ཉི་ཧོང་གི་མེ་འཁོར་ཞིག་གིས་ལོ་ངོ་གསུམ་གྱི་རིང་ཉིན་ལྟར་བུ་མོ་སློབ་མ་གཅིག་ཁོ་ན་བསུ་བསྐྱལ་བྱས་པ་རེད།

   ཉི་ཧོང་གི་མེ་འཁོར་ཞིག་གིས་ལོ་ངོ་གསུམ་གྱི་རིང་ཉིན་ལྟར་བུ་མོ་སློབ་མ་གཅིག་ཁོ་ན་བསུ་བསྐྱལ་བྱས་པ་རེད།
     

  འདས་པའི་ལོ་ངོ་གསུམ་གྱི་རིང་། མེ་འཁོར་ཞིག་ཉི་ཧོང་བྱང་ཕྱོགས་ཀྱི་རྒྱང་རིང་ལུང་ཁུག་ཅིག་ཏུ་ཉིན་ལྟར་ཐེངས་གཉིས་ལ་འབབ་ཚིགས་ཤིག་བརྒྱུད་དེ་འགྲུལ་བཞུད་བྱེད་པ་རེད། ཉིན་རེའི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་བཞིའི་སྟེང་ཏག་ཏག་མེ་འཁོར་དེས་འབབ་ཚིགས་དེ་ནས་སློབ་གྲྭར་སྐྱོད་པའི་བུ་མོ་སློབ་མ་ཞིག་བསུ་བཞིན་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་ལྔ་དང་སྐར་མ་བརྒྱད་ཀྱི་སྟེང་ཁོ་མོ་ཕྱིར་ཁྱིམ་དུ་བསྐྱལ་བ་རེད།

འཁོར་སྐྱོད་ལས་གཉེར་ལམ་ཐིག་གི་པེ་ཧྭེ་ཏོ་ཡུལ་སྐོར་ལྕགས་ལམ་མཐུན་གཉེར་ཁང་གིས་ལོ་གསུམ་གྱི་སྔོན་ལ་མེ་འཁོར་འབབ་ཚིགས་འདི་སྒོ་རྒྱག་པའི་འཆར་གཞི་བཏང་བ་རེད། རྒྱུ་མཚན་ནི་དེ་ཧ་ལམ་བེད་སྤྱོད་མེད་པས་ཡིན་མོད། ཡིན་ནའང་རྗེས་སུ་མཐུན་གཉེར་ཁང་དེས་སློབ་མ་ཞིག་སློབ་ཚན་ཡོད་པའི་ཉིན་ལ་རྒྱུན་གཏན་ལྟར་ཞོགས་པ་མེ་འཁོར་ལ་བསྡད་དེ་སློབ་གྲྭར་བསྐྱོད་པ་དང་ཕྱི་དྲོའང་མེ་འཁོར་བརྒྱུད་ནས་ཕྱིར་ཁྱིམ་དུ་ལོག་གི་ཡོད་པ་ཤེས་པ་རེད། དེར་བརྟེན་ཁོ་ཚོས་བུ་མོ་སློབ་མ་འདི་ལ་དམིགས་ནས་ཁོ་མོ་མཐོ་འབྲིང་སློབ་མཐར་ཕྱིན་རག་བར་ཆེད་དུ་འབབ་ཚིགས་སོར་འཇོག་བྱས་ཏེ་མེ་འཁོར་འགྲུལ་བཞུད་བྱས།

དེ་ཡང་འབབ་ཚིགས་འདིའི་འཁོར་སྐྱོད་ལས་གཉེར་གྱི་འགྲུལ་བཞུད་དུས་ཚོད་ནི་ཡོད་ཚད་བུ་མོ་འདིའི་སློབ་ཚན་གྱི་དུས་ཚོད་གཞིར་བཟུང་ནས་བཀོད་སྒྲིག་བྱས་ཡོད། ད་ལྟ་བུ་མོ་འདི་སློབ་མཐར་ཕྱིན་པར་ཆེས་མཐའ་མཇུག་གི་ཟླ་བ་ཁ་ཤས་ལས་མེད་པ་དང་། སློབ་ལོའང་སྤྱི་ཟླ་གསུམ་པར་མཇུག་རྫོགས་པ་རེད། དེ་བས་མེ་འཁོར་འབབ་ཚིགས་འདིའང་སྤྱི་ཟླ་གསུམ་པའི་ཚེས་ཉི་ཤུ་དྲུག་ལ་གཏན་དུ་སྒོ་རྒྱག་པའི་འཆར་གཞི་བཀོད་ཟིན།

