བོད་ཀྱི་ནང་བསྟན་དང་སྲོལ་རྒྱུན་ཁྲོད་ཀྱི་ཁོར་ཡུག་བཅོས་ཐབས་སྐོར་ལ་ཅུང་ཟད་དཔྱད་པ།

བོད་ཀྱི་ནང་བསྟན་དང་སྲོལ་རྒྱུན་ཁྲོད་ཀྱི་ཁོར་ཡུག་བཅོས་ཐབས་སྐོར་ལ་ཅུང་ཟད་དཔྱད་པ།  

བྱ་མདོ་སྐལ་བཟང་རྒྱལ་མཚན། མང་རྫོང་ཀླུ་ཚང་དགོན།
     བོད་བརྒྱུད་ནང་བསྟན་ནི་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པའི་རིག་གཞུང་ཞིག་ཡིན་ཞིང་དེའི་ནང་དུ་ཁོར་ཡུག་དང་མིའི་འཚོ་གནས་བར་གྱི་འགལ་འདུ་མང་བོ་ཞིག་ལ་ལམ་སྟོན་གནང་བཞིན་ཡོད་དེ།  གཤམ་དུ་དེ་འབྲེལ་གྱི་གནས་ཚུལ་འགའ་ཡིས་ཁོར་ཡུག་བཅོས་ཐབས་སྐོར་ལ་རྒྱུས་ལོན་ཅུང་ཙམ་བྱའོ།། 

