ནང་བསྟན་རྒྱུན་ཤེས། ༨

ནང་བསྟན་རྒྱུན་ཤེས། ༨

མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།

༨༨ ལོག་གཡེམ་ཞེས་པའི་དོན་ཅི།

ལན། ཚུལ་དང་མི་མཐུན་པའི་འདོད་པ་སྤྱོད་པ་ལ་ཟེར་ཏེ་རང་གི་ཆུང་མ་ཡིན་ནའང་ནད་བྱུང་བའམ་འདོད་པ་སྤྱོད་འདོད་མེད་པ། ཚད་ལས་བརྒལ་བ། བུ་ཆུང་ལ་ནུ་ཞོ་ལྡུད་པ། བསྙེན་གནས། སྐུ་གསུང་ཐུགས་རྟེན་གྱི་དྲུང་སོགས་སུ་གནས་པ་ལ་ལོག་པར་སྤྱད་ན་ལོག་གཡེམ་དུ་འགྱུར་ལ། རང་གི་ཆུང་མ་ལས་གཞན་དུ་སྤྱད་ནའང་ལོག་གཡེམ་དུ་འགྱུར་རོ། །བུད་མེད་ཡིན་ན་དེ་དང་ལྡོག་སྟེ་སྦྱར་དགོས་པ་ཡིན་ནོ། །

༨༩ ལོག་གཡེམ་དང་མི་ཚངས་སྤྱད་པ་གཉིས་འདྲའམ།

ལན། མི་འདྲ་སྟེ། མི་ཚངས་སྤྱོད་ནི་འཁྲིག་པ་སྤྱད་པའི་མིང་ཡིན་ལ། ལོག་གཡེམ་ནི་ཚུལ་དང་མི་མཐུན་པར་འཁྲིག་པ་སྤྱད་པའི་མིང་སྟེ་གྲྭ་བས་འཁྲིག་པ་སྤྱད་ན་ལོག་གཡེམ་དང་མི་ཚངས་སྤྱོད་གཉིས་ཀ་ཡིན་རུང་ཁྱིམ་པས་འཁྲིག་པ་སྤྱད་ན་མི་ཚངས་སྤྱོད་ལས་ལོག་གཡེམ་དུ་འགྲོ་བའི་ངེས་པ་མེད་དེ་ལོག་གཡེམ་དུ་འགྲོ་བ་ལ་གོང་གི་ཆ་རྐྱེན་དེ་དག་ཚང་དགོས་སོ། །

༩༠ རྫུན་ཞེས་པའི་དོན་ཅི།

ལན། དེ་ནི་དགོས་པ་ཡོད་མེད་གང་ལྟར་ཡང་གཞན་གྱི་བསམ་པ་བསྒྱུར་བའི་ཆེད་དུ་ལུས་ངག་གིས་གཡོ་བྱས་པ་ལ་ཟེར།་

༩༡ རྫུན་དང་རྫུན་ཚིག་གཉིས་ལ་ཁྱད་པར་ཡོད་དམ།

ལན། མི་འདྲ་སྟེ་རྫུན་ལ་རྫུན་ཚིག་གིས་ངེས་པ་མེད་དེ། དཔེར་ན་གཞན་གྱིས་ཁྱོད་སངས་རྒྱས་ཀྱི་སྤྲུལ་བ་ཡིན་ནམ་ཞེས་པ་ལ་ཡིན་པའི་ཚུལ་གྱིས་མགོ་ལྡེམ་པ་སོགས་རྣམ་འགྱུར་བྱས་པ་ནི་རྫུན་ཡིན་རུང་རྫུན་ཚིག་མིན་ནོ། །

༩༢ མི་ཆོས་བླ་མའི་རྫུན་ཞེས་པའི་དོན་ཅི།

ལན། རང་ཉིད་མཆོག་ཏུ་གྱུར་བ་ཞིག་ཡིན་པར་སྟོན་འདོད་ནས་ལྷ་རིག་འདྲེ་མཐོང་གི་རྫུན་བཤད་པ་དེ་ཡིན་ལ་དེས་སྡོམ་པ་དང་ལྡན་པ་ཞིག་ཡིན་ན་རང་གི་སྡོམ་པ་གཏོང་བར་བྱེད་དོ། །

