གྲྭ་རྐྱང་གཅིག་ལ་སློབ་གྲྭ་གསུམ།

གྲྭ་རྐྱང་གཅིག་ལ་སློབ་གྲྭ་གསུམ།

    སློབ་གཙོ་ཐུབ་བསྟན་དངོས་གྲུབ་ལགས་ནི་༡༩༧༥ལོར་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་དུ་སྐྱེས།   ༡༩༨༩ ལོར་རབ་དུ་བྱུང་སྟེ་ནང་བའི་ཆོས་སྒོར་ཞུགས།   ༡༩༩༤ལོའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྒྱུད་སྨད་གྲྭ་ཚང་གི་ཚོགས་གྲལ་དུ་ཞུགས་ཏེ་ཐོས་བསམ་སློབ་གཉེར་གནང་།    ༢༠༠༢ལོ་ནས་ཕ་ཡུལ་གྱི་སློབ་གསོའི་གནས་བབས་ལ་གཞིགས་ནས་སློབ་གྲྭ་གསར་འཛུགས་གནང་བ་སོགས་བོད་ཀྱི་སློབ་གསོའི་བྱ་བཞག་ལ་རང་ནུས་ཅི་ཡོད་འབུལ་མཁན་གྱི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན།

དཀྱིལ་འཁོར་བྱམས་སྐྱོང་བྱིས་པའི་སློབ་གྲྭ་དང་བོ།

  

      མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་བིས་མདོ་ཡུལ་ཚོ་དཀྱིལ་འཁོར་བྱམས་སྐྱོང་བྱིས་པའི་སློབ་གྲྭ་ནི་སློབ་གཙོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་ས་གནས་མང་ཚོགས་ཀྱི་དགོས་མཁོ་དང་ཡང་ན་བོད་མི་རིགས་ཀྱི་བྱིས་པའི་སློབ་གསོ་ནི་ཉིན་མོའི་སྐར་མའི་དཔེ་ལས་མ་འདས་པ་ཐུགས་སུ་དགོངས་ནས་གོང་རིམ་པར་བྱིས་པའི་སློབ་གསོ་ཡར་སྐུལ་ཐད་སློབ་གྲྭ་ཞིག་དགོས་འདུན་གྱི་སྙན་ཞུ་ཡིག་ངག་གཉིས་ཀྱི་ཐོག་ཡང་དང་བསྐྱར་དུ་ཞུས་མཐར།    ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་དག་གིས་སློབ་གྲྭ་བསྒྲུབ་ཆོག་པའི་ཆོག་མཆན་གནང་བར་མ་ཟད་འབྲེལ་ཡོད་འགོ་ཁྲིད་དག་གི་རྒྱབ་སྐྱོར་འོག་སློབ་ཁང་དང་སློབ་མའི་ཇ་ཁང་དགེ་རྒན་གྱི་མལ་ཤག་སོགས་གནས་སྐབས་སུ་བཀོད་སྒྲིག་བྱས།  སྤྱི་ལོ་༢༠༠༧ལོའི་ཟླ་༨པའི་ཚེས་༡ཉིན་སློབ་གྲྭ་དངོས་སུ་ཚུགས་པའི་མཛད་སྒོ་བསྡུས་ཤིང་མཛད་སྒོའི་སྟེང་འབྲེལ་ཡོད་འགོ་ཁྲིད་དང་ས་གནས་མང་ཚོགས་བཅས་ཞུགས་ཡོད། དུས་དེ་ནས་བཟུང་དགེ་རྒན་གཉིས་དང་སློབ་མ་བཞི་བཅུ་ལྷག་གིས་ཉིན་བཟང་སྐར་བཟང་གི་བབས་དང་བསྟུན་ནས་དངོས་སུ་སློབ་འགོ་ཚུགས་པ་རེད།   ༢༠༠༨ལོར་སྤྱི་ཚོགས་སྟེང་གི་འབྱོར་ལྡན་མི་སྣ་དག་གིས་རྒྱབ་སྐྱོར་འོག་སློབ་གཙོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་སློབ་གྲྭའི་ལས་གཞི་དངོས་སུ་འགོ་བཙུགས་ཏེ་ད་ལྟའི་བར་དུ་སློབ་གྲྭའི་འཛུགས་བསྐྲུན་གྱི་རྣམ་པ་བོད་རང་གི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་སློབ་ཁང་དང་གཞུང་ལས་ཁང་།  དཔེ་མཛོད་ཁང་།  སློབ་མའི་ཇ་ཁང་། སློབ་མའི་རྩེད་ར་ཁང་། དགེ་རྒན་གྱི་མལ་ཤག་སོགས་གཞི་རིམ་སློབ་གྲྭ་དང་བསྡུར་ན་ཆ་རྐྱེན་ཅུང་འཐུས་ཚང་དང་སློབ་མའི་མཁོ་ཆས་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་མངོན་གསལ་བྱུང་བར་བརྟེན་གཞི་རིམ་དམངས་སྒྲུབ་སློབ་གྲྭ་དག་གིས་གཟིགས་སྐོར་བྱ་ཡུལ་དུ་གྱུར་བ་དང་བསམ་བློ་བརྗེ་རེས་སོགས་ཀྱི་ཆེད་སྦྱོང་འཛིན་གྲྭ་མང་བོ་སྒྲུབ་མྱོང་བས་ས་གནས་མང་ཚོགས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ། བྱམས་སྐྱོང་བྱིས་པའི་སློབ་གྲྭ་དང་བོ་འདིར་ད་ཡོད་ཀྱི་དགེ་རྒན་བཞི་དང་ལས་བཟོ་བ་གཉིས། སློབ་མ་བདུན་བཅུ་ལྷག་གིས་གྲུབ་ཡོད།