གཅིག།གཙུག་ལག་ཁང་།

    གཞུང་ཆེན་པོ་ཏི་ལྔར་གྲགས་པའི་འདུལ་བའི་གཞུང་དུ་གཙུག་ལག་ཁང་བཞེངས་ཚུལ་ཐད་ནས་འདི་ལྟར་གསུངས་འདུག་སྟེ་འདུལ་བ་དེ་ལ་གཞི་སྟོད་གཞི་སྨད་གཉིས་སུ་ཕྱེ་ཞིང་གཞི་སྨད་དེ་ལ་བསླབ་པ་ཡོངས་སུ་སྦྱོང་བའི་གཞི།  བདེ་བར་གནས་པའི་རྐྱེན་བསྟེན་པའི་གཞི།   བྱ་བའི་ཐབས་ལས་ཀྱི་གཞི།   ཕྱིར་བཅོས་ཀྱི་གཞི།   གནས་མལ་གྱི་གཞི་སྟེ་གཞི་ལྔའི་སྒོ་ནས་འཆད་པར་ཡོད་ལ།   དེའི་ནང་དུ་གནས་མལ་གྱི་གཞིའི་སྐབས་གཙུག་ལག་ཁང་གི་ཁྱད་པར་གྱི་སྐབས་སུ་གནས་ཀྱི་དང་། བསྒྲུབ་ཚུལ་གྱི་དང་།   དབྱིབས་ཀྱི་དང་། ཡན་ལག་གི་དང་། རི་མོའི་དང་། གང་གི་དོན་གྱི་ཁྱད་པར་དྲུག་བཤད་ཡོད་ལ།   དང་བོ་གནས་ཀྱི་ཁྱད་པར་གཉིས་ཡོད་དེ།  སྐྱེ་བོ་མང་བོས་མཆོད་པའི་ཆེད་དུ་ཡིན་ན་སྐྱེ་བོ་མང་བོ་འགྲོ་འོང་གི་གནས་སུ་གཙུག་ལག་ཁང་བྱེད་ལ། དགེ་འདུན་གྱི་ཐོས་བསམ་བསྒོམ་པ་འཕེལ་བའི་ཆེད་དུ་ཡིན་ན། དབེན་གནས་སུ་གཙུག་ལག་ཁང་བྱེད་པ་ཡིན་ཏེ། དེ་ལ་འདུལ་བ་ལས། སྐྱེ་བོ་མང་པོས་ཕྱག་མཆོད་བྱེད་སླ་བའི་ཕྱིར།ཞེས་དང་། འདུལ་བ་རྩ་བ་ལས། ལག་གི་བླས་འགྲོ་བ་དང་འོང་བ་དང་ལྡན་པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་པར་བྱའོ།། ཞེས་དང་། འགྲེལ་ཆུང་ལས། དགེ་སློང་གི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་བརྩིགས་ན་དགོན་པ་དང་དབེན་པར་མི་རྩིགས་ཀྱི་མི་མང་བོ་འདུ་ཞིང་ཕྱག་འཚལ་བའི་གནས་སུ་རྩིགས། ཞེས་གསུངས་པའི་ཕྱིར། གཉིས་པ་ལ།  རྩ་བར།  རྒྱུན་ལུགས་དང་གླག་ཆོར་དང་།   བྲམ་ཟེའི་ཀློག་པ་དང་།  རྟ་གླང་བོ་སོགས་ཀྱི་སྒྲ་དང་ཏུག་རིང་ཆུང་བར་རོ།  ཞེས་པ་ནི།   སྐྱེ་བོ་མང་བོ་ཡང་ཡང་འདུ་བའི་རྒྱུན་ལུགས།  རང་དབང་དུ་གཏམ་ཟེར་བའི་གླག་ཆོར་རམ་ཀླག་ཅོར་དང་། བྲམ་ཟེའི་ཀློག་པ་དང་། རྟ་གླང་བོ་སོགས་ཀྱི་སྒྲ་དང་།    རྫ་རྔ་སོགས་ཀྱི་སྐད་ནི་ཏུག་རིང་སྟེ།   དེ་བཞི་ཉུང་བའི་གནས་སུ་གཙུག་ལག་ཁང་བྱེད་པའི་དོན་ནོ།།   གནས་དེ་དག་ཏུ་ཡང་གཙུག་ལག་ཁང་བྱེད་པའི་ཐོག་མར་ས་འདུལ་དུ་གྲགས་པར་བཀྲ་ཤིས་ཀྱི་གསོ་སྦྱོང་དང་མཐུན་པའི་གསོ་སྦྱོང་ལན་དུ་མར་བྱས་ཤིང་ཆོས་ཉན་བཤད་བྱས་ན་ལེགས་པ་ཡིན་པར་གསུངས་དང་ལག་ལེན་དུ་ཡང་བསྟར་བཞིན་ཡོད།   སྔོན་སྟོན་པའི་དུས་སུ་ཡང་ཅི་རིགས་བྱས་ཚུལ་གསོ་སྦྱོང་སོ་སོའི་གླེང་གཞི་ལུང་ངམ་གཏམ་རྒྱུད་དག་ལས་བྱུང་བ་དང་།    དེ་རྗེས་སུ་ཡང་དགྲ་བཅོམ་པ་དང་ཚད་ལྡན་དུ་མས་ཀྱང་དེ་བཞིན་མཛད་པ་དང་།   ཆུ་ལེན་པ་དང་ཤིང་གཅོད་སར་བཀའི་ཚིགས་བཅད་ཀྱི་ཆོས་སྦྱིན་སྟེར་བར་བཤད་པའི་ལུགས་སྲོལ་ལམ་ས་འདུལ་བྱ་བཞིན་ཡོད་དོ།། ཞེས་གཙུག་ལག་ཁང་ངམ་གནས་མལ་དེ་བཟོ་བའི་ཐོག་མར་ལག་གི་བླ་བསྐོས།   དེས་ཀྱང་གང་འདོད་དུ་ས་སློག་ཆུ་དཀྲུགས་ཤིང་གཅོད་མི་བྱེད་པར་གནས་དེའི་མི་མངོན་པའི་ལྷ་དང་གཞི་བདག་སོགས་ལ་མཆོད་པ་དང་གཏོར་མ་ཕུལ་ནས་ས་བསླངས།  དེ་ནས་མངོན་པའི་མི་སྟེ་ས་དེའི་བདག་པོ་སོགས་ལ་བཤད་དེ་ཆོག་མཆན་ལྟ་བུ་བླངས་ཏེ་ས་འདུལ་གྱི་ཆེད་དུ་བཀྲ་ཤིས་གསོ་སྦྱོང་ལན་དུ་མར་བླངས།   དེ་ནས་གནས་དེར་ཆོས་ཉན་བཤད་མང་དུ་བྱས་རྗེས་ད་གཟོད་ལག་གི་བླ་དེས་ས་གཞི་དང་གནས་དེའམ་ཁོར་ཡུག་དེ་ལ་མི་གནོད་པ་དང་ས་བཅུད་ཕུན་སུམ་ཚོགས་པར་ཡོང་ཐབས་སུ་ས་བདག་ལྟོ་འཕྱེའི་ཐིགས་དང་། ས་བདག་སྙིང་གཏེར། ས་ལྷའི་བུམ་གཏེར་སོགས་ཕུལ་སྲོལ་ཡོད་དོ།།དེ་དག་ནི་ནང་ཆོས་ལས་ཁོར་ཡུག་བཅོས་ཐབས་དང་ས་གཞི་ཕུན་སུམ་ཚོགས་པར་བསྒྱུར་ཐབས་འགའ་ཡིན་ནོ།། དེ་དག་གིས་ཁོར་ཡུག་བཅོས་ཐབས་དང་ཡང་ན་སྲུང་སྐྱོབ་ཐད་ལ་ཅི་ཞིག་མཚོན་ནམ་ཟེར་ན། མིས་རང་གི་དགོས་མཁོ་ཆེད་དུ་གནས་མལ་དང་མི་ཚོགས་འདུ་སའི་གྲོང་ཁྱེར་ལྟ་བུ་སོགས་བཟོ་བ་ལ་ཁོར་ཡུག་དེ་དང་གནས་དེ་དག་ལ་གནོད་ཀྱིན་ཡོད་པར་བསམ་ཡོད་པ་དང་། གནས་ཚུལ་དེ་ཉམས་གསོ་སླད་དུ་གོ་རིམ་དང་ཆོ་ག་མང་བོ་ཞིག་བརྒྱུད་ཡོད་ལ།   ཤུགས་རྐྱེན་དེས་བོད་པའི་སྤྱི་ཚོགས་སུ་གང་འདོད་དུ་ས་བརྐོ་རྡོ་སློག་ཆུ་དཀྲུགས་ཤིང་གཅོད་མི་བྱེད་པ་དང་གལ་ཏེ་ལས་དེ་དག་བྱ་དགོས་བྱུང་ན་ཡང་།  ས་བཅུད་ཉམས་པ་སླར་གསོ་བའི་ལུགས་སྲོལ་ཞིག་ཆགས་ཡོད་པ་དང་།   དེ་ཡང་ད་ལྟའི་ལག་ལེན་དང་ཁྱབ་བརྡལ་དུ་འགྲོ་བཞིན་པ་མ་ཟད་དེ་འབྲེལ་ཕན་ཡང་ངེས་ཅན་ཞིག་ཐོགས་བཞིན་ཡོད། དེ་ལྟ་བུའི་ཁོར་ཡུག་བཅོས་ཐབས་དང་སྲུང་སྐྱོབ་ཐད་ཀྱི་བསམ་བློའི་འདུ་ཤེས་དེ་མཐོར་འདེགས་སུ་གཏོང་དགོས་སྙམ་མོ།།

