གཞན་གྱི་འབྱོར་པ་དམ་པ་མཐོང་ནས་ནི། །གང་ཞིག་སེམས་འཁྲུག་པ་ནི་སྐྱེ་འགྱུར་བས། །དོན་དེ་ཅུང་ཟད་རྙེད་པར་མི་འགྱུར་གྱི། །འགྲོ་དེ་རང་གི་བསོད་ནམས་འཇོམས་པར་བྱེད། །ཅེས་གསུངས་ཤིང་། གཞན་གྱི་དཔལ་འབྱོར་ལ་ལྟ་སྟངས་འཛིན་ཚུལ་ཞིག་ནིརྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། གཞན་འབྱོར་ཆེ་འམ་ཆུང་ཡང་རུང་། །བརྣབ་སེམས་མི་བྱ་དགའ་བར་བྱ། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །འདོད་ཆེན་ཆོག་མི་ཤེས་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་ནོ། །

དེ་བས་གཞན་གྱི་དཔལ་འབྱོར་ལ་ལྟ་སྟངས་ཡང་དག་པ་ཞིག་བཟུང་ནས་གཞན་གྱི་དཔལ་འབྱོར་དེ་ཡང་རང་གཞན་ཀུན་ལ་ཕན་པའི་མཐུན་རྐྱེན་དུ་བསམ་པ་ལས་ཉམས་ཆུང་གཞན་གྱི་དཔལ་འབྱོར་འཕྲོག་པ་དང་ཆུད་ཟོས་སུ་གཏོང་བ། གཞན་གྱི་དཔལ་འབྱོར་སྒྲུབ་པར་གེགས་རྒྱ་བཟོས་པ། མ་བྱིན་ལེན་དང་འཇབ་བུ་བྱེད་པ་སོགས་ནིདཔག་བསམ་ལྗོན་ཤིངལས། ཉམས་ཆུང་ལོངས་སྤྱོད་མཐུ་སོགས་ཀྱིས། །མ་བྱིན་ལེན་པར་བྱེད་པ་ནོར། །ཞེས་དང་། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས་ཀྱང་། རང་གི་འབྱོར་བས་ཆོག་ཤེས་ནས། །མི་འོས་གཞན་གྱི་ནོར་མི་བླངས། །མ་བྱིན་བླངས་པས་དབུལ་འགྱུར་ཞིང་། །རང་གི་ལོངས་སྤྱོད་གཞན་གྱིས་འཁྱེར། །ཞེས་དཔལ་འབྱོར་རིག་པའི་ཁྲོད་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་ཏུ་གསུངས་ཡོད། 

དེ་དག་ནི་གཞན་གྱི་དཔལ་འབྱོར་ལ་ལྟ་སྟངས་ཡིན་ལ། རང་གི་དཔལ་འབྱོར་གྱི་སྤྱད་སྟངས་ཐད་ནས་རང་ལ་ལས་བྱེད་པ་དག་ལ་དུས་ལྟར་གླ་རྔམ་བསྟེར་དགོས་པར་གསུངས་ཏེ། ཤེས་རབ་སྡོང་བུལས། འཇིག་རྟེན་འདི་ན་ལས་བྱེད་པ། །གླ་མེད་ལམ་བརྒྱགས་ཁྱེར་མི་བཏུབ། །སློང་བ་དམན་པ་མི་མངོན་པར། །ཕྱི་མའི་དུས་ན་བརྒྱ་འགྱུར་ཁྱེར། །ཞེས་དེ་ནི་ཆེས་ཉེས་པ་ཚབས་ཆེན་ཞིག་ཏུ་གསུངས་སོ། །

བཅུ་པ། ནང་བསྟན་དཔལ་འབྱོར་རིག་པའི་ཁྲོད་ཀྱི་ཆོག་ཤེས། 

    ཆོག་ཤེས་ནི་རང་བདེ་གཞན་སྐྱིད་ཀྱི་རྩ་བ་རེད། ནང་བསྟན་དཔལ་འབྱོར་རིག་པ་ལས་ཆེས་གལ་ཆེ་བ་ནི་ཆོག་ཤེས་ཡིན་ཏེ། ཤེས་རབ་སྡོང་བུལས། ཆོག་ཤེས་ངེས་པའི་ བདག་ཉིད་ཅན། །འཚོ་བ་གང་ནའང་བཙལ་མི་དཀའ། །ཞེས་ཆོག་ཤེས་ཅན་ལ་དཔལ་འབྱོར་གྱི་ཐད་ནས་དཀའ་ངལ་མི་འབྱུང་བར་གསུངས་ཤིང་། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ཆོག་ཤེས་འབྱོར་ལྡན་རང་དབང་གྱུར་པ་བདེ། །ཞེས་དང་། ས་སྟེང་འདོད་པའི་ལོངས་སྤྱོད་ཀུན། །སྐྱེ་བོ་གཅིག་ལ་བདོག་གྱུར་ཀྱང་། །ངོམས་པ་མེད་པ་སླར་ཡང་བསྐམ། །དེ་བས་འདོད་ལ་ཆོག་ཤེས་བྱ། །ཞེས་གསུངས་ཏེ་ཆོག་ཤེས་ནི་འབྱོར་བ་དང་ལྡན་པ་དག་ལ་རང་གི་བདེ་བ་སྟེར་བྱེད་དུ་གསུངས་པས་སོ། །

དེ་བཞིནས་སྐྱའི་ལེགས་བཤདལས་ཀྱང་། གང་ཞིག་ཉུང་ངུས་ཆོག་ཤེས་པ། །དེ་ཡི་ལོངས་སྤྱོད་ཟད་མི་ཤེས། །ཆོག་ཤེས་མེད་པར་འཚོལ་བ་ལ། །སྡུག་བསྔལ་ཆར་བཞིན་རྒྱུན་དུ་བབ། །ཅེས་གསུངས་པ་ལྟར་གསོག་པའི་ཚེ་ནའང་ཆོག་ཤེས་དགོས་ལ་སྤྱོད་པའི་ཚེ་ན་ཡང་ཆོག་ཤེས་དགོས། ཆོག་ཤེས་ལ་མ་བརྟེན་ན་དཔལ་འབྱོར་གྱིས་ཁྱོད་ཀྱི་དགོས་   མཁོ་གཏན་ནས་བསྐང་མི་ཐུབ། ཆོག་ཤེས་དང་འགལ་བ་ཞིག་ནི་སྲེད་པ་སྟེ། ཁྱོད་རང་སྲེད་པའི་དབང་དུ་གྱུར་ན་དཔལ་འབྱོར་གྱིས་དཔལ་འབྱོར་གྱི་དགོས་པ་གཏན་ནས་སྒྲུབ་མི་ཐུབ་པའི་ཁར་རང་ཉིད་རློག་པའི་རྒྱུར་འགྱུར་ངེས་ཏེས་སྐྱའི་ལེགས་བཤདལས། ཧ་ཅང་འདོད་ལ་བརྐམ་པ་ཡིས། །སྐྱེ་བོ་མྱུར་དུ་བརླག་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་བས་ཆོག་ཤེས་ནི་ནང་བསྟན་དཔལ་འབྱོར་རིག་པ་ལས་ཆེས་གལ་ཆེ་སྟེ། དེ་ཡོད་ནརྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ཆོག་ཤེས་ལྡན་ན་འབྱོར་བའི་ཆོག ། རན་ཚོད་ཟིན་ན་བྱ་བའི་རབ། །བྱ་བ་སྙོམས་ན་ཕྱི་ཐག་རིང་། །ཕན་སེམས་ཆེ་ན་རྗེ་བོའི་ཕུལ། ། ཞེས་གསུངས་པ་ལྟར་དུ་འགྱུར་བས་སོ། །

