ཤེས་རིག་སློབ་གླིང་གི་མདོ་ལྷོའི་མཐར་ཕྱིན་སློབ་མའི་མཉམ་འཛོམས་སྐབས་དང་པོ།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་དང་སློབ་དཔོན་བཛྲ་ཚུལ་ཁྲིམས་མཆོག་རྣམ་གཉིས།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མདོ་ལྷོའི་མཐར་ཕྱིན་སློབ་མའི་སྐབས་དང་པོའི་ལྷན་འཛོམས་མདོ་ལྷོ་ཁུལ་དུ་ཚོགས་པ།

      སྤྱི་ཟླ་དང་བོའི་ཚེས་བཅོ་ལྔ་དང་བཅུ་དྲུག་ཉིན་གཉིས་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མདོ་ལྷོའི་མཐར་ཕྱིན་སློབ་མའི་སྐབས་དང་པོའི་ལྷན་འཛོམས་ཚོགས་འདུ་དེ་མདོ་ལྷོ་ཁུལ་ཐོག་ཏུ་གཟབ་རྒྱས་ངང་ཚོགས་ཤིང་། ཐེངས་འདིའི་ཚོགས་ཐོག་ཏུ་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་མ་འོངས་པར་སློབ་གླིང་རང་གི་སྐྱིད་སྡུག་ལེགས་ཉེས་ཅི་ཞིག་ཡིན་རུང་མཐར་ཕྱིན་སློབ་མ་དག་ལ་རག་ལས་པ་དང་།  མཐར་ཕྱིན་སློབ་མ་ཡོད་ཚད་ཐོན་མིའི་སློབ་ཚོགས་ཡིན་པ།  སློབ་གླིང་འདི་མི་གཅིག་གཉིས་ཤིག་གི་མིན་པར་རྗེས་ཕྱོགས་འདིའི་ཐད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་བྱ་དགོས་ཚུལ་སོགས་གསུང་བཤད་ཡིད་འཁུལ་པ་གནང་བར་མ་ཟད། རྒན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་ཚང་གིས་མི་གཤིས་དང་བསམ་བློ་བཟང་པོའི་སྒོ་ནས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་དགོས་ཚུལ་དང་།  མི་གཤིས་ཇེ་རྒྱས་ཇེ་ལེགས་སུ་ཇི་ལྟར་གཏོང་ཚུལ་ལས་འཕྲོས་ཏེ་གསུང་བཤད་གལ་ཆེན་གནང་།  ད་དུང་རྣམ་པ་གཉིས་ཀྱིས་མཉམ་སྒྲུབ་ཚོང་སྡེ་སྒྲུབ་ཚུལ་དང་དེའི་དགོས་པ་སོགས་གསུང་བཤད་མང་པོ་གནང་།  གུང་ཇ་བཞེས་པའི་སྐབས་སུ་ཐེངས་འདིར་ཞུགས་ཡོད་པའི་སློབ་མའི་ཁ་གྲངས་དང་སློབ་མ་ལྔ་རྗེས་ཕྱོགས་ཀྱི་སྣེ་ཁྲིད་པའམ་བཀོད་འདོམས་པ་བསྐོ་བཞག་གནང་ནས་མགོ་བཀྲ་ཤིས་ཤིང་མཇུག་དོན་འགྲུབ་པའི་ངང་གྲོལ་སོང་།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མདོ་ལྷོའི་མཐར་ཕྱིན་སློབ་མའི་སྐབས་དང་པོའི་ལྷན་འཛོམས་ཐོག་རྒན་རིན་པོ་ཆེ་རྣམ་གཉིས་ཆེད་དུ་གདན་དྲངས་ཏེ་གསུང་བཤད་གནང་བཞིན་པའི་ཟུར་དངོས་ཤིག


ཚོགས་རའི་ཟུར་དངོས་ཤིག

གསར་འགོད་པ།  རླུང་གཤོག་ཅན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-01-16 ལྟ་ཀློག (5065)