གཉིས། ས་དཔྱད།

    སྤྱིར་ནང་ཆོས་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས།། ལོངས་སྤྱོད་ཀྱི་རྒྱུ་ནི་སྦྱིན་པ་དང་བདེ་བའི་རྒྱུ་ནི་ཚུལ་ཁྲིམས་ཡིན་པར་གསུངས་པ་དང་།   ལས་བཟང་བོ་ལས་བདེ་ལེགས་དང་ལས་ངན་པ་ལས་སྡུག་བསྔལ་འབྱུང་བས་ན་ལས་བཟང་བོ་བསགས་རྒྱུ་ནི་ཧ་ཅང་གལ་ཆེན་པོར་བརྩི་བ་རེད།   ས་དཔྱད་དང་གཏེར་བུམ་འབུལ་བ་སོགས་ནི་རང་རང་སོ་སོར་ལས་བཟང་ངན་གང་ཞིག་ཡོད་ན་དེ་མྱུར་ཏུ་སྨིན་བྱེད་ཀྱི་རྐྱེན་ལྟ་བུ་རེད།   རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་ས་བཟང་བོའམ་ས་དཔྱད་ལེགས་པོ་ཞིག་ལ་ཁེལ་སོང་ན་ཚེ་རབས་སྔོན་མའི་ལས་བཟང་བོ་ཞིག་ཡོད་ན་མགྱོགས་པོར་སྨིན་པ་ལྟ་བུ་རེད། ས་དཔྱད་འདི་ལ་མི་རིགས་སོ་སོས་བཤད་སྟངས་དང་འདྲ་མིན་སྣ་ཚོགས་ཡོད་ཀྱང་བོད་ཀྱི་ས་དཔྱད་འདི་ནང་ཆོས་དང་འདྲེས་ནས་འཆད་ཀྱིན་ཡོད། དེ་བཞིན་དུ་བོད་ལ་མཚོན་ན་ས་དཔྱད་འཐེན་རྒྱུ་དེ་དགོན་སྡེ་དང་གྲྭ་བ་ཞིག་ལ་མཚོན་ན་ཐོས་བསམ་སྒོམ་གསུམ་སྟེ་གཙོ་བོ་བསླབ་གསུམ་གྱི་ཉམས་ལེན་དམིགས་ནས་ས་དཔྱད་རྒྱག་རྒྱུ་དང་ས་བཅོས་གནང་རྒྱུ་དེ་རེད་ལ།མང་ཚོགས་ཤིག་ལ་མཚོན་ན་སྔོན་མ་ལུག་སྟོང་ཁ་འབུད་དང་རྟ་བརྒྱ་ཁ་འབུད་དང་རོང་ཕྱོགས་ནས་ལོ་ལེགས་ཡོང་རྒྱུར་དམིགས་ནས་ས་དཔྱད་འཐེན་རྒྱུ་དང་ས་བཅོས་བྱ་བ་རེད།ད་ལྟ་དཔལ་འབྱོར་གཙོ་བོ་ལྟ་བུར་ཆགས་ཡོད།  ཡིན་ཡང་ས་དཔྱད་རང་གི་ངོས་ཐད་ནས་སྤྱིར་བཏིང་གི་ས་འདི་ལ། ཕ་དང་མ། བུ་དང་ཚ་བོ་ཚ་མོའི་རྣམ་བཞག་སོགས་མིའི་ནང་བཞིན་དུ་བྱས་ནས་དཔྱད་པ་གནང་གིན་འདུག དཔེར་ན། སའི་ཕ་གནམ་ཡིན་ཟེར་བ་དང་། ས་གཞི་མ། སའི་བུ་བར་སྣང་། སའི་སྤུན་ཟླ་ཕ་རི་ཚུར་རི། ས་སའི་ཤ རྡོ་སའི་རུས་པ། ལམ་སའི་རྩ་རྒྱུས། ས་ཤུན་སའི་པགས་པ། རྩི་ཤིང་ནགས་ཚལ་སའི་བ་སྤུ། རླུང་སའི་དབུགས། མེ་སའི་དྲོད། ཉི་ཟླ་གཉིས་སའི་མིག ཆུ་སའི་ཁྲག་སོགས་མི་ཞིག་དང་འདྲ་མཚུངས་ཀྱི་བཤད་ཚུལ་ཡོད་འདུག་ལ། གཞན་ཡང་བོད་དམངས་ཁྲོད་དུ་རི་ལ་དཔོན་པོ་དང་བྲན། བུ་དང་ཚ་བོ། དེ་བཞིན་དུ་ཕན་ཚུན་གཉེན་སྒྲིག་པའི་བཤད་སྲོལ་སོགས་ངོ་མཚར་བ་མང་བོ་ཞིག་ཡོད། དེ་བས་ས་ཆུ་མེ་རླུང་རི་བྲག་ནགས་སོགས་གང་རུང་ལ་གནོད་པ་བྱས་ན་ས་ཆེན་མོ་སྟེ་གོ་ལ་ཟླུམ་པོ་འདི་གནོད་སྐྱོན་བཟོས་པ་ཞིག་ཏུ་བསམ་བཞིན་ཡོད་པས་ན་ས་དཔྱད་རིག་གཞུང་གི་ངོས་ཐད་ནས་དེ་ལ་གནོད་སྐྱོན་མི་ཐེབས་པ་དང་། གནོད་སྐྱོན་བཅོས་ཐབས་ཕྱོགས་ལ་མང་བོ་ཞིག་གསུངས་ཡོད། ད་རུང་།ས་དཔྱད་ལས།ས་དཔྱད་འདི་ལ་ཕྱི་ཡི་ས་དཔྱད་དང་ནང་གི་ས་དཔྱད་གཉིས་སུ་ཕྱེ་ནས་བཤད་ཀི་ཡོད་ལ། ཕྱི་ཡི་ས་དཔྱད་ནི་ད་ལྟ་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཅེས་པའི་རི་ར་བ་ཁང་ཁྱིམ་སོགས་ཡིན་པ་དང་། ནང་གི་ས་དཔྱད་ནི་མི་ཞིག་གི་སྐྱེས་གཟུགས་ཆ་ཚང་བའི་སྟེང་ནས་དཔྱད་པ་བཏང་ནས་ས་དཔྱད་གནང་སྟངས་ཤིག་འདུག