དྲ་བའི་སྒང་དཔྱད་གཞི་སྤེལ་མཁན་ཞིག་གིས་བཤད་དོན། ཉི་ཧོང་རྒྱལ་ཁབ་ཀྱིས་ལོ་གཞོན་རྣམས་ཀྱི་སློབ་གསོ་ནི་"དུས་ཡུན་རིང་བོའི་མ་དངུལ་གཏོང་བ་"དང་འདྲ་བའི་ལས་གཞི་ཞིག་ལ་བལྟ་བ་དང་། ན་ཆུང་བུ་མོ་འདི་ངལ་རྩོལ་ནུས་པའི་བྱ་བའི་འཚོ་བའི་ཁྲོད་ཞུགས་སྐབས་མ་དངུལ་བཏང་བའི་ལས་གཞི་འདིས་ཀྱང་ཕྱིར་དྲིན་གཟོ་བྱེད་སྲིད།  ད་དུང་དྲ་བའི་དཔྱད་བརྗོད་མཁན་དེས་རྒྱལ་ཁབ་གཞན་དག་གི་"མིག་རྒྱང་རིང་བོ་མེད་པའི་ཆབ་སྲིད་འགོ་ཁྲིད་མི་སྣས་"སློབ་གསོ་དང་སྤྱི་དམངས་ལ་འདི་ལྟ་བུའི་བྱ་བཞག་སྒྲུབ་པར་ཁས་ལེན་བྱེད་མི་ཐུབ་པ་ནི་ཡིད་སྐྱོ་བ་ཞིག་རེད་ཟེར།

གཏམ་རྒྱུད་ངོ་མ་འདིས་ལྕགས་ལམ་མཐུན་གཉེར་ཁང་འདི་ལ་བསྟོད་བསྔགས་ཀྱི་མེ་ཏོག་འབུལ་བར་བྱས་པ་རེད།  གཞན་ཡང་དུས་མཚུངས་སུ་འདི་ཉིད་ཀྱིས་ཉི་ཧོང་གི་མི་གྲངས་ཉམས་ཉེནའང་གསལ་བོར་མཚོན་ཡོད།

ཉི་ཧོང་གི་གླིང་ཕྲན་གཙོ་བོ་བཞིའི་ཁྲོད་ཀྱི་བྱང་དང་ཆེས་ཉེ་ཤོས་ཀྱི་པེ་ཧེ་ཏོ་ནི། ཉེ་བའི་ལོ་འགའི་རིང་ལྕགས་ལམ་ལམ་ཐིག་ཉི་ཤུའི་མེ་འཁོར་བསྐྱོད་མཚམས་བཞག་པ་དང་། ལས་ཞུགས་གོ་སྐབས་ཇེ་ཉུང་དུ་སོང་བ་དང་བསྟུན་ནས་རྒྱལ་ཁབ་འདིའི་ཞིང་གྲོང་དང་། རྒྱང་རིང་ལུང་ཁུག་གི་མི་འབོར་ནི་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་མྱུར་ཚད་ལས་ཇེ་ཉུང་ལ་འགྲོ་བཞིན་ཡོད།

     སྔོན་དཔག་བྱས་པ་ལྟར་ན། སྤྱི་ལོ་2060ལ་སླེབས་དུས་ཉི་ཧོང་གི་ལོ་ཚོད་མཐོ་བའི་མི་གྲངས་ཀྱི་རྣམ་པ་ཧ་ཅང་ཚབས་ཆེན་ཡིན་པ་དང་། མི་གྲངས་སུམ་ཆའི་གཅིག་ཇེ་ཉུང་དུ་སོང་ནས་ཧ་ལམ་མི་འབོར་ཁྲི་8500ཡས་མས་ཇེ་ཉུང་ལ་འགྲོ་སྲིད་པ་དང་། དེའི་ཁྲོད་ཀྱི་མི་མང་ཤོས་ཞིང་གྲོང་གི་འཚོ་བར་གཡོལ་ཏེ་གྲོང་ཁྱེར་ལ་འགྲོ་སྲིད་ཟེར།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  སྐབས་གསུམ་པའི་མཐར་ཕྱིན་སློབ་མ་འཇམ་དབྱངས་ཚུལ་ཁྲིམས་ཡིན།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-01-15 ལྟ་ཀློག (16806)