​རང་གིས་རང་ལ་དྲན་བསྐུལ་དུ་བྲིས་པའི་སྙིང་གཏམ།

 

རང་གིས་རང་ལ་དྲན་བསྐུལ་དུ་བྲིས་པའི་སྙིང་གཏམ།

         བཛྲ་ཚུལ་ཁྲིམས་རྒྱ་མཚོས།

དཔེ་ཀློག་མི་བྱེད་འགན་འཁྲིའི་བསམ་བློ་མེད།།

ཀུན་སྤྱོད་མི་ལེགས་ལས་འབྲས་སྙིང་ན་མེད།།

འདོད་སྲེད་མི་འགོག་ལྷག་བསམ་གཏན་ནས་མེད།།

མེད་གསུམ་ཚང་ན་དགེ་མིང་དོན་སྙིང་མེད།།


བཤེས་ལ་མི་གུས་དད་པ་སྙིང་ན་མེད།།

དམ་ཚིག་མི་བརྩི་རང་ལ་ལྟ་རྟོག་མེད།།

ཁེངས་དྲེགས་མི་གནོན་ལེགས་བཤད་དོན་གཉེར་མེད།།

མེད་གསུམ་ཚང་ན་སློབ་མའི་དོན་སྙིང་མེད།།


དོན་བཟང་འགྲུབ་ན་དགའ་བའི་རྟེན་འབྲེལ་མེད།།

ལོག་ལམ་ལོག་པར་ཞུགས་ན་བཤོལ་འདེབས་མེད།།

མཁོ་བའི་དུས་སུ་གྲིབ་མ་ཙམ་ཡང་མེད།།

མེད་གསུམ་ཚང་ན་གྲོགས་པོའི་དོན་སྙིང་མེད།།


སྔོན་བྱོན་མཁས་པའི་ལུང་གི་རྒྱབ་རྟེན་མེད།།

ཚུལ་གསུམ་ཚང་བའི་རིགས་པའི་སྒྲུབ་བྱེད་མེད།།

གང་འདོད་ཁ་ནས་བཤད་རྒྱུར་འཛེམ་དོགས་མེད།།

མེད་གསུམ་ཚང་ན་མཁས་པའི་དོན་སྙིང་མེད།།


སྤྱི་བོས་བཀུར་ན་ཁྲེལ་དང་ངོ་ཚ་མེད།།

སེམས་པ་བསྟན་ན་བྱམས་དང་སྙིང་རྗེ་མེད།།

རྒྱུ་ནོར་རིག་ན་ཧམ་པ་གང་རྒྱུ་མེད།།

མེད་གསུམ་ཚང་ན་ཆེན་པོའི་དོན་སྙིང་མེད།།


ཕར་ལ་གང་དྲན་བཤད་ཀྱང་མི་ཆོག་མེད།།

ཚུར་ལ་བདེན་ལུགས་སྨྲ་བའི་རང་དབང་མེད།།

ཚུལ་དང་ཚུལ་མིན་འབྱེད་པའི་བློ་རིག་མེད།།

མེད་གསུམ་ཚང་ན་དྲང་བདེན་དོན་སྙིང་མེད།།


གཞན་གྱི་ཡོན་ཏན་མཐོང་བའི་བློ་མིག་མེད།།

རྒུད་ཚེ་ཕྱག་ཟུང་རྐྱོང་བའི་ཕན་སེམས་མེད།།

ཅུང་ཟང་འགལ་ན་དྲིན་བྱས་དྲན་པ་མེད།།

མེད་གསུམ་ཚང་ན་མི་ཆོས་ཤེས་བློ་མེད།།


དགག་ལ་དགའ་ཡང་བདག་འཛིན་འགོག་བྱེད་མེད།།

སྒྲུབ་ལ་བརྩོན་ཡང་སྒྲུབ་ཚུལ་གོ་རིམ་མེད།།

དགག་སྒྲུབ་ཁ་ནས་བཤད་ཀྱང་དོན་ལ་མེད།།

མེད་གསུམ་ཚང་ན་དགག་སྒྲུབ་དོན་སྙིང་མེད།།


ཞི་བདེ་ཟེར་ཡང་རང་སེམས་ཞི་ཐབས་མེད།།

འཆམ་མཐུན་ཟེར་ཡང་ནང་ལ་མཐུན་སྒྲིལ་མེད།།

བཤད་ལ་དགའ་ཡང་ལག་ལེན་གཅིག་ཀྱང་མེད།།

མེད་གསུམ་ཚང་ན་འུད་ལ་སྙིང་བོ་མེད།།


གཞུང་བརྒྱ་འཆད་ན་སྨྲ་ལྕེ་ཐོགས་པ་མེད།།

མཁས་བརྒྱའི་དབུས་ན་རྩོད་རིག་འགྲན་ཟླ་མེད།།

མི་བརྒྱའི་ནང་ན་རྩོམ་ལ་བཤད་པ་མེད།།

རང་སེམས་མ་ཐུལ་ཆོས་པའི་དོན་སྙིང་མེད།།


དེ་ཕྱིར་རྣམ་དག་ཐོས་པ་བྱེད་པ་གལ།།

ཐོས་དོན་བསམ་པས་སྒྲོ་འདོགས་གཅོད་པ་གལ།།

བསམ་དོན་ཚུལ་བཞིན་ཉམས་སུ་ལེན་པ་གལ།།

འདི་བཞིན་སྒྲུབ་ལ་བརྩོན་ན་དོན་གཉིས་འགྲུབ།།

༼ཅེས་རང་གིས་རང་ལ་དྲན་བསྐུལ་དུ་བྲིས་པའོ།།༽

རྩོམ་ཡིག་མཁོ་སྤྲོད་པ།  གྱི་ལིང་འཇིགས་མེད། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-01-18 ལྟ་ཀློག (5459)