ནང་བསྟན་རྒྱུན་ཤེས། ༥

ནང་བསྟན་རྒྱུན་ཤེས། ༥

མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།

༤༦ བླ་མ་གང་འདྲ་ཞིག་བསྟེན་ན་བཟང་།

ལན། སྤྱིར་བཤད་ན་རང་ལས་མཆོག་ཏུ་གྱུར་པ་ཞིག་སྟེ་བྱ་བ་སྤྱོད་པ་དང་ཡོན་ཏན་གང་གི་ཐད་ནས་ཀྱང་ཆེས་ལེགས་པོ་ཞིག་བསྟེན་དགོས། སྟེན་དུས་རང་གིས་ཡུན་རིང་བོར་བརྟགས་ནས་མ་ནོར་བར་བསྟེན་པ་ལས་ཆོས་གསུང་ཚད་ཡ་མཚན་ཞིག་ཡིན་ཟེར་ནའང་བསྟེན་པར་མི་བྱའོ། །

༤༧ བླ་མ་བསྟེན་རྗེས་དེའི་མཛད་སྤྱོད་མ་ལེགས་ན་ཇི་ལྟར་བྱ་དགོས།

ལན། བླ་མ་ལ་མ་བརྟགས་པར་བསྟེན་རྗེས། སྤྱོད་ཚུལ་དེ་འདྲ་མི་ལེགས་པ་མང་བོ་འབྱུང་བཞིན་ཡོད། དེ་འདྲ་བྱུང་ན་བླ་མ་དེའི་ཡོན་ཏན་བསམ་ཞིང་དེའི་ཆ་ནས་དད་པ་མ་ལོག་པ་དགོས་ལ་དེའི་སྤྱོད་པ་ངན་པ་རང་ལ་མི་འབྱུང་བ་ནི་ཤིན་ཏུ་གལ་ཆེ་བས་དེ་དང་རྒྱང་བཀྱེད་ནས་དད་པ་མ་ལོག་པ་ཞིག་ཤིན་ཏུ་གལ་ཆེའོ། །

༤༨ བླ་མ་ལ་དག་སྣང་སྦྱང་དགོས་པའི་རྒྱུ་མཚན་གང་།

ལན། བླ་མའི་སྐྱོན་ངོས་ནས་བསམ་ན་དད་པ་མི་འབྱུང་བས་དད་པ་སྐྱེ་བའི་ཆེད་དུ་དག་སྣང་སྦྱང་དགོས་པ་ཡིན་ལ་བླ་མར་དད་པ་ནི་རང་ལ་དངོས་གྲུབ་འབྱུང་བའི་སྒོ་མོ་ཡིན་ནོ། །

༤༩ དག་སྣང་ཞེས་པ་ཇི་ལྟར་སྦྱང་དགོས།

ལན། བླ་མའི་སྐྱོན་གྱི་སྣང་བ་དེ་རང་གི་མ་དག་པའི་པའི་སྣང་བ་ཡིན་པ་ལས་བླ་མ་ལ་ནག་ཉེས་མེད་ཅིང་སངས་རྒྱས་དང་འདྲ་བར་ཡོན་ཏན་ཀུན་རྫོགས་ཡོད་སྙམ་དུ་བསམ་པའོ། །

༥༠ བླ་མ་ཚུལ་བཞིན་དུ་མ་བསྟེན་པའི་ཉེས་པ་གང་།

ལན། བླ་མའི་ཐུགས་དཀྲུགས་པ་དང་དམོད་པ་རྣམས་དམྱལ་བ་མནར་མེད་སོགས་སུ་སྐྱེ་ལ་ཚིགས་བཅད་གཅིག་ཙམ་ཉན་པ་ལ་བླ་མར་མི་འཛིན་པ་ཁྱི་ཡི་སྐྱེ་བ་ལྔ་བརྒྱར་སྐྱེས་ནས་ཤན་པ་སོགས་རིགས་ངན་པར་སྐྱེ་བར་གསུངས།

༥༡ ཆོས་འབྲེལ་གསེར་གྱི་ཐག་པ་ཞེས་པའི་དོན་གང་།

ལན། བླ་མ་དེས་གསུངས་པའི་ཆོས་ཚིག་བཞི་ཙམ་ཐོས་ཏེ་དེའི་ཡོན་ཏན་འབྱོར་བས་ན་ཆོས་འབྲེལ་བཞག་པ་ཡིན། དེ་ཤིན་ཏུ་གལ་ཆེ་བས་གསེར་གྱི་ཐག་པ་ཞེས་བཏགས་པ་ཡིན་ནོ། །

༥༢ བླ་མ་ངན་པ་དང་གྲོགས་ངན་པ་བསྟེན་པའི་ཉེས་པ་གང་།

ལན། སྔར་ཡོད་པའི་ཡོན་ཏན་རྣམས་འགྲིབ་པར་འགྱུར་ཞིང་ཉེས་པ་ཐམས་ཅད་འཕེལ་ནས་བྱ་བ་ངན་པར་འཇུག་པས་ཚེ་འདི་དང་ཕྱི་མར་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་བསྐྱེད་པའོ། །

༥༣ བླ་མ་དང་གྲོགས་ཀྱི་བཟང་ངན་ཇི་ལྟར་འབྱེད།

ལན། རྫུན་སོགས་མི་དགེ་བར་དགའ་ཞིང་གཡོ་ཁྲམ་ཆེ་ལ་འདོད་ཆགས་དང་ཞེ་སྡང་བསྐྱེད་ཅིང་བག་མེད་དང་རྣམ་གཡེང་སོགས་མི་དགེ་བར་སྦྱོར་བ་དེ་ནི་མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་ཡིན་ལ་ཡ་རབས་དང་དགེ་བ། བག་ཡོད་བཅས་ལ་སྐུལ་བ་ནི་གྲོགས་བཟང་བོ་ཡིན་ནོ། །

༥༤ ཆོས་ཇི་ལྟར་མཉན་དགོས་སམ།

ལན། སྣོད་ཀྱི་སྐྱོན་གསུམ་དང་བྲལ་ནས་མཉན་དགོས་ཏེ། རྣམ་གཡེང་གིས་མི་ཉན་པ་སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན། སེམས་པ་མི་བཟང་བ་སྣོད་མི་གཙང་བ་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་པ་ཞབས་བརྡོལ་བ་ལྟ་བུའི་སྐྱོན་ཏེ་ཉན་པའི་སྐྱོན་གསུམ་དང་བྲལ་ནས་མཉན་དགོས་སོ། །

༥༥ ཆོས་ཉན་དུས་སྤྱོད་པ་ཇི་ལྟ་བུ་དགོས་སམ།

ལན། རྒྱན་གྱིས་བརྒྱན་པ། མཚོན་ཆ་ཐོགས་པ། ཁ་བརྡ་བྱེད་པ། ཡར་མར་ལ་འགྲོ་བ། མགོར་གོས་འཕེན་པ། མ་གུས་པ་སོགས་གཏན་ནས་སྤངས་ཏེ་ཙོག་པུར་བསྡད་ནས་གུས་པས་མཉན་དགོས་སོ། །

༥༦ འགའ་ཞིག་གིས་བླ་རྒྱུད་མི་གཅིག་པར་འཛེམ་པ་དེ་བཟང་ངམ།

ལན། དེ་ལ་ཤིན་ཏུ་ཉེས་པ་ཆེ་སྟེ། ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཡིན་པས་ཕྱོགས་རིས་བྱེད་པ་དེ་ངན་འགྲོར་ལྟུང་བའི་རྒྱུ་ཡིན་ནོ། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-12-12 ལྟ་ཀློག (4347)