​གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་གཅིག་པ།​


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་གཅིག་པ།

   2015-12-15ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་སྐབས་ཉེར་གཅིག་པ་ཡིན་ལ། ཉིན་འདིར་གྲང་ལྷགས་ཧ་ཅང་ཆེ་ན་ཡང་ཕྱོགས་ཀྱི་ལྟད་མོ་བ་མང་བོས་སློབ་གླིང་གི་ར་ནང་ཧྲིལ་བོ་ཡོངས་སུ་གང་འདུག  སློབ་མ་ཚོས་ཉིན་འགའི་རིང་ལ་གྲ་སྒྲིག་བྱས་པའི་རིག་རྩལ་ནི་གཅིག་ལས་གཅིག་ལྷག་ལ། ལྷག་པར་དུ་རྡུང་ལེན་གྱི་གླུ་ཚིག་སོགས་མང་ཤོས་སློབ་མ་རང་གི་བརྩམས་ཆོས་ཡིན་པར་མ་ཟད། དབྱངས་དང་རོལ་མོའི་རམ་འདེགས་སོགས་ལ་ཡང་གསར་གཏོད་ཀྱི་རྣམ་པ་ཅུང་མངོན་གསལ་དོད་པོ་ཡོད། དེ་བཞིན་དུ་སློབ་མ་ཚོས་བརྩམས་པའི་ཟློས་གར་འཁྲབ་གཞུང་དུ་མ་ཡང་འཁྲབ་སྟོན་བྱས་པས་ལྟད་མོ་བ་དང་དགེ་སློབ་ཡོངས་ལ་བག་ཆགས་ཟབ་མོ་བཞག  རིག་རྩལ་གྱི་མཆོད་པ་དེ་ཉིན་མཚན་གཉིས་ལ་ཚན་པ་གཉིས་སུ་བགོས་ཏེ་ཕྱོགས་གཞན་ནས་ཡོང་བའི་མང་ཚོགས་ཀྱི་གླུ་བ་གླུ་མ་དང་། རྩྭ་ཐང་བུ་མོའི་སློབ་མ་སོགས་དང་ལྷན་དུ་རྩེས་མཐར་དགོང་མོའི་ཆུ་ཚོད་བཅུ་གཅིག་ལ་ཉེ་བའི་སྐབས་སུ་གཞི་ནས་རིག་རྩལ་ཡོངས་སུ་མཇུག་བསྡུས་སོ།།  དགོང་མོའི་རིག་རྩལ་སྐབས་འཛིན་གྲྭ་སོ་སོས་འོད་ཁང་སྣ་ཚོགས་བཟོས་ཏེ་ཚོགས་རའི་མཐའ་རུ་བཀྲམས་པས་ལྟད་མོ་བ་ཡོངས་ཀྱི་མིག་དབང་འཕྲོག ཁྱད་པར་དུ་འཁྲུངས་སྟོན་བསུ་བའི་རིག་རྩལ་གྱི་བར་ནས་སློབ་གླིང་གི་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་ཤེས་རབ་བསྟན་དར་ཚང་རྣམ་གཉིས་ཀྱིས་ལོ་གཅིག་རིང་ལ་གཞན་རྒྱུ་རྩ་ཆེན་རྙེད་ཀྱང་ཕྱིར་བདག་པོ་ལ་སྤྲོད་མཁན་གྱི་སློབ་བུ་དག་ལས་སྒོར་སྟོང་ཡན་རྙེད་མཁན་རྣམས་ལ་གཟེངས་བསྟོད་ཀྱི་ཕྱག་རྟགས་བསྩལ་ཞིང་། སློབ་དཔོན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་སློབ་གྲྭ་སྒྲུབ་པའི་དམིགས་ཡུལ་དང་བརྒྱུད་རིམ། སློབ་གྲྭ་ལ་ཐོག་མཐའ་བར་གསུམ་དུ་སྐུ་དྲིན་ཆེ་བའི་རྒྱ་ཆེ་བའི་མང་ཚོགས་ལ་བཀའ་དྲིན་ཞུས་ཤིང་། མི་རིགས་ཀྱི་དཔལ་འབྱོར་ཐད་ཀྱི་དཀའ་ངལ་དང་ཉེན་ཁ་སོགས་གསུང་བཤད་ཡིད་འཁུལ་བ་མང་དུ་གནང་། 


ན་ཆུང་གླུ་མ་ལས་དབང་ལྷ་མོས་གླུ་དབྱངས་ལེན་བཞིན་པ། 


དྲག་རྩལ་འཁྲབ་འཁྲབ་སྟོན་གནང་བཞིན་པ། 


གར་ཆུང་འཁྲབ་སྟོན་གནང་བཞིན་པ། 


གླུ་དང་རྡུང་ལེན་སྣ་ཚོགས་ལེན་བཞིན་པ། 





རྣམ་ཐར་འཁྲབ་སྟོན་སྣ་ཚོགས།











མདོ་དབུས་ཁམས་གསུམ་གྱི་བྲོ་གར་སྣ་ཚོགས། 







འཛིན་གྲྭ་སོ་སོས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་ཆེད་དུ་ཕུལ་བའི་འོད་ཁང་སྣ་ཚོགས། 


རིག་རྩལ་བ་ཡོངས་ཀྱིས་མཉམ་དུ་བཀྲ་ཤིས་འཇོག་བཞིན་པ། 

འཕྲིན་གཏོང་བ།  གྱི་ལིང་འཇིགས་མེད།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-16 ལྟ་ཀློག (5375)