སྐབས་དང་བོའི་མདོ་ལྷོའི་དགེ་སློབ་ལྷན་འཛོམས།

སྐབས་དང་བོའི་མདོ་ལྷོའི་དགེ་སློབ་ལྷན་འཛོམས།

              མཛོད་དགེ་བ་ཉི་ཟེར།

༈ བོད་ཡུལ་མུན་པའི་སྨག་རིམ་ལྷག་མེད་དུ་འཇོམས་པའི།།
ཤེས་རིག་ཉིན་བྱེད་བསུ་བའི་སྐྱ་རེངས་ཀྱི་ཐོག་མ།།
བཅུ་ཕྲག་རིག་པའི་འདབ་བརྒྱ་ལྷག་ལྷག་ཏུ་དགོད་པའི།།
རིག་པའི་སྐྱེད་ཚལ་བསྐྲུན་པའི་གངས་ལྗོངས་ཀྱི་དཔའ་བོ།།

འཇིགས་མེད་རིག་པའི་དཔའ་བོའི་དཔུང་ཤུགས་ལ་བརྟེན་ནས།།
ཤེས་རིག་རྒྱལ་མཚན་སྲིད་པའི་རྩེ་མོ་ལ་བསྒྲེངས་ཚེ།།
ནོར་བུའི་གླིང་གི་གཟི་འོད་གངས་ལྗོངས་ལ་ཁྱབ་པས།།
གངས་ཕྲུག་སྟོང་ལ་ཤེས་རིག་བློ་མིག་དེ་འཁྲུངས་བྱུང་།།

བཀའ་གདམས་གོང་མའི་རྣམ་ཐར་ཕྱག་བཞེས་སུ་བསྟར་བའི།།
སྐལ་ལྡན་བུ་སློབ་སྟོང་གི་མགོན་སྐྱབས་སུ་བཞུགས་པ།།
གངས་ལྗོངས་མཁས་པའི་རྒྱན་གཅིག་བཛྲ་གྱི་མཚན་ཅན།།
མདོ་སྨད་ལྷོ་རྒྱུད་འདི་ཡི་ཟླ་བྲལ་གྱི་བཤེས་གཉེན།།

འདས་པའི་བགྲང་བྱའི་བ་གམ་བརྩེགས་རིམ་ལས་བརྒལ་ཏེ།།
ལྷག་བསམ་ལྷོ་སྤྲིན་འཁྲུགས་པའི་ལྡིང་ཁང་ནས་བབས་པའི།།
ལེགས་བཤད་བདུད་རྩིའི་ཆུ་རྒྱུན་འཛད་མེད་དུ་རོལ་མཁན།།
མཐར་ཕྱིན་བརྒྱ་ཕྲག་སློབ་བུའི་དཔུང་བརྡང་འདི་དམ་པ།།

འགྱུར་མེད་དམ་ཚིག་གཙང་བའི་དགེ་སློབ་ཀྱི་འཁོར་ཚོགས།།
མདོ་ལྷོ་གྲོང་དུ་ཐེངས་འདིའི་ལྷན་འཛོམས་ཀྱི་བསྐལ་བ།།
དེང་འདིར་ཤར་བའི་བཅོས་མིན་སྤྲོ་དགའ་ཡི་ངང་ཚུལ།།
དགའ་བ་གཞན་གྱིས་ཚབ་མཚོན་བརྙེད་པ་ཞིག་མ་ཡིན།།

རོ་བརྒྱའི་བཅུད་ལྡན་བཟའ་བཅའ་བཏུང་བ་ལ་རོལ་ཅིང་།།
སྙིང་གཏམ་འོ་ཆུའི་བཞུར་རྒྱུན་ཕྱོགས་གཅིག་ཏུ་འདྲེས་ཏེ།།
གདོང་གི་འཛུམ་དང་དགོད་པའི་ཉམས་འགྱུར་སོགས་མཐོང་བས།།

གཞན་དག་མགྲོན་པོའི་ཚོགས་རྣམས་ཡ་མཚན་ངང་ལུས་འདུག།

དེ་ལྟར་དགའ་སྟོན་རྒྱས་པའི་སྤྲོ་ཚོགས་ཀྱི་མཇུག་ཏུ།།
འབྱུང་འགྱུར་གངས་རིའི་ལྗོངས་ཀྱི་ཆོས་སྲིད་དང་རིག་གནས།།
ས་གནས་དཔལ་འབྱོར་ཚོང་ལས་མཉམ་བསྒྲུབས་ཀྱི་གནས་ཚུལ།།
ཇི་ལྟར་གྱུར་དང་འགྱུར་བཞིན་ཐུགས་དཀྱིལ་དུ་དགོངས་པའི།།
སློབ་དཔོན་གཉིས་ཀྱིས་གསུང་གླེང་འདི་བཞིན་དུ་མཛད་པ།།