བཅུ་གཅིག་པ། དཔལ་འབྱོར་དང་ཤེས་རབ་བར་གྱི་འབྲེལ་བ། 

    ནང་བའི་ལུགས་ལ་ཆོས་དང་འཇིག་རྟེན་གང་བསྒྲུབ་ན་ཡང་ཤེས་རབ་གལ་ཆེ་སྟེ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཞེས་དངརྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས་ཀྱང་། ཆོས་དང་སྲིད་ཀྱི་ལེགས་ཚོགས་ཀུན། །ཤེས་རབ་སྟོབས་ལ་རག་ལས་ཕྱིར། །ཐོག་མར་ཤེས་རབ་མིག་བསྒྲུབ་སྟེ། །དེ་ནས་གང་འདོད་བསྒྲུབ་པར་བྱ། །ཞེས་གསལ་བོར་གསུངས་ཤིང་། འཇིག་རྟེན་གྱི་དབང་དུ་བྱས་ན་དཔལ་དང་འབྱོར་བ། སྟོབས་དང་ནུས་པ་སོགས་གང་ལ་ཡང་ཤེས་རབ་བསྒྲུབ་དགོས་ཤིང་། ཤེས་རབ་ནི་བསོད་ནམས་ཅན་གྱི་གྲོགས་པོ་སྟོབས་དང་ལྡན་པ་ཞིག་ཡིན་པར་གསུངས་ཏེ། ས་སྐྱའི་ལེགས་བཤདལས། འབྱོར་དང་ཤེས་རབ་སྟོབས་ལ་སོགས། །བསོད་ནམས་ལྡན་ལ་གྲོགས་སུ་འགྱུར། །བསོད་ནམས་མེད་ན་དེ་དག་ཀུན། །བདག་ཉིད་བརླག་པའི་རྒྱུ་རུ་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། ཤེས་རབ་མེད་ན་དེ་དག་ཐམས་ཅད་གཞན་གྱི་དབང་དུ་འགྲོ་བར་གསལ་བར་བསྟན་ཡོད། དེ་བས་གང་ཞིག་སྒྲུབ་ན་ཡང་དེའི་ཕྱོགས་ཀྱི་ཤེས་རབ་བསྒྲུབ་དགོས་པ་སྟེ། འདིའི་ཤེས་རབ་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ཀྱང་ཡོད་མོད་ཀྱང་གཙོ་བོ་སྦྱངས་སྟོབས་ཀྱི་ཤེས་རབ་ཡིན། སྦྱངས་སྟོབས་ཀྱི་ཤེས་རབ་ཅེས་པ་ནི་གཞུང་ལུགས་ལ་ཐོས་བསམ་བྱས་པ་ལས་བྱུང་བའི་ཤེས་རབ་ཡིན་པས་ཆོས་དང་འཇིག་རྟེན་གང་བསྒྲུབ་ན་དེའི་གཞུང་ལུགས་ལ་སྦྱང་དགོས་པར་བསྟན་པ་ཡིན། ང་ཚོའི་ནང་བསྟན་དཔལ་འབྱོར་རིག་པའི་ཁྲོད་ནས་ཀྱང་དེའི་གནད་གསལ་བོར་བསྟན་པ་འདི་ལྟར། 

1 དཔལ་འབྱོར་གསོག་པའི་ཐད་ནས་ཤེས་རབ་མེད་པར་དོན་མེད་དུ་འཇུག་པ་ནི་གནས་སྐབས་ཙམ་ཡིན་པས་འཕྲལ་ཕུགས་ཀྱི་ཁེ་ཉེན་ལ་གསལ་བོར་དཔྱོད་དགོས་ཏེ། 《དཔག་བསམ་ལྗོན་པལས། དོན་ཆེན་ཤེས་རབ་འཕེལ་བའི་སྒོ། །ཐོས་སོགས་རིང་དུ་དོར་བྱས་ཏེ། །མནོག་ཆུང་གླ་རྔན་ཤན་བྱེད་དང་། །ཞིང་ལས་ཕྱུགས་དང་འཚོ་སྐྱོང་གིས། །ཡན་ལག་རང་ཚུགས་མི་ཐུབ་པར། །ཤ་ཐང་འབད་དེ་ནོར་གསོག་ནས། །དགྲ་འདུལ་གཉེན་སྐྱོང་བྱེད་དོ་ལོ། །རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ཆོས་དོན་འདོད་དང་ཐར་བ་ཡི། །འབྱུང་གནས་ཆེན་པོ་རིག་པ་ཡིན། །རིག་པ་སྤེལ་བའི་གཞུང་བཟང་བོ། །བྱིན་ཀྱང་མི་མཁོ་ཕྱུགས་མིན་ནམ། །གཞུང་ལུགས་ལ་སྦྱངས་ནས་ཤེས་རབ་མ་བསྒྲུབས་ན་རྒྱུ་ནོར་འཚོལ་སྒྲུབ་ལ་ཕྱོགས་ཀྱང་དེ་ནི་ཕུགས་མི་བརྟན་ཞིང་འབྲས་བུ་མེད་པའི་ལས་ཤིག་ཡིན་ཏེ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། བརྩོན་པ་མེད་ན་ཡོན་ཏན་མེད། །ཡོན་ཏན་མེད་ན་དཔལ་འབྱོར་ལ། །རེ་སྒུག་བྱེད་པ་འབྲས་མེད་དེ། །དགུན་གྱི་ལྗོན་ཤིང་ཇི་བཞིན་ནོ། །ཞེས་གསལ་བོར་གསུངས། 

2 དཔལ་འབྱོར་སྤྱོད་པའི་ཐད་ནས་ཤེས་རབ་མེད་ན་དགོས་པ་དོན་མེད་དུ་འགྲོ་སྟེ། ཆུ་ཤིང་གི་བསྟན་བཅོསལས། བློ་དང་མི་ལྡན་སྐྱེ་བོ་ཡིས། །འབྱོར་པ་རྙེད་ཀྱང་སྤྱོད་མི་ཤེས། །ཞེས་གསུངས་པ་ལྟར་དཔལ་འབྱོར་སྤྱོད་ཤེས་དགོས་ཏེ་དེ་མིན་ན་རང་ལ་དཔལ་འབྱོར་ཡོད་ཀྱང་ཕན་པ་ཅི་ཡང་མི་འབྱུང་། རང་གིས་དཔལ་འབྱོར་འབད་པ་ཆེན་པོས་བསགས་ཀྱང་རང་གི་མཐུན་རྐྱེན་དུ་མི་འགྱུར་བར་དོན་མེད་དུ་ཆུད་ཟོས་སུ་འགྲོ་བའམ། མི་འགྲོ་ཡང་རང་ལ་ཕན་པ་ཅི་ཡང་མེད་དེ། ས་སྐྱའི་ལེགས་བཤདལས། ཤེས་རབ་མེད་པའི་ལོངས་སྤྱོད་ཀྱང་། །ཕལ་ཆེར་རང་ལ་ཕན་པ་ཉུང་། །ཞེས་པ་ལྟར་དཔལ་འབྱོར་སྒྲུབ་པའི་དགོས་པ་ཅི་ཡང་མེད་པའི་ཁར། ཐ་ན་རང་གི་གནོད་བྱེད་དུའང་འགྲོ་སྟེ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ཤེས་རབ་མེད་ན་འབྱོར་བ་སོགས། །ཡོད་ཀྱང་དགྲ་ཡི་གསོས་སུ་འགྲོ། །སྟོབས་དང་ལྡན་ཡང་གཞན་དབང་འགྱུར། །ལྕགས་ཀྱུས་གླང་ཆེན་བཀོལ་བ་འདྲ། །ཞེས་གསུངས་སོ། །