བཤད་ཚུལ་ལྟར་ན་ཕྱི་ན་གང་འདྲ་ཞིག་ཡོད་པ་ནང་བཞིན་ནང་ན་ཡང་དེ་ལྟ་བུ་ཚང་ཡོད་ཅེས་བཤད་ཚུལ་འདུག དེ་བཞིན་བྱང་ཕྱོགས་སའི་མགོ་བོ་ཡིན་པར་བཤད་ལ། རྒྱུ་མཚན་ཅི་ཡིན་ཟེར་ན། རི་རབ་བྱང་ཕྱོགས་ན་ཡོད་རྒྱུ་མཚན་གྱི་དེ་ལྟར་གསུངས། ལམ་མགོ་ཤར་རེད། རྒྱུ་མཚན་ནི།སྟག་སྐྱ་བོ་ལམ་ལྷ་དེ་ཤར་ན་ཡོད་པས་དེ་ལྟར་གསུངས། ནགས་ཚལ་གྱི་མགོ་བོ་ལྷོ་ན་ཡོད་ནི་རེད། དེའི་རྒྱུ་མཚན་ནི་།ནགས་ཀྱི་གཙོ་བོ་རི་བོ་ཧི་མ་ལ་ཡའི་ཙན་དན་གྱི་ནགས་ལ་བཟུང་ནས་དེ་ལྷོ་ན་ཡོད་པས་དེ་ལྟར་བཟུང་བ་ཞིག་དང་། རི་རབ་ཀྱི་ལྷོ་ཕྱོགས་ན་ཤིང་གི་རྒྱལ་བོ་དཔག་བསམ་གྱི་ཤིང་ཡོད་པའི་རྒྱུ་མཚན་གྱིས་བཤད་ཚུལ་མི་འདྲ་བ་གཉིས་ཡོད་པ་རེད། ཆུ་མགོ་ནུབ་ཡིན་ཟེར་ནི་རེད། རྒྱུ་མཚན། ཆུ་ཐམས་ཅད་ཀྱི་མགོ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་དང་ནུབ་ཀྱི་རྒྱ་མཚོ་ཆེན་པོ་ཟེར་བ་སོགས་བཤད་ཚུལ་འདུག དེ་བས་ས་དཔྱད་ལས་ས་གཞི་དང་མིའི་རིགས་བར་གྱི་འབྲེལ་བ་དེ་ཧ་ཅང་གཏིང་ཟབ་ཏུ་གནས་ཡོད་པ་དང་ས་གཞི་ལ་ཇིལྟར་གནོད་པ་བཟོས་ན་མིའི་རིགས་ལ་དེ་ལྟར་གནོད་ཀྱིན་འདུག་པར་བསམ་ཡོད། དེ་བཅོས་ཐབས་སྐོར་ལ་ས་དཔྱད་ལས་ས་བརྟག་བསླངས་སྦྱང་བྱས་ནས་སའི་བཅུད་གསོ་བ་དང་གནོད་སྒོ་གཅོད་པ།སོགས་ཐབས་ལམ་སྣ་ཚོགས་ཤིག་འདུག དེ་བཞིན་དུ་ས་དཔྱད་དེ་སྲོག་ཆགས་ཕལ་བའི་རིགས་ལ་ཡང་དགེ་སྐྱོན་ཆེ་བའི་བཤད་རྒྱུན་སྣ་ཚོགས་འདུག ས་དཔྱད་བྱེ་བྲག་ཏུ་དཔྱད་ཚུལ་ལ་རྒྱབ་རི་དང་མདུན་རི་ལ་དཔྱད་པ། གཡས་དང་གཡོན་གྱི་རི་ལ་དཔྱད་པ། རི་བྲག་ནགས་ཆུ་ལ་དཔྱད་པ། ཀ་བཞི་གདུང་བརྒྱད་ལ་དཔྱད་པ། གྲོང་དང་གྲོང་ཁྱེར། ཐང་དང་སྒོ་སོགས་ལ་དཔྱད་པ། དཔལ་ཁ་དང་ས་མིག་ལེན་ཚུལ་ལ་དཔྱད་པ་སོགས་མང་དུ་འདུག་ན་ཡང་གཙོ་བོ་ས་ཆེན་པོ་འདི་ལ་གནོད་སྐྱོན་འགོག་པ་དང་བཅོས་ཐབས། དཔལ་འབྱོར་རྒྱས་ཐབས། ཚེ་རིང་ནད་མེད་བཅས་ཀྱི་ཕྱོགས་ལ་བཀོལ་གྱིན་འདུག འདི་ལྟ་བུའི་རིག་གཞུང་འདི་ས་མཁན་པ་དག་གི་ད་རུང་ཡང་རྒྱུན་འཛིན་དང་དར་སྤེལ་གནང་བཞིན་པ་དང་། མང་ཚོགས་ཁྲོད་དུ་ཡང་ཁྱབ་བརྡལ་དུ་སོང་འདུག་པས་ན་འདིས་ཁོར་ཡུག་བཅོས་ཐབས་དང་སྲུང་སྐྱོབ་ཐད་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་འབུལ་ཐུབ་པར་སྙམ་མོ།།
གསུམ། ས་བདག་ལྟོ་འཕྱེའི་ཐིག