མ་འོངས་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཁ་ཕྱོགས།།
ད་ལྟའི་ཐོན་མིའི་སློབ་གསོ་གཞི་རྩ་རུ་བཟུང་སྟེ།།
ཐོན་མིའི་སློབ་ཚོགས་ཁྱེད་རྣམས་མཐར་ཕྱིན་ཚོ་ཡིན་པས།།
དངོས་ཤུགས་རྒྱུ་གསུམ་གང་གིས་ནུས་རྩལ་རེ་འདོན་དགོས།།

མ་འོངས་སློབ་གླིང་བདག་པོ་ཁྱེད་ཅག་རྣམས་ཡིན་ཕྱིར།།
རང་རང་ས་ནས་སྐད་ཡིག་སློབ་གསོ་ཡི་ལས་དོན།།
རྣམ་དག་སེམས་ཀྱིས་བསྒྲུབས་དང་སྒྲུབ་བཞིན་དུ་མཆིས་པ།།
མདོར་ན་གངས་ཅན་བོད་ཀྱི་སྤྱི་དོན་ལ་བསམ་དགོས།།

བོད་ཀྱི་ས་གནས་འགའ་ཡི་སྐད་ཡིག་དང་རིག་གནས།།
སྣུམ་ཟད་མར་མེ་ལྟ་བུའི་ཉམ་ང་བའི་གནས་སྟངས།།
མཐོང་ཚེ་སེམས་ལ་བཟོད་མེད་ན་ཟུག་རེ་འབྱིན་པས།།
འདི་དག་མྱུར་སྐྱོབ་བྱེད་པའི་ཐབས་ལམ་ལ་འབད་དགོས།།

ཁྲིམས་དང་མཐུན་པའི་རང་རང་ས་གནས་ཀྱི་ཁེ་དབང་།།
ཇི་ལྟར་རྩོད་ལེན་བྱས་ན་དེ་ལྟར་དུ་ཕན་པས།།
ཆོས་སྲིད་དཔལ་འབྱོར་རིག་གནས་གང་ཞིག་ལ་འབད་ཚེ།།
བདག་གཞན་གཉིས་ལ་ཕན་པའི་དོན་ཆེན་རེ་འགྲུབ་ཡོང་།།

བོད་ཀྱི་ས་གནས་མང་བོ་གཞན་དག་ལ་ཤོར་བར།།
ཐུགས་ཀྱིས་མ་བཟོད་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས།།
རང་ས་རང་བདག་བྱེད་པའི་ལས་དོན་ལ་བརྩོན་པ།།
བྱ་བཞག་མཐའ་དག་བོད་པའི་སྤྱི་དོན་ལས་མ་མདས།།

ད་དུང་སྒོ་གསུམ་བྱ་བ་ཉོན་མོངས་དང་འདྲེས་པའི།།
དེང་རབས་མི་བུ་འགའ་ཡི་ཟེར་སྒྲོས་སུ་བསྙེགས་པ།།
སློབ་བུ་རེ་འགའ་ཡོད་དེ་ཡོད་སྲིད་ཀྱང་ཡིན་མོད།།
ཁྱེད་རྣམས་དེ་ལྟར་མིན་པའི་ཡིད་ཆེས་དང་རེ་ཞུ།།

མི་ཚེའི་རྣམ་བཞག་དགག་སྒྲུབ་གཉིས་ཀ་རུ་འདུ་བས།།
བླང་དོར་བློ་མིག་རང་རང་ནང་སེམས་ལ་བསྐོར་ཞིང་།།
གཞན་གྱི་ཡོན་ཏན་རྗེས་སུ་ཡི་རང་དང་བཅས་ཏེ།།
རང་སེམས་ལོག་རྟོགས་བྱ་སྤྱོད་ཅི་ནུས་ཀྱིས་དགག་དགོས།།