3 དཔལ་འབྱོར་རིག་པའི་ཐད་ནས་ཤེས་རབ་མེད་ན་འཚོལ་བའི་ཚེ་ན་གཡོ་སྒྱུ་ཁྲམ་གསུམ་དགོས་ལ་སྤྱོད་པ་རང་འཕུང་གཞན་སྲེག་བྱེད་པ་ཡིན་ཏེ། དཔག་བསམ་ལྗོན་པལས། གཡོ་སྒྱུ་གོམས་པ་ལྷུར་ལེན་པ། །ཤིན་ཏུ་བླུན་པོའི་མཚན་ཉིད་ཡིན། །ཞེས་གསུངས་ཤིངས་སྐྱའི་ལེགས་བཤདལས་ཀྱང་། བླུན་པོ་འབྱོར་པར་གྱུར་ཚེ་ཡང་། །རྩོད་པ་ཁོ་ནས་རང་གཞན་སྲེག ། ཅེས་བླུན་པོ་དག་གིས་དཔལ་འབྱོར་དེ་རང་གཞན་གྱི་ཕན་བདེའི་ཆེད་དུ་མི་གཏོང་བར་རང་གཞན་འཕུང་བྱེད་དུ་གཏོང་ཞིང་དེའི་འབྲས་བུར་རང་གཞན་ཀུན་ལ་གནོད་པ་ལས་མ་འདས་པས་ཤེས་རབ་ཡང་དག་པ་ཞིག་དགོས་ལ། ཤེས་རབ་ཡང་དག་པ་དེའི་ཆེད་དུ་གཞུང་ལུགས་ཡང་དག་པ་ཞིག་ལ་འཇུག་ན་ལེགས་པ་ལས་མུན་འཐོམས་ཀྱི་དཔལ་འབྱོར་རིག་པ་ལ་ཞུགས་ན་རང་གཞན་ཕུང་བྱེད་ལས་མ་འདས་སོ། །

བཅུ་གཅིག་པ། དཔལ་འབྱོར་གྱི་ཐོན་ཁུངས། 

    ནང་བསྟན་དཔལ་འབྱོར་རིག་པ་ལས་འདོད་ཆུང་ཆོག་ཤེས་བྱེད་པ་ནི་དཔལ་འབྱོར་གྱི་ཐོན་ཁུངས་ཀྱི་ཆེད་དུ་ཡིན་ལ། དཔལ་འབྱོར་གྱི་ཐོན་ཁུངས་ནི་རང་གཞན་ཀུན་དང་ད་ལྟ་དང་མ་འོངས་པ་ཀུན་ལ་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་ཡིན། ཐོན་ཁུངས་ལ་འདང་མ་བརྒྱབས་ན་མུན་འཐོམས་ཀྱི་དཔལ་འབྱོར་རིག་པ་ཡིན་ཞིང་། ང་  ཚོའི་ནང་བསྟན་གྱི་དཔལ་འབྱོར་རིག་པ་ལས། ཐོན་ཁུངས་ནི་བ་མོ་ལྟ་བུ་དང་དེ་དང་ལོངས་སྤྱོད་ནི་འོ་མ་ལྟ་བུ་སྟེ། དེ་ཡང་མཐར་གཏུགས་ན་བ་དང་འོ་མ་ལྟ་བུའི་འབྲེལ་བ་ཡིན་ཏེ། ཙ་ན་ཀའི་རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། འོ་མ་བཞོས་ནས་འཐུང་བཞིན་དུ། །བ་ནི་བསད་པར་མི་བྱ་འོ། །དེ་བཞིན་རྒྱལ་བོའི་ཡུལ་འཁོར་ནི། །དུས་སུ་ཤེས་ནས་ལོངས་སྤྱོད་བྱ། །ཞེས་གསུངས། དེ་བས་ནང་བསྟན་གྱི་འདོད་ཆུང་ཆོག་ཤེས་ཀྱི་ལོངས་སྤྱོད་ནི་ཐོན་ཁུངས་སྲུང་སྐྱོབ་ཀྱི་ཆེད་དུ་ཡང་འབྲེལ་ཡོད་པས། རྒྱལ་བོའི་ལུགས་ཀྱི་བསྟན་བཅོསལས། ཡུལ་འབྲོག་ས་གནས་སོ་སོ་རུ། །རང་སྐལ་གནས་ཀྱི་ལོངས་སྤྱོད་ལ། །མཐུན་པར་བྱ་བར་ལོངས་སྤྱོད་ལ། །མཐུན་པར་སྤྱད་པར་བྱ་བ་ལས། །འདོད་ཆེན་ཕྱོགས་ལྷུང་ཁྲིམས་ཀྱིས་དགག ། ཅེས་འདོད་ཆེན་ཕྱོགས་སུ་འགྲོ་བ་དགག་པ་ཡིན་ལ། འདི་ནི་ནང་བསྟན་དཔལ་འབྱོར་རིག་པ་ལས་ཆེས་གལ་ཆེ་བ་ཞིག་ཡིན། 

གོང་དུ་བརྗོད་པ་ནི་བདག་གི་ནང་བསྟན་མི་ཆོས་རིག་པའི་བསྟན་བཅོས་དག་ལས་དཔལ་འབྱོར་རིག་པའི་སྐོར་གྱི་གཞུང་སྐོར་ཞིག་ཁོལ་དུ་ཕྱུང་ནས་བྲིས་པ་ལས་ཞིབ་ཅིང་ཕྲ་བའི་སྒོ་ནས་ཞིབ་འཇུག་བྱེད་མ་ནུས་ན་ཡང་འདི་ཙམ་གྱིས་ཀྱང་སྐྱེས་བོ་དག་ལ་ཕན་སླད་ངེས་ཅན་ཞིག་འབྱུང་བར་གདོན་མི་ཟའོ་སྙམ་མོ། །