    དགོན་སྡེ་བཅའ་ཡིག་མང་བོ་ཞིག་ཏུ་དགོན་པའི་གཙུག་ལག་ཁང་བཞེངས་པ་ལ་ས་བཅོས་ལ་ས་བདག་ལྟོ་འཕྱེའི་ཐིག་འདེབས་དགོས་པར་གསུངས་ཡོད་ལ། དེ་ཡང་མཁས་དབང་དམུ་དགེ་བསམ་གཏན་མཆོག་གི་ས་བདག་ལྟོ་འཕྱེའི་ཐིག་འདེབས་ཚུལ་རབ་གསལ་མེ་ལོང་ལས། དེ་ཡང་ལྟོ་འཕྱེ་བརྟག་ཚུལ་ནི།། ཀླུ་ཐེབས་ཡོད་པའི་ཉིན་ཞིག་ཏུ།།གང་ལ་བྱ་བའི་གཞི་མ་ལ།།ཆེ་ཆུང་གང་དགོས་བབས་བསྟུན་ནས།།བརྐོ་ཞིང་རྡོ་སོགས་ཟུག་རྔུ་བསལ།།རྡོ་དང་ཤིང་རུས་སོགས་ཡོད་ཚེ།། ལུས་ནུབ་ཙམ་ཞིག་བརྐོས་ནས་བསལ།། ཤུལ་དུ་ལེགས་པའི་ས་བླུགས་ནས།། བརྡུང་འཇགས་ལེགས་པར་བྱས་པའི་སྟེང་།།མནྡལ་མཆོད་གཏོར་སོགས་བཤམས་ནས།། ས་བསླངས་ཆོ་ག་གཞུང་བཞིན་བྱ།། དེ་ནས་ཕྱོགས་ལྟའི་ཙཀྲ་སོགས།། བརྟེན་ནས་ཤར་ནུབ་ངེས་བྱས་ཏེ།། ཞེས་སོགས་གསུངས་པས་ཤ་ཆང་སྒོག་བཙོང་སོགས་ལ་འཛེམས་བཞིན་ཀླུ་ཐེབས་ཡོད་པ་དང་ཚེས་གྲངས་འགྲིག་དུས་ཤིག་ལ། ས་བསླངས་རྗེས་ཐིག་འདེབས་པ་དགོས་པ་ཞིག་ཡིན་ལ། ཐིག་འདེབས་ཚུལ་ཡང་། སྔགས་རིམ་ཆེན་མོ་ལས། མགོ་ཤར་དུ་བསྟན་པའི་དབང་དུ་བྱས་ན་མགོས་རེའུ་མིག་གང་ནོན་པའི་ཕྱོགས་དེ་ནས་ནུབ་ཏུ་རེའུ་མིག་དགུ་གསུམ་ཉེར་བདུན་དོར་བའི་བར་ལ་ཞེས་པ་ནས་རེའུ་མིག་ཕྱེད་དང་ལྔ་ནི་དང་བོར་བརྐོ་བའི་ས་མིག་གོ། དེ་ནི་མཆན་གྱི་མདུན་དུ་བཞེད་པས། ཞེས་སོགས་དང་། བཻ་དཀར་ལས།། གདེངས་ཞལ་སྙིང་ཀ་ཆ་ཕྲན་ནི།། ཉེར་བདུན་དོར་འོག་བྱང་རྒྱབ་ཀྱི།། ཚངས་པའི་ཐིག་ནས་ཆ་ཕྲན་ནི།།ཕྱེད་དང་བཅུ་བཞི་སྤངས་པའི་མདུན།། ཞེས་དང་། སུམ་བྷའི་སྔགས་ཀྱི་སྤྱི་དོན་ལས། མགོ་མཇུག་མདུན་གྱི་ཕྱོགས་མཐའ་ནས།།རིམ་པར་ཆ་ཆེན་གསུམ་དྲུག་གསུམ།།རྒྱབ་ནས་ཆེ་དྲུག་ཆ་ཆུང་བཞི།།ཕྱེད་དོར་མཆན་འོག་གྱེན་ཆེ་གཅིག ཞིང་དུ་ཆ་ཆུང་ཕྱེད་དང་ལྔ།།ཐོག་མར་རྐོ་བའི་ངོས་གཞིའོ།། ཞེས་ཀླུ་ལྟོ་འཕྱེ་གཟུགས་དབྱིབས་ཤིག་བྲིས་རྗེས་ཐིག་འདེབས་དགོས་ལ།  དེ་ཡང་མགོ་ཕྱོགས་ནས་ཆ་ཆེན་གསུམ་དོར། མཇུག་མའི་ཕྱོགས་ནས་ཆ་ཆེན་དྲུག་དོར།།མདུན་ཕྱོགས་ནས་ཆ་ཆེན་གསུམ་དོར་།  རྒྱབ་ཕྱོགས་ནས་ཆ་ཆེན་དྲུག་དང་ཆ་ཆུང་ཕྱེད་དང་ལྔ་དོར་མཚམས་མཆན་འོག་རྐོ་མིག་ཡིན་ལ།  དེ་ནས་ས་མིག་དེའི་ནང་དུ་བུམ་གཏེར་སོགས་ཕུལ་ནས་སའི་བཅུད་གསོ་བ་དང་།ཚེ་བསོད་རྒྱས་པའི་ཐབས་ལམ་གལ་ཆེན་ཞིག་བརྩི་བཞིན་གདའ།དགེ་མཚན་གྱི་ཐད་ནས། ཇི་སྐད་དུ། བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི།། ནད་གདོན་བར་ཆད་ཀུན་ཞི་ཞིང་།།ཚེ་དཔལ་བསོད་ནམས་དབང་ཐང་དང་།།སྙན་གྲགས་ལོངས་སྤྱོད་གོང་དུ་འཕེལ།། གནས་འདིར་བཀྲ་ཤིས་བྱིན་ཆགས་ཤིང་།། ལོ་ལེགས་རྩི་བཅུད་རྒྱས་པ་དང་།། མཁོ་དགུ་དབང་དུ་འདུ་བ་སོགས།། འདོད་དོན་ཡིད་བཞིན་འགྲུབ་པར་མཛོད།། འདིར་ནི་ཚོགས་བསགས་རྟེན་བཞེངས་ཕྱིར།།འདིར་ནི་ཁང་ཁྱིམ་རྩིག་བཟོའི་ཕྱིར།།ས་རྐོ་རྡོ་སློག་ཤིང་གཅོད་ལ།། རུ་ང་ཕྲག་དོག་མི་བྱེད་ཅིང་།། ཕོག་ཐུག་ཉེས་ཀུན་ཞི་བར་མཛོད།། ཅེས་དང་།། རྒྱས་པར་ནི་མཁས་པ་རྣམས་ཀྱིས་མང་དུ་གསུངས་ཡོད་མོད། མཁས་དབང་དམུ་དགེ་བསམ་གཏན་མཆོག་གི་གསུང་འབུམ་པོད་གསུམ་པ་ལས་ཐིག་འདེབས་ཚུལ་དང་ལྟོ་འཕྱེ་བསྐྱེད་ཆོག་གསལ་བར་འདུག་པས་ཞིབ་ཏུ་དཔྱད་པར་བྱའོ།།

