བཀའ་བསྟན་ནང་དུ་དེང་རབས་ཚན་རིག་གི་ཆ་ཡོད་དམ།


བཀའ་བསྟན་ཞེས་པ་ཅི་ཡིན། དེའི་ནང་དུ་དེང་རབས་ཚན་རིག་གི་ཆ་ཡོད་ཟེར་བ་བདེན་ནམ། 

དྲི་བ།  གངས་གཞོན་ལས་ཞོར་སློབ་གྲྭའི་ཡོན་ཏན་རྒྱལ།  དྲིས་ལན།  སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར། 
    ལན། བཀའ་ཞེས་པ་ནི་སངས་རྒྱས་ཀྱི་གསུང་རེད། དེ་བོད་ལ་བསྒྱུར་ཏེ་བོད་སྐད་དུ་གྱུར་ཟིན་པ་ལ་བཀའ་འགྱུར་ཟེར། འདིའི་བསྟན་བཅོས་བཀའི་གཞུང་འགྲེལ་དང་བཟོ་རིག་པ་དང་ཚད་མ་གསོ་རིག་སོགས་ཀྱི་གཞུང་མང་བོར་བསྟན་བཅོས་ཞེས་བཤད་དེ་དེ་བོད་དུ་བསྒྱུར་ཏེ་གྱུར་པ་ལ་བསྟན་འགྱུར་ཟེར། བཀའ་བསྟན་གྱི་ཁྲོད་དུ་དེང་སང་སུས་ཀྱང་ཁས་ལེན་པ་ནི་སྐར་རྩིས་དང་གསོ་རིག་སོགས་ཡིན་ལ་དེ་དག་གིས་ནི་བོད་ཀྱི་རིག་པར་གཟི་མདངས་གསར་བ་ཞིག་བསྣན་ཏེ་དེང་གི་སྔོན་ཐོན་གྱི་རིག་པ་དག་ལ་འགྲན་རྩོད་བྱེད་བཞིན་ཡོད། ལྷག་པར་ནང་དོན་རིག་པའི་ཁྲོད་དུ་རྡུལ་ཕྲན་རིག་པའི་རྣམ་གཞག་ཕྲ་ཞིང་ཞིབ་པ་ཞིག་དང་ལྟོས་གྲུབ་ཀྱི་རིག་པ་ཆ་ཚང་ཞིག་གསུངས་ཡོད་པས《རྡུལ་ཕྲན་གྱི་དུས་རབས་དང་སངས་རྒྱས་ཆོས་ལུགས》ཞེས་པར་རྡུལ་ཕྲན་མཚོན་ཆ་འབར་འགས་བྱུང་བ་འདིས་ཆོས་ལུགས་གཞན་ལ་གནོད་པ་ཆེན་པོ་ཞིག་བྱུང་ཡོད་མོད་ནང་བ་སངས་རྒྱས་པར་བདེན་དཔང་གསར་བ་ཞིག་བྱུང་ཡོད་ཅེས་བསྟན་ཡོད། དེ་བཞིན་བཀའ་ལས་རྫས་ཀྱི་ནུས་པ་བསམ་མི་ཁྱབ་ཅེས་སྔོན་ནས་གསུངས་ཡོད་ལ་དེང་རབས་ཚན་རིག་གིས་རིགས་པའི་ལམ་ནས་ནང་བ་སངས་ རྒྱས་པའི་གཞུང་ལུགས་དག་ལ་བསྔོགས་འདོན་བྱས་ན་རིན་ཐང་ངེས་ཅན་ཞིག་ཡོད་པ་གདོན་མི་ཟའོ་སྙམ། དེ་བཞིན་ཧྭ་ཧྥོར་སློབ་གྲྭ་ཆེན་མོའི་དགེ་རྒན་རབ་འབྱམས་པ་ཧུ་ཕེ་ཐུ་པན་ཧྲིན(Henbent·Benson)གྱིས་བོད་ལ་ཆེས་ཕུལ་དུ་བྱུང་བའི་ནང་གི་ཚན་རིག་གི་རིག་པ་ཞིག་འདུག་ཅེས་དང་། ཨ་རིའི་སེམས་ཁམས་རིག་པ་སྨྲ་བ་རབ་འབྱམས་པ་ཏན་ནིས་ཨེར་ཀོན་མན(Daniel Goleman)གྱིས་ཀྱང་། བོད་ཀྱི་ནང་བསྟན་དུ་མཛེས་ཤིང་ཉམས་དགའ་བའི་ནང་གི་ཚན་རིག་ཆ་ཚང་ཞིག་འདུག་ཅེས་གསུངས་ཤིང་། ཁོ་ལོམ་པི་ཡ་སློབ་གྲྭའི་དགེ་རྒན་ཆེན་མོ་རབ་འབྱམས་པ། རོ་ཕེ་སོས་མན(Robert A··Thurman)གྱིས། བོད་ཀྱི་ནང་དོན་ཚན་རིག་གིས་སེམས་ཀྱིས་ལུས་ལ་ཕན་གནོད་བྱེད་པའི་ནུས་པ་ལེགས་པར་ཤེས་འདུག་པ་དེ་ནི་ནུབ་ཕྱོགས་པ་དག་གིས་འགྲན་པའི་དོ་ཟླ་བྲལ་བ་ཞིག་རེད། ཅེས་གསུངས།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-31 ལྟ་ཀློག (3937)