གཉིས་པ། བེའུ་བུམ་དག་ལས་བྱུང་བའི་ནང་བསྟན་དཔལ་འབྱོར་རིག་པའི་གཞུང་ལུགས།

ང་ཚོས་ཤེས་གསལ་ལྟར་ནང་བསྟན་གྱི་གསུང་རབ་ལས་མན་ངག་གི་མཛོད་ལྟ་བུ་ཞིག་ནི་བེའུ་བུམ་རེད། ང་ཚོ་བོད་ལ་མགོན་པོ་བེའུ་བུམ། རིག་བྱེད་མའི་བེའུ་བུམ། རྣམ་སྲས་བེའུ་བུམ་དང་སློབ་དཔོན་པད་མའི་བེའུ་བུམ། དམིགས་བརྩེ་མའི་བེའུ་བུམ། འབྲོང་རྩེ་ལྷ་བཙུན་གྱི་བེའུ་བུམ། རྒྱལ་བོ་སྐུ་ལྔའི་བེའུ་བུམ་སོགས་མང་དུ་ཡོད་ཀྱང་བེའུ་བུམ་དེ་དག་ནི་དེ་དག་ལས་དཔལ་འབྱོར་སྒྲུབ་ཐབས་རེ་མེད་མི་སྲིད་མོད། གཅིག་ཏུ་དཔེ་རྒྱུན་དཀོན་ཞིང་། གཉིས་སུ་དེ་དག་ཀུན་ལས་ནང་བསྟན་དཔལ་འབྱོར་སྐོར་བརྗོད་ན་ཡང་མང་དོགས་པས་འདིར་བེའུ་བུམ་རེ་གཉིས་ལས་བྱུང་བའི་དཔལ་འབྱོར་རིག་པའི་སྐོར་བརྗོད་པ་ལ་བརྟེན་ནས་གཅིག་ཤེས་ཀུན་གྲོལ་དུ་ཤེས་པར་བྱའོ། །

1དམིགས་བརྩེ་མའི་བེའུ་བུམ། དམིགས་བརྩེ་མའི་བེའུ་བུམ་ནི་རི་བོ་དགེ་ལུགས་པའི་ཟབ་ཆོས་ཁྱད་པར་ཅན་དམིགས་བརྩེ་མ་ལ་བརྟེན་པའི་སྙན་རྒྱུད་ཀྱི་ཆོས་སྐོར་ཁྱད་པར་ཅན་ཞིག་ཡིན་ཏེ་དེ་ལས། ཆར་འབེབས་དང་། སད་སྲུང་། མཚོན་སྲུང་། ཟ་ཡིག མཚོན་སྲུང་རྡོ་རྗེ་གོ་ཁྲབ། གྲིབ་སྲུང་། རྒྱལ་བོ་གྲི་ཐོགས་ཟ་ཡིག དགྲ་རྐུན་ཇག་སོགས་སྲུང་བ་ལྕགས་སྒྲོག་མ། ཞིང་གི་བཙའ་སྲུང་བ། ཁ་ཟས་སྡུད་པ། ལམ་གྱི་བར་ཆད་སྲུང་བ་བཅུ་གཅིག་ཡོད་པ་ལས་ཆར་འབེབས་དང་སད་སྲུང་བཙའ་སྲུང་ཁ་སྲུང་སྡུད་པ་དག་ནི་རྗེ་བླ་མ་ལ་བརྟེན་ནས་དཔལ་འབྱོར་གྱི་མཐུན་རྐྱེན་སྒྲུབ་བྱེད་ཅིག་ཡིན་ཏེ། 

1ཆར་འབེབས་ནི"རྣམ་གྲོལ་དོན་གཉེར་གྱི་སྐྱེས་བུ་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་བསྒྲུབ་པའི་ཕྱིར་ཡིན"ལ། 2 སད་སྲུང་ནི་ཞིང་གི་བཙའ་སྲུང་བ"སེམས་ཅད་ཐམས་ཅད་ཟས་ཀྱི་ལོངས་སྤྱོད་དང་ལྡན་པའི"ཆེད་དུ་སྒྲུབ་པ་ཡིན། 3 ཇག་རྐུན་སྲུང་བ་ནི་ཡུལ་དང་དཔལ་འབྱོར་རང་ཉིད་བཅས་བསྲུང་ཕྱིར་དང་། 4 ཁ་ཟས་ཡོང་བའི་མན་ངག་ཀྱང་ཟས་ཀྱི་ཕོངས་པ་མེད་པའི་ཆེད་དུ་ཡིན། ལྷག་པར་ཆར་འབེབས་བྱེད་ཀྱི་ཆོ་ག་དེ"ཚུལ་བཞིན་དུ་བསྒྲུབ་ན་ལོངས་སྤྱོད་ཀྱི་དཔལ་ཕུན་སུམ་ཚོགས་པ་རྟག་ཏུ་འཛད་པ་མེད་པར་འགྱུར་རོ། །"5 ས་བཅུད་བུམ་པ་ནི"མི་ཟད་རིན་ཆེན་བུམ་པ་འདི། །སྦ་ནི་མི་མངོན་དབྱིངས་སུ་སྦ། །བཅོལ་ནི་གདུག་པ་ཀླུ་ལ་བཅོལ། །དབང་ནི་མི་དང་སྤྱི་ལ་དབང་། །འོག་ཏུ་ཀླུ་ཕྱུག་དར་བ་ཡིན། །འོག་ཏུ་ཀླུ་རྒྱལ་དར་བ་བཞིན། །སྟེང་དུ་མི་རྒྱས་དར་བ་ཡིན། །འོག་ཏུ་ཀླུ་གཉན་བཙན་པ་ལྟར། །སྟེང་དུ་མི་སྐྱིད་བདེ་བར་ཤོག །   འོག་ཏུ་ཀླུ་སྐྱིད་བདེ་བ་ལྟར། །སྟེང་དུ་མི་སྐྱིད་བདེ་བར་ཤོག །རིན་ཆེན་རྫ་ཡི་བུམ་པ་ནས། །ཀླུ་དང་མི་ཡི་གནས་ཕྱོགས་སུ། །སྐྱིད་ཀྱི་ཆུ་མིག་བརྡོལ་བ་ཡིན། །ནོར་གྱི་བང་མཛོད་ཆེན་པོ་རྙེད། །ཟས་ཀྱི་རོ་མཆོག་ཆེན་པོ་བྱེད། །"ཅེས་གསུངས་པ་ལྟར་ཡིན་ལ། 6 རིགས་གསུམ་མགོན་པོ་དང་འབྲེལ་བའི་རྣམ་སྲས་ཀྱི་ནོར་སྒྲུབ་ཡོད་དེ། "ནོར་ལྷའི་ནོར་བུམ་སྒྲུབ་པ་ཡིས། །རིན་ཆེན་མང་གི་རྟེན་འབྲེལ་དེས། །གནས་སྐབས་འབྱོར་བ་རབ་རྒྱས་ཤིང་། །མཐར་ཐུག་རིན་མང་གདུལ་བྱར་གྱུར། །དཀའ་བརྒྱས་ཉོ་ཚོང་མི་བྱེད་ཅིང་། །ཁེ་བཟང་བུན་བསྐྱེད་མ་བྱས་པར། །ཆོས་ཀྱི་རྒྱ་མཚོ་ཆེན་པོ་ནས། །དེད་དཔོན་ཡིད་བཞིན་ནོར་བུ་བླངས"ཞེས་གསུངས་པ་ལྟར་རོ། །

2རྣམ་སྲས་བེའུ་བུམ། རྣམ་སྲས་བེའུ་བུམ་ལ་པོད་གཉིས་བཞུགས་ཤིང་དཔེ་རྒྱུན་ཤིན་ཏུ་དཀོན། རྣམ་སྲས་ནི་ནོར་གྱི་ལྷ་ཡིན་པ་ཀུན་གྱིས་མཁྱེན་གསལ་བཞིན་ངོ་སྤྲོད་མང་བོ་བྱེད་པའི་དགོས་པ་མེད་ལ་དེའི་དཀར་ཆག་ཤེས་ན་བརྗོད་བྱའི་དོན་ཀྱང་གསལ་བོར་ཤེས་པས་ན་འདིར་དཀར་ཆག་ཙམ་གྱིས་ཆོག་པར་བྱའོ། །