༩༣ ཕྲ་མ་ཞེས་པའི་དོན་གང་།

ལན། ཕྲ་མ་ཞེས་པ་ནི་མི་གཉིས་མི་མཐུན་པར་ཁ་ཁར་གཏོང་བའི་ཆེད་དུ་ཚིག་བདེན་རྫུན་གང་རུང་བཤད་པ་ལ་ཟེར།

༩༤ ཚིག་རྩུབ་ཅེས་པའི་དོན་ཅི།

ལན། གཞན་ལ་སྡིགས་དམོད་བྱས་པ་ལ་ཟེར།

༩༥ བརྣབ་སེམས་ཞེས་པའི་དོན་གང་།

ལན། གཞན་གྱི་དངོས་པོ་ལ་ཆགས་པ་དེ་ཡིན།

༩༦ གནོད་སེམས་ཞེས་པ་ཅི་ཡིན།

ལན། གཞན་ལ་གནོད་པ་བྱེད་འདོད་ཀྱི་སེམས་པ་དེ་ཡིན་ནོ། །

༩༧ ཅི་ཞིག་ལ་ལོག་ལྟ་ཟེར།

ལན། བདེན་པ་ལ་མི་བདེན་པ་དང་། ཡོད་པ་ལ་མེད་པར་ལྟ་བ། མི་བསླུ་བ་ལ་བསླུ་བར་ལྟ་བ་སྟེ་མདོར་ན་བདེན་པའི་དངོས་པོ་ལ་ལོག་པར་འཛིན་པ་ཞིག་ཡིན་ནོ། །

༩༨ དུ་བ་འཐེན་ན་ཉེས་པ་ཡོད་དམ།

ལན། དུ་བ་འཐེན་པ་ལ་ཉེས་པ་ཡོད་དེ་རང་གིས་འཐེན་པ་ཕར་ཞོག་གཞན་གྱིས་འཐེན་པའི་དུ་བ་ཕོག་ནའང་ཚུལ་ཁྲིམས་འཆལ་ཞིང་དགེ་སྦྱོར་ལ་ཤིན་ཏུ་གནོད། དམ་སྲི་བདུད་སྤྲུལ་གྱིས་སྣ་དྲངས་ཏེ་གདོན་བགེགས་ལོག་འདྲེན་མང་བོ་འཁོར། ཆོས་སྲུང་རྣམས་ཀྱིས་ཁྲེལ་བས་མཆོད་བསྟོད་གསོལ་མཆོད་བྱས་ཀྱང་འདོད་དོན་མི་འགྲུབ་བོ། །

༩༩ འོ་ན་ཚན་རིག་པས་དུ་བའི་ཉེས་པ་བཤད་ཡོད་དམ།

ལན། ཡོད་དེ་དེའི་ནང་དུ་དུག་རིགས་སྣ་མང་བོ་ཞིག་ཡོད་པ་ལས་མང་ཆེ་བ་དུ་བ་དང་འགྲོགས་ནས་ཕྱིར་བུད་འགྲོ་ནའང་ཆ་ཤས་ཤིག་ཁོང་དུ་སོང་ནས་ནད་སྣ་ཚོགས་འདྲེན། དེའི་ཆ་ཤས་ཞིག་བླངས་ནས་ཁབ་ཆུར་བསྲེས་ཏེ་ཙི་གུ་ལ་བརྒྱབས་ན་དེ་མ་དག་ཏུ་ཤི་འགྲོ་ཟེར།

༡༠༠ འོ་ན་གྲྭ་བ་ཚོས་སྣ་ཐ་འཐེན་ཆོག་གམ།

ལན། སྣ་ཐ་དང་དུ་བ་འཐེན་པ་ལ་ཁྱད་པར་ཅི་ཡང་མེད་དེ། སྔོན་རྒྱལ་ཚབ་དེ་མོ་བ་འཇམ་དཔལ་དགེ་ལེགས་ཕུན་ཚོགས་ཀྱིས་དགོན་སྡེ་རྣམས་སུ་ཐ་མ་ཁ་གཅོད་དུ་བཅུག་པར་ཀློང་རྡོལ་བླ་མས་གསན་ནས་རྒྱལ་ཚབ་དེ་མོ་བས་བསམ་ཡས་གསར་བཟོ་ལས་དགོན་སྡེ་རྣམས་སུ་ཐ་མ་ཁ་འཐེན་མི་ཆོག་པར་མཛད་པར་བཀའ་དྲིན་ཤིན་ཏུ་ཆེ་གསུངས།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-12-29 ལྟ་ཀློག (3635)