བཞི་བ།  ས་བདག་སྙིང་གཏེར།

    ས་བདག་སྙིང་གཏེར་ནི་ས་བཅུད་ཉམས་པ་དང་ས་དགྲའམ་ས་དཔྱད་གནད་ལ་མ་ཁེལ་བ།  ཡང་ན་ཁོར་ཡུག་བཙོག་གྲུབ་སོགས་ལས་ཡུལ་ཕྱོགས་ཀྱི་རྒུད་པ་དག་ལས་སྐྱོབ་བྱེད་ལྟ་བུ་ཡིན་ལ། དེ་འབུལ་ཚུལ་ནི། རབ་གསེར་དངུལ།འབྲིང་ཟངས།ཐ་མ་རྫ་བུམ་སོགས་ལོངས་མ་སྤྱད་པའི་གཙང་མ་རང་བཞིན་གྱིས་དཀར་བའམ་ཚོན་རྩི་དཀར་པོས་བྱུགས་པ།   ཆེ་ཆུང་ཡུལ་དེའི་བྲེ་གང་ཤོང་བའམ་ཇི་ལྟར་འཚམས་པ་སྐྱོན་མེད་ཀྱི་ནང་དུ།  ལྕགས་ར་གན།   ཞ་ཉེ་མ་གཏོགས་པའི་རིན་པོ་ཆེ་གང་རྙེད།  བྲ་བོ་སྲན་མ་ཀེ་ཚེ་ཡུངས་ཀར་སོགས་མ་འདྲེས་པའི་འབྲུ་སྣ།ཚ་བ་གསུམ་དང་། གླ་རྩི།  དུག་རིགས་རྣམས་མ་འདྲེས་པའི་སྨན་སྣ།  ཁ་དོག་ནག་པོ་མ་ཡིན་པའི་དར་གོས་སོགས་རྫས་སྣ།  དུར་ཁྲོད་མིན་པའི་གནས་བྱིན་ཅན་དང་།  ས་བཀྲ་ལེགས་པ་ནས་བླངས་པའི་ས་རྡོ་རྩྭ་ཤིང་།  ཤ་ཆང་སྒོག་ཙོང་སོགས་མ་འདྲེས་པའི་་ཟས་སྣ་དང་།  དཀར་གསུམ་མངར་གསུམ་བཅས་ཁེངས་པར་བླུགས།  ཁ་ཤིང་སོགས་ཀྱིས་བཅད་ལ་དར་གྱིས་བཏུམས་པ་པ་ཚོན་སྐུད་ཀྱིས་བཅིངས་རྗེས། ཆོ་ག་ཇི་བཞིན་དུ་བསྒྲུབས་ནས་འཕགས་པ་སའི་སྙིང་བོ་འཁོར་དང་བཅས་པས་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཉེ་བར་ཞི་ཞིང་། བཀྲ་ཤིས་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་དུ་འབྱུང་བས།  ཞག་བདུན་ལ་སོགས་པར་བསྒྲུབ་ན་ཕུན་སུམ་ཚོགས་པར་འགྱུར་རོ།། གཟའ་སྐར་སྦྱོར་བ་སོགས་འཛོམས་པའི་ཡར་ངོའི་ཚེས་བཟང་ཞིག་ལ་གཏེར་སྦ་བའི་གནས་སུ་ཕྱིན་ཏེ་ཕྱོགས་སྐྱོང་ཞིང་སྐྱོང་གཟའ་དང་རྒྱུ་སྐར་དང་། ལྷ་ཀླུ་གཞི་བདག་རྣམས་ལ་མཆོད་དེ་སྦས་ན་འཇིག་རྟེན་ཁམས་ཀྱི་ནད་རིམས་འཁྲུག་ལོང་།  མུ་གེ་ཐན་པ་སད་སེར་ལ་སོགས་པའི་མི་འདོད་ཉེར་ཐམས་ཅད་ཞི་ཞིང་ས་དཔྱད་ངན་དང་ཕྱི་ནང་ས་དགྲའི་སྐྱོན་ཞི་ས་བཅུད་ཉམས་པ་གསོ།  ཁྱད་པར་དུས་ངན་སྐྱེ་བོའི་ལོག་སྤྱོད་མཐའ་ཡས་པས་དཀར་པོའི་ཕྱོགས་ལ་མངོན་པར་ དགའ་བའི་ལྷ་ཀླུ་རྣམས་ཀྱི་མཐུ་སྟོབས་ཉམས་པ་དང་། ས་རྐོ་རྡོ་སློག་ཤིང་གཅོད་ལ་སོགས་པས་ཕོག་ཐུག་བྱུང་བའི་ཉེས་ཀུན་ཞི་ཞིང་། རྟེན་བཞེངས་རབ་གནས་ཁྱིམ་གསར་འཛིན་པ་དང་། གཞི་བྱེས་གསོན་གཤིན་ཞི་དྲག་ལས་རྣམས་ཀྱི་གཟའ་སྐར་དུས་སྦྱོར་ངན་ལས་གྱུར་བའི་ཉེས་སྐྱོན་རྣམས་ཐམས་ཅད་ཞི་བར་བྱེད་པའི་ཆོ་ག་ཞིག་ཡིན་པས་བོད་མི་དག་གིས་ཁོར་ཡུག་བཅོས་ཐབས་སམ་སྣོད་བཅུད་ཉམས་གསོ་སླད་ནམ་རྒྱུན་བཞིན་གཏེར་འདི་སྦ་བཞིན་ཡོད་དོ།།

