གསུང་མགུར་དུ་མ་རོ་གཅིག་ཅེས་བྱ་བཞུགས་སོ།།


གསུང་མགུར་དུ་མ་རོ་གཅིག་ཅེས་བྱ་བཞུགས་སོ།།

     རྫ་དཔལ་སྤྲུལ་གྱིས་མཛད།
སྣང་བ་སྒྱུ་མའི་ཡུལ་ལ།།
འཁྲུལ་བའི་ཞེན་པ་བརྟག་ན།།
སྒྱུ་མ་འཁྲུལ་བ་བསླུ་བྲིད།།
སྣང་སེམས་ཆུ་དང་ཟླ་གཟུགས།།
ཤེས་ན་དུ་མ་རོ་གཅིག །

གཞོན་པའི་ལང་ཚོ་དར་ལ།།
རྒན་པོའི་མིག་དབང་གཡེང་ན།།
ཞེན་པའི་དུག་རོ་ལྡང་སྲིད།།
ལུས་འཛིན་དབྱིངས་སུ་གྲོལ་ན།།
རྒན་གཞོན་དུ་མ་རོ་གཅིག །

སྐྱེ་བའི་རིམ་པ་གསུམ་ལ།།
ཞེན་པའི་རྟག་འཛིན་ཆེ་ན།།
འཆི་བའི་སྡུག་བསྔལ་ཆེ་སྲིད།།
རིག་པའི་ཐིག་ལེ་གཅིག་ལ།།
སྐྱེ་ཤི་དུ་མ་རོ་གཅིག །

འདུས་པའི་སྤུན་ཟླ་མཛའ་བཤེས།།
བརྩེ་བའི་ཕྲེང་ཐག་དམ་ན།།
འབྲལ་བའི་སྡུག་ཡུས་ཆེ་སྲིད།།
འཁོར་བའི་སྣང་སྲིད་ཤེས་ན།།
འདུ་བྲལ་དུ་མ་རོ་གཅིག །

ལྷ་ལ་རེ་བ་ཆེ་ན།།
འདྲེ་ལ་དོགས་པ་སྐྱེ་ཡོང་།།
སྣང་སྲིད་ལྷ་རུ་ཤེས་ན།།
ལྷ་འདྲེ་དུ་མ་རོ་གཅིག །

རྟོག་པའི་རྗེས་མཐའ་དེད་ན།།
བྱ་བའི་སྣེ་བརྒྱ་ལྡང་ཡོང་།།
རྟོག་མེད་སེམས་ལ་བལྟས་ན།།
བྱར་མེད་རོ་ཉལ་བརྒྱབ་ཆོག །

ཟེར་ཚོད་ཁ་ལ་ཉན་ན།།
འདི་བྱེད་བྱེད་ཚོད་མེད་ཀྱང་།།
རང་ཐག་རང་གིས་བཅད་ན།།
བློ་སྣ་བཙན་ཐབས་སྟུངས་ཆོག །

བཟང་མཐོང་གཞན་གྱིས་ཆེ་ཡང་།།
རང་སྐྱོན་རང་གིས་མཐོང་ན།།
བཟང་རྫུ་བྱེད་དོན་མི་འདུག །
ངན་པས་རོ་སྐུང་བྱེད་རན།།

ཝ་ཡིས་རྒྱལ་ས་བཟུང་བཟུང་།།
དོན་འབྲས་སྔར་ཡོད་དེ་ཙམ།།
དོན་མེད་ལྷགས་པས་གདུང་ཚེ།།
ཝ་རྒན་ཁུང་ཕུག་སྙེག་རན།།

སྨར་བས་ཟེར་ཚད་བསྒྲུབ་ན།།
རྡོ་ཡུལ་མཐོང་བར་དཀའ་ལ།།
འགྲོ་ཚོད་རང་གིས་བཟུང་ན།།
རྡོ་སྨར་ལ་ཁའི་ལྟོ་རྒྱབ།།

ཧ་ཧ་སྐྱོ་གཏམ་དེ་ལགས།།
ཧེ་ཧེ་དོན་མེད་ཆ་ཙམ།།
ཧོ་ཧོ་ཐོལ་བྱུང་ཐལ་ལོ།།          


 རྩོམ་ཡིག་མཁོ་སྤྲོད་པ་གཉན་བུ། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-01-25 ལྟ་ཀློག (3370)