པོད་དང་བོར1ཕྱག་ན་རྡོ་རྗེའི་སྒྲུབ་སྐོར་སློབ་དཔོན་འགྲོ་བཟང་གིས་མཛད་པ།2བཻ་ཤྲ་མ་ཎ་གར་མཁན་མཆོག་གི་རྒྱུད་ཁ་ཆེའི་པཎྡིཏ་དྷ་ན་གྱུ་པ་ཏ་ལ་དང་རབ་ཞི་ལོ་ཙཱ་བས་མཐོ་གླིང་གི་གཙུག་ལག་ཁང་དུ་བསྒྱུར་བ།2རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་རྒྱུད་ལས་སྣ་ཚོགས་རབ་ཏུ་སྒྲུབ་པ་ཞེས་བྱ་བ་འགྱུར་བྱང་མི་གསལ་བ།3གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས་ཀྱི་རྒྱུད་རིན་ཆེན་འབྱུང་བ་པཎྡིཏ་ཁ་ཆེ་དགོན་པ་དང་། ལོ་ཙཱ་བ་མངའ་རིས་ཡེ་ཤེས་སྡེས་བསྒྱུར། 4རྒྱལ་པོ་ཆེན་པོ་རྣམ་སྲས་ཀྱི་སྣ་ཚོགས་དག་པའི་རྒྱུད་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་ནི་ཕྱག་རྡོར་དང་རྣམ་སྲས་ཀྱི་ཞལ་གཟིགས་པ།   ཟངས་དཀར་ལོ་ཙཱ་བས་བསྒྱུར་བ།5གསེར་འོད་འབར་བའི་ཊི་ཀ་ཞེས་བྱ་བ་རྣམ་སྲས་ཀྱི་སྒྲུབ་ཐབས་སློབ་དཔོན་འགྲོ་བཟང་གིས་མཛད་པ།6རྒྱལ་བོ་རྣམ་ཐོས་སྲས་དྲག་བྱེད་ཁྲོས་པའི་འཕྲིན་ལས་སྒྲུབ་ཚུལ་འགྲོ་བཟང་སྙིང་པོས་མཛད་པ།7རྣམ་ཐོས་བདེ་བྱེད་ཀྱི་རྟོགས་པ་གསེར་འོད་འབར་བའི་གཟུངས་པཎྡིཏ་ཏེ་ཙ་དེ་ཝ་དང་ཟངས་དཀར་ལོ་ཙཱ་བས་བསྒྱུར།8རྒྱལ་པོ་རྣམ་ཐོས་སྲས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཟངས་དཀར་ལོ་ཙཱ་བའི་ཐུགས་དམ་ཡིད་བཞིན་ནོར་བུའི་ཊི་ཀ་མཛད་བྱང་མི་གསལ་བ།9རྣམ་ཐོས་སྲས་ཀྱི་མན་ངག་ཤོག་དྲིལ་དྲུག་པ།10རྣམ་ཐོས་སྲས་ཀྱི་གནད་ཀྱི་མན་ངག་གི་ཡི་གེ་ཁྲ་བོ། 11ཟངས་དཀར་ལོ་ཙཱ་བའི་མགུལ་ཁུག་སྲོ་མ་ཅན།12རྣམ་ཐོས་སྲས་གྱི་སྲོག་འཁོར་དགོས་འདོད་ཀུན་འབྱུང་ནོར་སྒྲུབ་ལས་ཚོགས་དང་བཅས་པ་ལྷ་སའི་གཏེར་མ། 13རྣམ་སྲས་ཀྱི་ཕྱག་མཚན་ལ་བརྟེན་པའི་མན་ངག་ཁྱད་པར་ཅན།14གནོད་སྦྱིན་སྟག་མདའི་སྒྲུབ་ཐབས།15གནོད་སྦྱིན་ཤེས་པ་དཀར་པོའི་སྲོག་འཁོར།16བསེ་གདོང་ཅན་གྱི་སྲོག་འཁོར།17རྣམ་སྲས་ཀྱི་མན་ངག་ཟབ་མོ་རྣམས་ཚང་བ་བཞུགས་ཞེས་པ་གཅིག་གསང་སྒྲུབ་བྱིན་རླབས་ཅན།18གསང་བའི་བདག་པོ་གོས་སྔོན་ཅན་གྱི་སྒྲུབ་ཐབས་རྗེས་གནང་མཛད་བྱང་མི་གསལ་བ།18རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་མངོན་རྟོགས་དགོས་འདོད་འབྱུང་བ་ཞེས་བྱ་བ་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱིས་མཛད་པ།19རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བསྟོད་པ་རྒྱལ་བའི་ཐུགས་རབ་ཏུ་མཉེས་པ་བུ་སྟོན་གྱིས་མཛད་པ་ཡི་གེ་པ་ནི་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལོ། །     (20རྒྱལ་ཆེན་རྣམ་སྲས་ཀྱི་སྒྲུབ་ཐབས་དགོས་འདོད་འབྱུང་བའི་ཞལ་ཤེས་བུ་སྟོན་གྱིས་མཛད་པ།21ཞི་བ་བདེ་བྱེད་སེར་པོའི་བསྟོད་པ་རྣམ་དག་ཆོས་དབྱིངས་མ།22དྲག་བྱེད་ནག་པོའི་བསྟོད་པ་གང་ཐུགས་གཉིས་མེད་ཐུགས་སྲས་སེམས་དཔའ་རྣམ་རྒྱལ་གྱིས་སྦྱར་བ།23དགོངས་འདོད་འབྱུང་བའི་ཞལ་ཤེས་ཀྱི་ཞལ་ཤེས་ཚར་ཆེན་ལུགས་ཁྱད་པར་ཅན་དཔེ་རིས་དང་བཅས་པ།24རྣམ་ཐོས་སྲས་ཀྱི་ལོ་རྒྱུས་ཟབ་མོ་རིན་ཆེན་རྒྱལ་མཚན་གྱིས་མཛད་པ།25རྣམ་སྲས་ཀྱི་གཏོར་མའི་ཆོ་ག་རྣམ་ཐོས་སྲས་ཀྱི་མན་ངག་ཟབ་མོའི་རིམ་པ་སྤོས་ཁང་པས་མཛད་པ།26སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས།27རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་མན་ངག་འབྲོམ་ཉི་མའི་ལུགས།28རྣམ་ཐོས་སྲས་ཀྱི་གསང་སྒྲུབ། 29རྣམ་ཐོས་སྲས་ཀྱི་སྲོག་གི་སྒྲུབ་པ།30རྣམ་ཐོས་སྲས་ཀྱི་གསང་སྒྲུབ་ལག་ལེན། 31བཻ་ཤྲ་མ་ཁ་རག་ཁྲམ་མཌག་ནག་པོའི་རྒྱུད་ཏྣགྷཪྦྷ་དང་།32གཤིན་རྗེ་ནག་པོ་ཁྲག་མདོས་བསད་པའི་ངན་སྔགས་ཀླུ་སྒྲུབ་ཀྱིས་མཛད་པ། ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་འགྱུར།34མགོན་པོ་གར་མཁན་མཆོག་གི་སྒྲུབ་ཐབས་རིན་ཆེན་རྡོ་རྗེས་མཛད་པ་ཟངས་དཀར་ལོ་ཙཱ་བས་བསྒྱུར།35གནོད་སྦྱིན་གར་མཁན་མཆོག མགོན་པོ་གར་མཁན་མཆོག་གི་བསྟོད་བསྐུལ།    (36རྣམ་ཐོས་དཀར་པོའི་ཚེ་སྒྲུབ་རྗེས་གནང་དང་བཅས་པ།37རྣམ་སྲས་སྤྲིན་གསེབ་མའི་ཆོས་སྐོར་ཚད་མ་སློབ་དཔོན་པད་མས་མཛད་པ།38རྒྱལ་པོ་མདུང་དམར་ཅན་གྱི་གསང་སྒྲུབ།39རྣམ་སྲས་ཀྱི་སྒྲུབ་ཐབས་ཟབ་མོའི་རིམ་པ།40རྣམ་སྲས་དམར་པོ་འབྲུག་ཞོན་གྱི་གསང་སྒྲུབ།41རྒྱལ་པོ་ཆེན་པོ་རྣམ་སྲས་ཀྱི་རྒྱུད་ནམ་མཁའ་མཛོད་གུ་རུ་བྱང་སེའི་ཤོག་གསེར་མ་ནས་བཤུས་པ།42སྲེ་ཐོད་ཀྱི་ཞལ་གདམས།    (43བེ་ཤྲ་མ་ཎའི་རྟོགས་པ་གསུམ་པ།44ལས་ཚོགས་མང་དག་དང་། ཚིག་སྒྲུབ་སོགས་སྒྲུབ་ཐབས་མི་འདྲ་བ་འགའ་རྣམས།45སྒབ་འདྲེ་མནན་ཐབས།46ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་གཞན་ཕན་འཕྲིན་ལས་ཀུན་འབྱུང་ནམ་མཁའ་སེང་གེས་མཛད་པ།47རྟེན་གསུམ་གྱི་མན་ངག 48རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས་ཡང་གསང་ཞལ་གདམས་རིན་ཆེན་ཕྲེང་བ།49རྣམ་སྲས་གསེར་ཆེན་དང་དྲག་པོའི་རྗེས་གནང་བུདྷིར་ཏྣས་མཛད་པ་ཁྲོ་ཕུ་བ་དང་ཞ་ལུ་བའི་ལུགས་རྣམས། 