ལྔ་བ། ས་ལྷའི་བུམ་གཏེར།
    ས་ལྷའི་བུམ་གཏེར་ལ་བརྟེན་ནས་སའི་བཅུད་གསོ་བའི་གཏེར་འདི་གང་དུ་འཇོག་པའི་གནས་ནི་ལབ་ཙེ། གནས་ཁང་རི་བོ་ཐང་དཀྱིལ་སོགས་གང་འདོད་པའི་སར་བཞག་ཆོག་ཅིང་འདི་བཞག་པ་ལ་བརྟེན་ནས་ཡུལ་ལྷ་གཞི་བདག་ས་བདག་ཀླུ་གཉན་ཐམས་ཅད་ལ་ཕོག་ཐུག་བྱུང་བ་ལ་སོགས་པའི་ཉེས་སྐྱོན་མཐའ་དག་སེལ་བ་དང་། ས་དཔྱད་ངན་པ་དང་། ས་དགྲ་ལ་སོགས་པའི་ཉེས་སྐྱོན་ཐམས་ཅད་སེལ་བའི་ཁར་སྦྱིན་པའི་བདག་པོའི་མི་ནོར་འཁོར་དང་བཅས་པའི་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་ཚེ་བསོད་སྟོབས་འབྱོར་ མངའ་ཐང་རིགས་བརྒྱུད་རྟ་ཕྱུགས་འཕེལ་བ་ལ་སོགས་པ་རྣམས་དར་ཞིང་རྒྱས་པ་དང་། ཡུལ་ལྷ་གཞི་བདག་ཀླུ་གཉན་ཡུལ་ཕྱོགས་སྦྱིན་བདག་དང་བཅས་པ་ལ་བཀྲ་ཤིས་བདེ་ལེགས་རྒྱ་ཆེན་པོ་འབྱུང་ངེས་ཡིན་གསུངས།  གཏེར་འདི་ཇི་ལྟར་སྒྲུབ་ཚུལ་དང་བྱིན་གྱིས་བརླབས་ཚུལ་ནི་ཆོ་ག་དག་ལས་རྒྱས་པར་གསལ་ལ། ཕྱག་ལེན་བཞིན་ཆོ་གས་ཚུལ་བཞིན་སའི་ལྷ་མོ་སྒོ་ནས་བསྒྲུབས་ཏེ་ཡེ་ངྷརྨ་དང་བཅས་ཏེ་མེ་ཏོག་འཐོར། གྲོང་ཁྱེར་རམ་ཡུལ་ཕྱོགས་ཀྱི་དབུས་དང་ཕྱོགས་མཚམས་བརྒྱད་དུ་སྦས་ལ་ཤིས་པ་བརྗོད་ ཅིང་། སྨོན་ལམ་བཏབ་ན་བཀྲ་ཤིས་པར་འགྱུར་རོ། ། བུམ་པ་དགུ་འབྱོར་ན་ཕྱོགས་བཞི་མཚམས་བཞི་དང་དབུས་སུ་སྦ་ཅིང་། གཅིག་གིས་ཀྱང་རུང་ཙམ་ལ་གཏེར་བུམ་འདུ་བྱ་བའི་ཚེ་གཟའ་སྐར་འཕྲོད་སྦྱོར་བཟང་བོ་ དང་།གཏེར་སྦ་བའི་ཚེ་ཀླུ་ཐེབས་ངེས་པར་དགོས་སོ།། འདི་ནི་ས་བཅུད་གསོ་བ་ས་དཔྱད་དང་ས་དགྲ་ངན་པ། ཅི་བྱས་ལམ་དུ་མི་འགྲོ་བ། ས་བརྐོས་རྡོ་སློག་སོགས་ཀྱིས་ཉེར་འཚེ་བྱུང་བ་སེལ་བ་དང་། རིགས་བརྒྱུད་འབྱོར་བ་ཀུན་ལ་ཆོ་ག་འདི་ཉིད་ཁྱད་པར་དུ་འཕགས་ཤིང་། འདིར་བུམ་གཏེར་གཞན་རྣམས་དང་མི་འདྲ་བར་སྦ་བའི་གནས་ཀྱི་ས་དགྲ་ངན་པ་དང་འཕྲད་རུང་མི་གནོད་ཅིང་། རི་དགོན་གྲོང་གསུམ་གང་དུ་སྦས་ཀྱང་བཀྲ་ཤིས་བདེ་ལེགས་ཀྱི་དགའ་སྟོན་རྒྱུན་མི་འཆད་པར་འབྱུང་གསུངས་སོ།།
དྲུག་པ།  ཡུལ་ཁྲུས།
    ཡུལ་ཁྲུས་ནི་ཡུལ་ཕྱོགས་སམ་ས་གནས་དེའི་ཡུལ་ལྗོངས་སུ་སྦག་བཙོག་དང་མི་གཙང་བ།   རྫས་ངན་སྣ་ཚོགས་བསྲེགས་པ་ལ་བརྟན་ནས་ཁོར་ཡུག་ལ་ཉམས་གྲིབ་ཕོག་པ་བཅོས་ཐབས་ཤིག་ཡིན་ལ། དེ་ཡང་བོད་བརྒྱུད་ནང་བསྟན་གྱིས་དེ་འདྲའི་མི་གཙང་བ་ལ་བརྟེན་ནས་ཡུལ་ཕྱོགས་དེར་གནས་ཀྱི་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་སྲུང་མ་ལྷ་ཀླུ་གཞི་བདག་རྣམས་དང་རི་ཀླུང་ཁང་ཁྱིམ་སོགས་ལ་ཉམས་གྲིབ་ཕོག་པར་འདོད་ལ།   དེ་ནི་ཁོར་ཡུག་མི་གཙང་བ་ལས་ནད་གདོན་བྱུང་བར་འདོད་པ་ཡིན།  དེའི་སེལ་ཕྱིར་ཡུལ་ཁྲུས་ཀྱི་ཆོ་ག་བྱེད་པ་ཡིན་ཏེ། ཆོ་ག་འདི་ནི་དགེ་འདུན་བཞི་འམ་ཡང་ན་གང་འཛོམས་ཀྱིས་མཆོད་རྫས་ཚོགས་པར་བྱས་རྗེས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི།  