ནང་བསྟན་རྒྱུན་ཤེས། ༧

ནང་བསྟན་རྒྱུན་ཤེས། ༧


མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།

༧༤ འོ་ན་ཨ་མས་སྨན་འཐུང་སྟེ་རང་གི་མངལ་གྱི་བུ་དེད་ན་སྡིག་པ་འབྱུང་ངམ།

ལན། དེ་ནི་རྣམ་ཤེས་ཞུགས་ཏེ་མིར་ཆགས་པ་ཡིན་པས་དེ་དེད་ན་མི་བསད་པའི་སྡིག་པ་འབྱུང་ངོ་། །

༧༥ བུད་མེད་ཀྱིས་སྨན་འཐུང་སྟེ་མངལ་ཆགས་སུ་མ་བཅུག་ན་མི་བསད་པའི་སྡིག་པ་ཡོད་དམ།

ལན། དེ་ལ་སྡིག་པ་མེད་དེ་མིར་ཆགས་པའམ་མི་དངོས་སུ་མ་གྲུབ་པས་མི་བསད་པའི་སྡིག་པ་འབྱུང་བའི་གཞི་མེད་པའི་ཕྱིར་རོ། །

༧༦ བྱ་སྒོང་བཅག་པ་ལ་ཉེས་པ་ཡོད་དམ།

ལན། ཡོད་དེ་དེ་ལ་བྱའི་རྣམ་ཤེས་ཞུགས་ཡོད་པས་དེ་བཅག་ན་བྱ་ཞིག་བསད་པའི་སྡིག་པ་ཡོད་པའི་ཕྱིར་རོ། །

༧༧ ཁ་ཟས་ཀྱི་ཆེད་དུ་གསོས་པའི་སྲོག་ཆགས་དེ་བསད་ན་སྡིག་པ་ཡོད་དམ།

ལན། ཁ་ཟས་ཀྱི་ཆེད་དུ་གསོས་ནའང་དེ་ལ་སྲོག་ཡོད་པས་དེ་བསད་ན་སྡིག་པ་འབྱུང་ངོ་། །

༧༨ མི་ཤི་ནས་དགེ་རྩ་བྱེད་དུས་ལུག་སོགས་བཤས་ནས་དགེ་བ་བྱེད་པ་དེ་ཆོས་སུ་འགྲོའམ།

ལན། དེ་ནི་རང་རེའི་ས་ཆ་འགའ་རེར་དར་བའི་སྲོལ་ཤིན་ཏུ་ངན་པ་ཞིག་སྟེ་དེས་ཤིན་པོར་ཕན་པ་ལས་གནོད་པ་ཆེ་ཞིང་། དཔེར་ན་མི་སྟོབས་མེད་ཆུས་འཁྱེར་བ་བཟུང་ནས་སྐེ་ལ་རྡོ་བཏགས་ཏེ་ཆུར་འཕངས་བ་དང་འདྲ་གསུངས།

༧༩ ལ་ལས་ཆོས་སྒྲུབ་དུས་སྲོག་བཅད་པ་དག་གི་རྣམ་ཤེས་ཆོས་སྐྱོང་སྲུང་མས་བདེ་བ་ཅན་དུ་འདྲེན་ངེས་ཡིན་ཟེར་བ་བདེན་ནམ།

ལན། དེ་ནི་སངས་རྒྱས་ཀྱི་དགོངས་པ་དང་འགལ་བའི་ལོག་བཤད་ཅིག་ཡིན་ཏེ་ཆོས་སྒྲུབ་དུས་སྲོག་བཅད་ནའང་མི་དགེ་བ་ཡིན། དཔེར་ན་དགོན་པ་གཅིག་གི་ཆེད་དུ་གཉེར་བས་ནོར་ལུག་ཤན་པར་གཏད་ནས་དེའི་སྲོག་བཅད་ན་དགོན་པ་དེའི་གྲྭ་བ་རེ་རེར་སྲོག་བཅད་པའི་ཉེས་པ་རེ་འབྱུང་ངོ་། །

༨༠ སྟོན་མོ་བྱེད་དུས་ཤ་ཡི་སྡེར་ཁ་སྒྲིག་པ་དེ་བཟང་ངམ།

ལན། སྟོན་མོ་བྱེད་དུས་དུད་འགྲོ་མང་བོ་བསད་དེ་ཤ་ཡི་སྡེར་ཁ་སྒྲིག་པའི་སྲོལ་དེ་སྡིག་ལས་ཡིན་པས་རྟེན་འབྲེལ་མགོ་ནས་མ་འགྲིག་པ་ཡིན་ཏེ་བཟའ་ཚང་དེ་གཉིས་ལ་སྡུག་པའི་ས་བོན་བཏབས་པ་ཡིན།