པོད་གཉིས་པར1རྣམ་ཐོས་སྲས་གནོད་སྦྱིན་དབྱུག་ཐོ་ཅན་གྱི་རྒྱུད། བི་མ་ལ་མི་ཏྲས་མཛད་པ།2རྣམ་ཐོས་སྲས་དམར་པོའི་སྒྲུབ་ཐབས་དགོས་འདོད་འབྱུང་བ།    (3རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས་དགོས་འདོད་འབྱུང་བ། 4རྣམ་སྲས་མདུང་དམར་ཅན་གྱི་ལས་ཚོགས་འཁོར་ལོ་བྲི་ཐབས།5མདུང་དམར་ཅན་གྱི་སྒྲུབ་ཐབས་ཁམས་གསུམ་དབང་སྡུད།6འཕགས་དབོན་གཞུང་ལུགས་རབ་འབྱམས་པས་མཛད་པ།   (7ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྒྱུད་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ལས་བྱང་།8རྣམ་སྲས་ཀྱི་མན་ངག་སེང་གེ་བུ་བདུན་གྱི་ཆ་ལག9རྣམ་སྲས་རྟ་བདག་བརྒྱད་ཀྱི་མན་ངག་ཟབ་མོ།10ཀུ་བེ་ར་ལ་བརྟེན་ནས་རྟའི་གོད་ཁ་སྲུང་བའི་མན་ངག་ཟབ་མོ།11གནོད་སྦྱིན་རྟག་མཐའི་སྒྲུབ་ཐབས།12རྣམ་སྲས་ཀྱི་སྒྲུབ་པ་རིན་ཆེན་བཟང་པོ།13རྣམ་སྲས་ཕྱག་མཚན་བཞི་བའི་སྒྲུབ་ཐབས་ཤོག་དྲིལ།14རྣམ་སྲས་ཞི་དྲག་སྤེལ་མའི་སྒྲུབ་ཐབས། 15ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་ཀྱི་རྣམ་སྲས་ཞི་དྲག་སྦྲེལ་མའི་ཕྱག་ལེན།16རྣམ་སྲས་སྒྲུབ་ཐབས་དགོས་པ་ཀུན་ཚང་།17རྣམ་སྲས་ཞི་དྲག་མཆོད་པའི་ཆོ་ག་རིན་པོ་ཆེའི་གཏེར་ཞེས་བྱ་བ་གཉགས་དབོན་རིན་པོ་ཆེས་མཛད་པ།18རྣམ་ཐོས་སྲས་ཞི་དྲག་གི་རིགས་སྣ་ཚོགས་ཀྱི་སྒྲུབ་ཐབས་སྐྱོར་མོ་ལུང་པ་ནམ་མཁའ་སེང་གེས་མཛད་པ།19རྣམ་སྲས་གཏོར་ཆོག་དངོས་གྲུབ་རྒྱ་མཚོ་རྣམ་སྲས་མདོས་ཆོག་ཆེན་མོ།20རྣམ་སྲས་ཀྱི་གཡུལ་བཟློག་ཆེན་མོ།21རྣམ་ཐོས་རྟ་བདག་བརྒྱད་ཀྱི་བཀྲ་ཤིས་ཚར་ཆེན་གྱིས་མཛད་པ།22རིན་ཆེན་ཁང་བརྩེགས། རྣམ་ཐོས་སྲས་ཀྱི་བསྐང་མདོས་དཔེ་རིས་ལེ་ཚན་བཅོ་ལྔ་བཞུགས།

3གུ་རུའི་སིདྷིའི་ལས་ཚོགས་ལས་བྱུང་བའི་དཔལ་འབྱོར་སྒྲུབ་ཐབས་ཀྱི་སྐོར། གུ་རུའི་སིདྷིའི་ལས་ཚོགས་ནི་སློབ་དཔོན་པད་མ་འབྱུང་གནས་ཀྱི་ལས་ཚོགས་ལས་གཅིག་སྟེ་རྫོགས་ཆེན་ཆོས་དབྱིངས་རྡོ་རྗེས་མཛད་པ་ཞིག་ཡིན། ལས་ཚོགས་འདིར་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་ལ་བརྟེན་པའི་ལས་ཀྱི་རིམ་པ་གོ་གཉིས་ཡོད་པ་ལས། གསུམ་པ་ལོངས་སྤྱོད་འཕེལ་བའི་ལས་ཀྱི་རིམ་པ་དང་། བཅུ་བདུན་པ་ནོར་འགུགས་པའི་ལས་ཀྱི་རིམ་པ། བཅོ་བརྒྱད་པ་ཟས་ནོར་འགུགས་པའི་ལས། བཅུ་དགུ་བ་གོས་འགུགས་པའི་ལས། ཉི་ཤུ་བ་རྫས་འགུགས་པའི་ལས། སོ་གཉིས་པ་ཚོང་ལས་རྒྱལ་བར་བྱེད་པའི་ལས། ང་གསུམ་པ་ཆར་འབེབས་པའི་ལས། ང་བཞི་བ་ཆར་གཅོད་པའི་ལས། ང་ལྔ་བ་ཤྭ་འོད་ཟློག་པའི་ལས། ང་དྲུག་པ་སེར་བ་གཅོད་པར་བྱེད་པའི་ལས། ང་བདུན་པ་དགྲ་ཇག་འཆིང་བར་བྱེད་པའི་ལས། རེ་གཉིས་པ་རྟ་ཕྱུགས་ནོར་གྱི་སྲིད་འཕེལ་བར་བྱེད་པའི་ལས། རེ་གསུམ་པ་མི་དང་རྟ་ཕྱུགས་སོགས་ཀྱི་སྲིད་སྲུང་བར་བྱེད་པའི་ལས་བཅས་དཔལ་འབྱོར་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན།