བདག་བསྐྱེད་བུམ་སྒྲུབ་སོགས་བཏོན་ནས་ཡུལ་ཕྱོགས་ཁྲུས་བྱ་བའི་མཚམས་སུ།   ཡུལ་ལྗོངས་དགོན་གནས་རི་ཀླུང་ཁང་ཁྱིམ་གཞི་བདག་རྣམས་ལ་མེ་ལོང་བསྟན་ནས་དེ་ལ་གཟུགས་བརྙན་ཤར་པ་ལ་ཁྲུས་གསོལ་རྒྱས་བསྡུས་སྐབས་དང་བསྟུན་ནས་ཁྲུས་གསོལ་བྱ་ཞིང་།   ཁྲུས་ཆུ་ཡང་བུམ་པ་ནང་ཕར་བླུགས་དམིགས་པ་ནི་རང་རྣམ་འཇོམས་སུ་གསལ་བའི་ཐུགས་ཀ་ནས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་ཆེ་ཆུང་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས་པ་ཡུལ་ཕྱོགས་ཀྱི་སྟེང་ཐམས་ཅད་ཁྱབ་ པར་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་སྣོད་བཅུད་མ་དག་པའི་དྲི་མ་ཐམས་ཅད་དག་པའི་མོས་པ་དང་བཅས་ཡུལ་ཕྱོགས་འདིར་གནས་ཀྱི་སྲུང་མ་ལྷ་ཀླུ་གཞི་བདག་བླ་དཔོན་འབངས་འཁོར་ཁང་ཁྱིམ་སྡེ་དང་བཅས་གནས་དགོན་ཡུལ་ལྗོངས་རྣམས་ལ་དམ་ ཚིག་ཉམས་ཆག་འཁོན་གྲིབ་བཙོག་གྲིབ་ཕོག་པ་སོགས་འདག་པའི་ཆེད་དུ་ཁྲུས་བྱེད་པ་ཡིན།། དེ་ལྟར་ཁྲུས་བྱས་ཏེ་ཕྱོགས་དེར་གནས་པའི་སྲུང་མ་ལྷ་ཀླུ་གཞི་བདག་བླ་དཔོན་འབངས་ འཁོར་སྡེ་བཅས་གནས་དགོན་ཡུལ་ལྗོངས་ཐམས་ཅད་ཀྱི་དམ་ཚིག་ཉམས་ཆག་འཁོན་གྲིབ་བཙོག་གྲིབ་སོགས་དང་། དེས་བསྐྱེད་པའི་ནད་རིམས་གདོན་བགེགས་བཀྲ་མི་ཤིས་པ་སོགས་སྡིག་པ་དང་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད། ནད་དང་། གདོན་དང་།རིམས་སོགས་བཀྲ་མི་ཤིས་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུངས་ནས་སྣོད་བཅུད་ཀྱི་གཟི་བྱིན་བསྐྱེད་ཅིང་ཡུལ་ལྷ་གཞི་བདག་སོགས་ཀྱི་དཔལ་བསྐྱེད་དེ་བདེ་དགེ་ལེགས་ཚོགས་འབྱུང་བར་བྱེད་པའི་ཐབས་ལམ་ཞིག་ཡིན་པ་མ་ཟད་བོད་དམངས་ཁྲོད་དུ་ཡང་འདིའི་ཁྱད་ནུས་དང་ཡིད་ཆེས།བསམ་པའི་འདུ་ཤེས་གཏིང་ཟབ་ཏུ་ཁྱབ་ཡོད་དོ།། ད་དུང་འདི་འདྲའི་རིག་གཞུང་མང་ལ་འདི་དག་ནི་བོད་ཀྱི་ནང་ཆོས་དང་སྲོལ་རྒྱུན་ཁྲོད་ ཀྱི་ཁོར་ཡུག་བཅོས་སྐྱོང་དང་གཅེས་འཛིན། ས་བཅུད་གསོ་ཐབས་ལགས་པས་ན་ཁོར་ཡུག་ཞིབ་འཇུག་པ་ཞིག་ཡིན་ན་ངེས་པར་དུ་འདི་དག་ལ་རྒྱུས་ལོན་དང་ཞིབ་འཇུག་གནང་དགོས་པར་སྙམ། ལྷག་པར་དུ་ས་གནས་དེའི་མང་ཚོགས་ཀྱི་ཁོར་ཡུག་གི་འདུ་ཤེས་འཛིན་སྟངས་ལ་ཞིབ་ འཇུག་མ་བྱས་པར་མིའི་འདོད་རྔམ་གྱི་རྗེས་སུ་རྒྱུགས་ཏེ་གང་འདོད་དུ་ས་རྐོ་རྡོ་སློག་དང་གཏེར་ཁ་བསྔོགས་པ་སོགས་ནི་འགལ་རྐྱེན་གྱི་རྒྱུ་དམ་པའོ།།
དཔྱད་གཞི་ཡིག་ཆ་ནི།

ཀུན་མཁྱེན་གྱི་འདུལ་བའི་མཐའ་དཔྱོད།

མཁས་དབང་དམུ་དགེའི་གསུང་འབུམ་པོད་གསུམ་པ།

མང་རྫོང་གི་རི་ཆུ་རིག་གནས།
ས་དཔྱད་ཕྱོགས་བསྒྲིགས།

ས་དཔྱད་ཟིན་བྲིས་བཅས་ཡིན།

རྩོམ་ཡིག་མཁོ་སྤྲོད་པ། སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་ཙན་དན། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-27 ལྟ་ཀློག (4592)