དེ་བས་དཀར་སྟོན་བྱས་ན་བཟང་སྟེ་དེ་ལས་བཟའ་ཚང་གསར་བའི་བྱ་བ་ལམ་དུ་འགྲོ་ཞིང་བདེ་དགེ་ཕུན་ཚོགས་འབྱུང་བའི་རྟེན་འབྲེལ་མགོ་ནས་འགྲིག་པ་ཡིན་ནོ། །

༨༡ སྲོག་བཅད་པ་ལས་སྡིག་པ་མི་འབྱུང་བ་ཡོད་དམ།

ལན། ཡོད་དེ་མདོ་དྲན་པ་ཉེར་བཞག་ལས། རྒྱུ་ལྔས་སྲོག་བཅད་པར་ཉེས་པ་མི་འབྱུང་བར་གསུངས་ཏེ། ལམ་དུ་ཞུགས་དུས་མ་ཤེས་པར་སྲོག་ཆགས་གྲོག་སྤུར་སོགས་བསད་པ། ཕན་འདོགས་འདོད་ཀྱིས་སྨན་སོགས་བྱིན་ཏེ་ཤི་བ། མས་བུ་འདུལ་བའི་ཕྱིར་བརྡེགས་ཏེ་བསད་པ། མེ་འབར་བའི་ནང་དུ་སྲོག་ཆགས་ལྡིང་ཏེ་ཤི་བར་ཉེས་པ་མི་འབྱུང་བར་གསུངས་སོ། །

༨༢ ཅི་ཞིག་ལ་མ་བྱིན་ལེན་ཟེར།

ལན། གཞན་གྱི་རྒྱུ་ནོར་མ་བྱིན་ནའང་ཐབས་སྣ་ཚོགས་ཀྱི་སྒོ་ནས་ལེན་པ་ལ་ཟེར།

༨༣ འཕྲོག་པ་ལ་མ་བྱིན་ལེན་ཟེར་རམ།

ལན། འཕྲོག་པ་ཡང་མ་བྱིན་ལེན་ཡིན་ཏེ་དེ་ལ་རྒྱུ་ནོར་སྟེར་འདོད་མེད་བཞིན་དུ་བཙན་གྱིས་བླངས་པ་ཡིན་པས་སོ། །

༨༤ ཚོང་བརྒྱབ་ནས་ཁེ་སྤོགས་བླངས་ན་མ་བྱིན་ལེན་ཡིན་ནམ།

ལན། ཚོང་གི་མགོ་ནས་ཁེ་སྤོགས་བླངས་ནའང་དེ་ནི་མ་བྱིན་ལེན་མིན་ཏེ་ཉོ་བདག་ལའང་དེ་སྟེར་འདོད་ཡོད་པས་སོ། །

༨༥ འོ་ན་ནོར་གཡར་ནས་ཕྱིར་སྟེར་རྒྱུ་བརྗེད་ན་མ་བྱིན་ལེན་ཡིན་ནམ།

ལན། དེ་མ་བྱིན་ལེན་མིན་ཏེ་དེ་ལ་རྐུ་སེམས་མེད་པས་སོ། ། ཡིན་ནའང་བསམ་བཞིན་དུ་མ་བྱིན་ན་མ་བྱིན་ལེན་དུ་འགྲོའོ། །

༨༦ གཞན་དོན་དུ་རྐུ་བྱེད་པ་ལ་དགེ་བ་ཡོད་དམ།

ལན། རྐུ་བྱེད་པ་ལ་འདོད་ཆགས་སྔོན་དུ་འགྲོ་བས་གཞན་དོན་དུ་རྐུ་བྱས་ནའང་དེ་ནི་སྲེད་པས་དྲངས་པ་ཡིན་པས་མི་དགེ་བ་ཡིན་ནོ། །

༨༧ ཤི་བོའི་ནོར་བླངས་ན་མ་བྱིན་ལེན་ཡིན་ནམ།

ལན། ཁྱིམ་པ་ཡིན་ན་དེའི་ནོར་ཉེ་དུ་ལ་དབང་བ་ཡིན་པའི་ཕྱིར་དང་གྲྭ་བ་ཡིན་ན་དེའི་ནོར་དགེ་འདུན་ལ་དབང་བས་མ་བྱིན་ལེན་དུ་འགྱུར་རོ། །


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-12-22 ལྟ་ཀློག (3535)