​གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས​་པ།

    

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས་པ། 

    2016-1-4 དགོང་མོར་ངེད་སློབ་གླིང་གིས་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་དགེ་རྒན་དང་ལས་བཟོ་བ། དེ་མིན་སློབ་མ་དང་སློབ་གྲྭའི་ཁེ་ལས་སྡེ་ཁག་སོགས་མི་སྒེར་དང་ཚོགས་པ་སོགས་ལ་ཚད་མི་འདྲ་བའི་བྱ་དགའ་སྣ་ཚོགས་གནང་སྟེ་གཟེངས་བསྟོད་བྱས། དེ་བཞིན་དུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་ལོ་གཅིག་གི་བྱ་བར་སྤྱི་སྡོམ་དང་། སང་ཉིན་ནས་བཟུང་དགུན་གནང་བཏང་སྟེ་སྤྱི་ཟླ་3པའི་ཚེས་5ཉིན་སློབ་འགོ་རྩོམ་རྒྱུ་ཡིན་པས་དགེ་སློབ་སུས་ཀྱང་རང་རང་གི་བསམ་བློ་དང་ཀུན་སྤྱོད་སོགས་གང་ཅིའི་ཐད་དོ་སྣང་བྱེད་དགོས་ཚུལ་སོགས་གསུང་བཤད་གལ་ཆེན་གནང་།

    དེ་ཡང་ཚོགས་ཐོག་ཏུ་ཁོང་གིས། 

 1 རང་རེའི་སློབ་གླིང་འདི་ནི་ང་ཚོའི་མི་རེ་གཉིས་ཙམ་མ་ཡིན་པར་དགེ་སློབ་ཚང་མའི་འབད་བརྩོན་ལ་བརྟེན་ནས་གནས་ཡོད། དཔེར་ན་མེ་འབུད་མཁན་གྱིས་མེ་འབུད་ཅིང་ཆུ་ལེན་མཁན་གྱིས་ཆུ་བླངས་ཏེ་རང་རང་གི་འགན་འཁྲི་ལེགས་འགྲུབ་གནང་བའི་བཀའ་དྲིན་སྐུ་དྲིན་ཡིན་པས། ཚང་མས་རང་རང་ས་ནས་མུ་མཐུད་དུ་འབད་པ་གནང་རྒྱུ་བཀའ་དྲིན་ཆེ། 

2 བྱ་དགའ་འདི་དག་ལ་སྒོར་མོ་མང་བོ་ཞིག་མེད་ན་ཡང་འདིས་ནི་ཁྱོད་ཀྱི་དགེ་རྒན་དང་སློབ་གྲོགས། ལས་གྲོགས་རྣམས་ཀྱིས་ཁྱོད་ལ་བཅངས་པའི་རེ་བ་དང་བརྩེ་བ་ཡིན་པས། རང་རང་གིས་སྔར་བས་ལྷག་པའི་སྒོ་ནས་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས་ལ། བྱ་དགའ་མ་ཐོབ་པ་རྣམས་ཀྱིས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་འབད་པ་བྱེད་དགོས། འབད་པ་བྱས་པ་དེའང་བྱ་དགའ་ཙམ་གྱི་ཆེད་དུ་དམིགས་མི་འོས་མོད། ནམ་ཞིག་སློབ་གླིང་འདི་ཙམ་མ་ཡིན་པར་རྒྱལ་ཡོངས་དང་ཡང་ན་འཛམ་གླིང་རང་བཞིན་ཅན་གྱི་བྱ་དགའ་སོགས་ལ་བརྩོན་པའི་སྙིང་སྟོབས་དང་ཕུགས་འདུན་ཡོད་དགོས། 

3 དགུན་གནང་འདི་ནི་སློབ་མ་ཞིག་ལ་མཚོན་ན་དུས་ཚོད་དམིགས་བསལ་བ་ཞིག་ཡིན། མི་ལ་ལ་ཞིག་ནི་འཆར་གཞི་ཅི་ཡང་མེད་པར་དུས་ཚོད་ཚང་མ་བརླག་ནས་འགྲོ་བཞིན་ཡོད་ལ། ཁྱིམ་བདག་ལ་ལས་ཀྱང་ཁྱོད་ལ་སློབ་སྦྱོང་གི་དུས་ཚོད་ཅིག་བཀོད་སྒྲིག་བྱེད་མི་སྲིད་མོད། རང་གིས་རང་ལ་བཀོད་སྒྲིག་བྱས་ཏེ་སློབ་སྦྱོང་བཟང་བོ་ཞིག་བྱེད་རྒྱུ་བཀའ་དྲིན་ཆེ། 

4 ལ་ལ་ཞིག་གིས་དགུན་གནང་སྐབས་སློབ་སྦྱོང་སོགས་ལྟ་ཅི། ད་དུང་དེ་ལས་ལྡོག་སྟེ་དུད་འཐེན་ཆང་འཐུང་སོགས་ཐམས་ཅད་ཀྱི་མིག་ལ་མི་འགྲོ་བའི་ཀུན་སྤྱོད་ངན་ལ་སྣ་ཚོགས་སྟོན་སྲིད་པས། དེ་ལ་ནམ་ཡང་གཟབ་གཟབ་གནང་རྒྱུ་བཀའ་དྲིན་ཆེ།

 དགེ་རྒན་ཡོན་ཏན་ཚང་གིས། 

1 དེ་རིང་བྱ་དགའ་བྱིན་པ་རེད། དེས་ན་བྱ་ཐོབ་ཟིན་པ་རྣམས་སྔར་ལས་ལྷག་པར་སྙིང་སྟོབས་ཆེར་བསྐྱེད་དང་། བྱ་དགའ་མ་ཐོབ་པ་རྣམས་ཀྱིས་ཀྱང་ཞུམ་པ་མེད་པར་མུ་མཐུད་དུ་བརྩོན་པ་གནང་རྒྱུ་ཧ་ཅང་གལ་ཆེ།

2 རང་ཅག་རྣམས་ཕ་མ་གཉེན་ཉེ་དང་ལྷན་འཛོམས་ཀྱི་དུས་ཚོད་ཉུང་ཉུང་ཞིག་ལས་མེད་པས། ཚང་མས་དགུན་གནང་སྐབས་རང་རང་གི་ཕ་མ་ལ་བསྙེན་བཀུར་དང་། གཉེན་ཉེ་ཀུན་ལ་བག་ཆགས་ཡག་པོ་རེ་འཇོག་རྒྱུ་དེ་ཧ་ཅང་གལ་ཆེ།




འཕྲིན་གཏོང་བ།  གྱི་ལིང་འཇིགས་མེད། 




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-01-05 ལྟ་ཀློག (4736)