མི་རིགས་སྐད་ཡིག་སྲུང་སྐྱོབ་རྩ་ཁྲིམས་དང་མཐུན་པའི།།
འདིར་འདུས་སེར་སྐྱ་སློབ་བུས་རང་རང་གི་ས་ནས།།
ཀུན་སྤྱོད་ལེགས་ཤིང་ཀུན་སློང་རྣམ་དག་གི་སྒོ་ནས།།
འཛིན་སྐྱོང་སྤེལ་གསུམ་བྱེད་པ་སྒྲུབ་ཕྱོགས་ཀྱི་བྱ་བ།།

དེ་ལྟར་དགག་སྒྲུབ་གོ་རིམ་མ་ནོར་བར་བྱས་ཏེ།།
སོ་སོའི་ས་ནས་བསྒྲུབས་པ་རྒྱལ་ཁབ་དང་མི་རིགས།།
ས་གནས་རང་སྐྱོང་ལ་སོགས་ཁེ་དབང་གི་འདུ་ཤེས།།
ལེགས་པར་བཟུང་ནས་བསྒྲུབས་པ་ཁྲིམས་མཐུན་གྱི་ལ་རྒྱ།།
ད་དུང་ཆོས་སྲིད་རིག་གནས་དཔལ་འབྱོར་དང་འབྲེལ་ཏེ།།
གསུང་གླེང་ཟབ་རྒྱས་མཛད་ཅིང་བུ་སློབ་ཀྱི་ཚོགས་ལ།།
འབྱུང་འགྱུར་རེ་བ་ཡོད་ཚད་ཁྱེད་ཅག་ལ་རག་ལས།།
ཞེས་པའི་གསུང་རྣམས་སེམས་ཀྱི་དྲོད་ཁོལ་དུ་བསྒོམས་ཡོད།།

དེ་ལས་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་དུ་གནངས་པའི།།
ཞལ་གསུང་རྒྱ་མཚོ་ལས་ནི་ཆུ་ཐིགས་ཙམ་བྲིས་པ།།
ཉིས་སྟོང་བཅུ་དྲུག་གཅིག་པའི་བཅོ་ལྔའི་ཉིན་འཛོམས་པའི།།
ཟིན་བྲིས་ཙམ་ལས་སྙན་ངག་འབྲི་འདོད་དེ་མ་ཡིན།།

ཐེངས་འདིར་དགེ་སློབ་ལྷན་དུ་འཛོམས་ཚུལ་འདི་དགའ་བ།།
རླབས་ཆེན་མི་རིགས་ལས་དོན་བསྒྲུབས་ཚུལ་དེ་འཕགས་པ།།
མི་འགྱུར་དམ་བཅའ་བརྟན་པའི་དགེ་སློབ་རྣམས་སྤྲོ་བ།།
མ་འོངས་བྱ་བཞག་ཡར་ཟླའི་དཔལ་ཡོན་ལ་འགྲན་ཤོག།

གངས་ལྗོངས་ཁ་བའི་ཆོས་སྲིད་རིག་གནས་ཀྱི་བདག་པོ།།
སྐལ་ལྡན་བུ་སློབ་སྟོང་གི་ལམ་སྟོན་གྱི་བཤེས་གཉེན།།
ཐུགས་བཞེད་འགྲུབ་ཅིང་སྐུ་ཚེ་བསྐལ་བརྒྱའི་བར་བརྟན་པའི།།
རྣམ་དག་སྨོན་ལམ་བདག་གི་སྙིང་དབུས་ནས་ཞུས་སོ།།

༢༠༡༦.༡.༡༥ཉིན་མདོ་ལྷོ་ཁུལ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྒྱ་ཕྲག་ལྷག་དང་ཐེངས་དང་བོའི་དགེ་སློབ་མཉམ་འཛོམས་བྱུང་བར་ཉིན་འགའི་རྗེས་སུ་ཁོམ་སྐབས་དང་བསྟུན་ནས་སློབ་དཔོན་རྣམ་པ་གཉིས་ཀྱི་གསུང་ལ་ཕྱིར་དྲན་བྱས་ཏེ་ཟིན་བྲིས་ཀྱི་ཚུལ་དུ་༢༠༡༦.༡.༡༩ ཉིན་མཛོད་དགེ་བ་ཉི་ཟེར་གྱིས་བཀོད་དོ།།

རྩོམ་ཡིག་མཁོ་སྤྲོད་པ།  བན་ཤུལ་འབྲུག་ལྷ་རྒྱལ།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-01-27 ལྟ་ཀློག (7405)