གོང་དུ་བརྗོད་པ་འདི་དག་གིས་བེའུ་བུམ་གཞན་དག་ལ་གཅིག་ཤེས་ཀུན་གྲོལ་བཞིན་དུ་ཤེས་ངེས་ཡིན་ནོ། །འོན་ཀྱང་བེའུ་བུམ་མང་ཆེ་བ་བཀའ་རྒྱ་མ་ཡིན་པས་སློབ་དཔོན་ཚད་ལྡན་ལས་རང་རང་གི་དབང་ལུང་མན་ངག་སོགས་མནོས་ཏེ་ཚུལ་བཞིན་དུ་ཉམས་སུ་ལེན་པ་ལས། གཞུང་གི་དགོངས་པ་ཇི་བཞིན་དུ་ཉམས་སུ་ལེན་པ་ལས་གང་འདོད་དུ་ཉམས་སུ་བླངས་ན་ཉེན་ཁ་ཆེ་བའང་ཤེས་དགོས་པའི་གནད་ཆེན་པོ་ཞིག་གོ །

གསུམ་པ། སྦྱིན་སྲེག་དང་གཏེར་བུམ་སོགས་ཀྱིས་དཔལ་འབྱོར་འཕེལ་བའི་སྐོར།

    གོང་དུ་བཤད་པ་ལྟར་འཇམ་དཔལ་རྩ་རྒྱུད་ན་སྦྱིན་སྲེག་ལ་བརྟེན་ནས་ནོར་སྒྲུབ་ཚུལ་མང་བོ་གསུངས་ཡོད་ལ་དེ་བཞིན་ཡི་དམ་སོ་སོའི་སྦྱིན་སྲེག་ན་སྦྱིན་སྲེག་ལ་བརྟེན་ནས་ནོར་སྒྲུབ་ཚུལ་མང་བོ་གསུངས་ཡོད་ཅིང་། 

1  སྦྱིན་སྲེག   ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་གང་ལ་ཡང་ནོར་དང་ནོར་རྒྱས་པ་དང་མ་འབྲེལ་བ་མེད་དེ། སོ་བ་ཕུལ་བས་ནོར་ལོངས་སྤྱོད་རྒྱས་པའི་གེགས་ཐམས་ཅད་སེལ། སྲན་མ་ཕུལ་བས་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་རྒྱས་པར་བྱེད་པ་དང་། གྲོ་ཕུལ་བས་ཚེ་འདིའི་ནད་དང་མུ་གེ་ཐམས་ཅད་སེལ་བར་བྱེད་པ་སོགས་ཡོད། དཔལ་འབྱོར་དེ་ཡང་ཆོས་ཀྱི་མཐུན་རྐྱེན་དུ་འགྲོ་བའི་དཔལ་འབྱོར་ཡིན་པ་ལས་སྡིག་པའི་རྐྱེན་དུ་འགྲོ་བའི་དཔལ་འབྱོར་མིན་པར་སྐྱེས་བུ་དམ་པ་དག་གི་ངག་ན་བཞུགས་སོ། །

2 གཏེར་སྒྲུབ་ཀྱི་སྐོར། རྒྱུ་ནོར་གྱི་ཆེད་དུ་གཏེར་འབུལ་ཚུལ་རྒྱུད་སྡེ་རྣམས་སུ་མང་དུ་གསུངས་ཤིང་རྒྱུན་ཏུ་བོད་མི་དག་གི་ལག་ལེན་དུ་འདེབས་བཞིན་ཡོད་པས་ཀུན་ལ་གསལ་ཆ་ཆེ་ལ་དེ་ལ་ཡང་གོང་གི་སྒྲོལ་མ་དང་འཕགས་པ་སའི་སྙིང་བོ། ནོར་སྦྱིན་གནོད་སྦྱིན་རྣམས་དང་འབྲེལ་བ་མང་ལ་ཀླུ་རྒྱལ་བོ་ནོར་རྒྱས་སོགས་ལ་གཏེར་བུམ་འབུལ་བ་སོགས་དཔལ་འབྱོར་སྒྲུབ་ཐབས་ཀྱི་སྐོར་མང་དུ་ཡོད། 

ནོར་ལྷའི་གཏེར་སྒྲུབ་ནི་ནོར་ལྷ་བསྒྲུབས་ཏེ་སྒྲུབ་པ་བོའི་ཏིང་ངེ་འཛིན་གྱིས་འཇིག་རྟེན་གྱི་ལྷ་མིའི་ཚེ་དང་བསོད་ནམས་དཔལ་འབྱོར་སོགས་བུམ་པར་ཁུགས་ནས་བུམ་པར་གཏིམ་སྟེ། བུམ་པ་འདི་ཉིད་འདོད་རྒུའི་གཏེར་ཁ་ཟད་པ་མི་ཤེས་པར་བསྒྲུབས་ནས་མཚོ་བྱིན་རླབས་ཅན། གནས་ཁྱད་པར་ཅན། རང་གི་མཁར་ཁྱིམ་སོགས་སུ་སྦས་ན་ བུམ་པའི་ནང་དུ་དཔལ་འབྱོར་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་ཏེ་སྦྱིན་པའི་བདག་པོར་ གནས་ཁང་ཐམས་ཅད་ལ་དཔལ་འབྱོར་ཟད་མི་ཤེས་པར་འབྱུང་བ་ཡིན།

དེ་བས་ནོར་ལྷའི་གཏེར་བུམ་སོགས་ཆོ་ག་བཞིན་བསྒྲུབས་ནས་མཚོ་ལ་སོགས་པ་གནས་འགངས་ཆེན་དུ་སྦས་ན་བྱིན་རླབས་མཐའ་ཡས་པ་འབྱུང་སྟེ། མདོར་བསྡུས་ན1ཕྱི་ནང་གི་བྱ་བ་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བ། 2འདོད་རྒུ་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ། 3ནད་རྣམས་ཞི་ཞིང་དུས་ཐམས་ཅད་དུ་དགེ་བ། 4འཇིག་རྟེན་ཁམས་སུ་འཁྲུག་ལོང་དང་མུ་གེ་ལ་སོགས་པ་མི་འབྱུང་བ། 5ས་དཔྱད་ངན་པ་དང་ཕྱི་ནང་གི་ས་དགྲ་ངན་པ་མཐའ་དག་ཞི་ཞིང་ས་བཅུད་ཉམས་པ་སོས་པ།6ས་རྐོ་རྡོ་ལོག་ཤིང་གཅོད་ལ་སོགས་པ་ལྷ་ཀླུ་ལ་ཕོག་ཐུག་བྱུང་བའི་ཉེས་པ་མཐའ་དག་ཞི་བ། 7གཟའ་སྐར་ངན་པར་བྱ་བ་བྱས་པའི་ཉེས་པ་སྣ་ཚོགས་ཞི་བ། 8ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་ལེགས་པ། 9དཀར་ཕྱོགས་པའི་ལྷ་རྣམས་ཀྱི་མཐུ་སྟོབས་རྒྱས་པ། 10སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱེད་པ་བཅས་བཅུ་འབྱུང་བ་རྒྱུད་སྡེ་དག་ལས་འབྱུང་བས་ནོར་ལྷའི་ཆོ་ག་ཇི་བཞིན་གཏེར་སྒྲུབ་ལ་གཞོལ་ན་ཕན་ཡོན་ཤིན་ཏུ་ཆེའོ། །

དེ་དག་རེ་རེ་བཞིན་བརྗོད་དུ་མི་ལོངས་ན་ཡང་གོང་དུ་བརྗོད་པའི་དམིགས་བརྩེ་མའི་བེའུ་བུམ་གྱི་ས་བླའི་བུམ་གཏེར་དང་གནས་ལུགས་གཅིག་ཏུ་སོང་བས་འདིར་མང་དུ་མི་བརྗོད་དོ། །དེ་དང་དེ་ལ་སོགས་པ་བརྗོད་རྒྱུ་མང་དུ་ཡོད་མོད་རེ་ཞིག་ཆོག་ཤེས་བསྟེན་པར་བྱའོ། །

བཞི་བ། སྟོན་པ་དང་དེའི་རྗེས་འཇུག་པ་དག་གིས་ཆོས་མཐུན་གྱི་འབྱོར་བའི་ཕྱོགས་ལ་ཐུགས་སྨོན་གནང་ཚུལ།

བདག་ཅག་གི་སྟོན་པའི་ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ནོར་དང་ལོངས་སྤྱོད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་སྤངས་པ་ཡིན་མོད། བསྟན་པའི་སྦྱིན་བདག་ལ་རྗེས་སུ་བརྩེ་བས་ནོར་དང་ལོངས་སྤྱོད་འབྱུང་བའི་ཐབས་ལམ་མང་དུ་གསུངས་པ་གོང་དུ་བརྗོད་པ་ལྟར་ཡིན་ལ། དེ་བཞིན་བསྟན་པའི་སྦྱིན་བདག་ཉམ་ཆུང་དབུལ་བོ་དག་གི་ཆེད་དུ་དེ་དག་ལ་ནོར་ལོངས་སྤྱོད་འབྱུང་བའི་ཐུགས་སྨོན་ཡང་རྒྱ་ཆེན་པོ་གནང་ཡོད་དེ། 

བདག་ཅག་གི་སྟོན་པས་འགྲོ་བའི་ལོངས་སྤྱོད་ཀྱི་ཆེད་དུ་ཐུགས་སྨོན་རྒྱ་ཆེན་པོ་མཛད་པ་ཡིན་ཏེ། མདོ་ལས། སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག །ཅེས་དང་། ནོར་འབྲུ་རིན་ཆེན་སྣ་ཚོགས་མང་བོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག །ཅེས་དང་། རྟག་ཏུ་མཐོན་པོའི་རིགས་ སུ་སྐྱེ་བར་ཤོག །ནོར་དང་འབྲུ་ཡིས་མཛོད་རྣམས་འབྱོར་གྱུར་ཅིག ། ཅེས་ཐུགས་སྨོན་རྒྱ་ཆེར་གནང་བ་དག་སྟོན་པའི་གསུང་མ་རེད་ཅེས་སུ་ཞིག་གིས་སྨྲ་བར་སྤོབས། ཐུགས་སྨོན་དེ་དག་ཀྱང་བསྟན་པའི་སྦྱིན་བདག་གི་ཆེད་དུ་ཡིན་པ་ལས་རབ་ཏུ་བྱུང་བ་ཐམས་ཅད་ཕྱུག་པོར་གྱུར་ཅིག་ཅེས་ཏེ་སྨོན་ལམ་བཏབ་པ་གཏན་ནས་མ་ཡིན་པའི་ཕྱིར་རོ། །རྒྱལ་སྲས་ཞི་བ་ལྷས། བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག ། ཅེས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་བོས། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཞེས་དང་། སློབ་དཔོན་པད་མས། བསྟན་པའི་གསོས་བྱེད་ཁྱིམ་བདག་འབྱོར་ལྡན་རྣམས། །ལོངས་སྤྱོད་ལྡན་ཞིང་ཉེར་འཚེས་མེད་པར་ཤོག །འགྲོ་མགོན་འཕགས་པས། གང་ཡོད་ན་ནི་བདག་གཞན་ཕུན་ཚོགས་ཤིང་། །གནས་སྐབས་དགའ་དང་བདེ་བ་འཕེལ་བྱེད་ལ། །ཐབས་ཀྱིས་ཟིན་ན་སྲིད་ཞིའི་  དཔལ་བསྐྱེད་པའི། །ལོངས་སྤྱོད་ཆུད་མི་གཟན་ཞིང་སྤེལ་བར་བགྱིད། །ཅེས་དང་། རྗེ་ཙོང་ཁ་བ་ཆེན་མོས། རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང་། །ཚེ་རིང་ནད་མེད་བདེ་དང་ལྡན་གྱུར་ཅིག །ཅེས་དང་། བསྟན་པའི་སྒྲོན་མེས། བསོད་ནམས་ཞིང་གི་མཆོག་གྱུར་དགེ་འདུན་དང་། །བསོད་ནམས་དད་གཏོང་འཛོམས་པའི་སྦྱིན་བདག་དང་། །བསོད་ནམས་སྡིག་དང་མ་འདྲེས་རྒྱུ་སྦྱོར་གྱིས། །བསོད་ནམས་དུས་སྟོན་དར་བའི་ཕྱྭ་ གཡང་སྩོལ། །ཅེས་དང་། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྗེས། ལོངས་སྤྱོད་མཆོག་རབ་ཡོངས་ལ་རྟག་རོལ་བའི། །ལོངས་སྤྱོད་རྫོགས་སྐུ་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་འདོད་རྒུའི་ལོངས་སྤྱོད་ཀྱི། །ཆར་ཆེན་འབེབ་པའི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས། ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་གཏེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོ་ལྟར་འཕེལ་ཤོག །ཅེས་དེ་བཞིན་སྐྱེས་བུ་དམ་པ་དག་གིས་བསྟན་པའི་སྦྱིན་བདག་གཙོ་བྱས་ཏེ་སྐྱེས་བུ་ནོར་གྱིས་དབུལ་བ་དག་ལ་འབྱོར་ བའི་ཆ་ནས་ཐུགས་སྨོན་རྒྱ་ཆེན་པོ་གནང་ཡོད་དོ། །


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-01-30 ལྟ་ཀློག (10094)