དཀྱིལ་འཁོར་བྱམས་སྐྱོང་བྱིས་པའི་སློབ་གྲྭ་གཉིས་པ།

  

     མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཡ་རྫི་རྫོང་ཀ་རིང་ཡུལ་ཚོའི་ས་གནས་མང་ཚོགས་ཀྱི་རེ་བ་ལྟར་སློབ་གཙོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་སྤྱི་ལོ་༢༠༡༠་ལོར་བྱམས་སྐྱོང་བྱིས་པའི་སློབ་གྲྭ་ཁག་གཉིས་པ་ཀ་རིང་དུ་དངོས་སུ་དབུ་བཙུགས་པའི་མཛད་སྒོ་བསྡུས་ཤིང་།མཛད་སྒོའི་སྟེང་གོང་རིམ་གྱི་འགོ་ཁྲིད་དང་ས་གནས་ཤེས་ལྡན་པ་མང་བོ་མཉམ་ཞུགས་བྱས་ཏེ་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་དང་འབྲེལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་མ་ཟད་ས་གནས་མང་ཚོགས་ཀྱིས་དགའ་བསུ་མི་ཉུང་བ་ཐོབ།  བྱམས་སྐྱོང་བྱིས་པའི་སློབ་གྲྭ་གཉིས་པའི་ནང་སློབ་མཐར་ཕྱིན་པའི་སློབ་མ་བརྒྱ་དང་བདུན་ཅུ་ལྷག་ལ་ཉེ་བར་སློབ་སྦྱོང་གི་གོ་སྐབས་བཟང་བོ་སྤྲད་ཟིན་པར་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་མ་ཟད་ཁྱིམ་བདག་དང་སློབ་མ་མང་བོ་ཞིག་གི་འདོད་བློ་ཚིམས་པོ་བྱུང་ཡོད། 

དཀྱིལ་འཁོར་བྱམས་སྐྱོང་བྱིས་པའི་སློབ་གྲྭ་གསུམ་པ།

 

    མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཆུ་བཟང་སྡེ་བའི་སྡེ་དཔོན་དང་སྡེ་མི་རྣམས་ཀྱིས་ས་གནས་ཀྱི་དགོས་མཁོར་དམིགས་ཏེ་སློབ་གཙོ་ཐུབ་བསྟན་དངོས་གྲུབ་མཆོག་ལ་སྡེ་བ་དེར་བྱིས་པའི་སློབ་གྲྭ་ཞིག་དགོས་གལ་ཆེ་བའི་རེ་བ་བཏོན་པ་ལྟར་སྤྱི་ལོ་༢༠༡༣་ལོར་ཆུ་བཟང་སྡེ་བ་རུ་བྱམས་སྐྱོང་བྱིས་པའི་སློབ་གྲྭ་ཁག་གསུམ་པ་དངོས་སུ་བཙུགས་པར་མ་ཟད་སློབ་གྲྭའི་མཁོ་ཆས་ཡོངས་རྫོགས་བཀོད་སྒྲིག་བྱས་པས་ད་ལྟ་དེ་གར་སྐབས་བཞུགས་སློབ་མ་བཞི་བཅུ་ལྷག་ལ་ཤེས་རིག་གི་བདུད་རྩི་མངར་མོ་མྱོང་བའི་གོ་སྐབས་སྤྲད་ཟིན་པ་བཅས་སོ།།  མི་རིགས་རིག་གནས་ལ་ཤ་ཞེན་ཆེ་ཞིང་ལྷག་བསམ་དཀར་བའི་གྲྭ་རྐྱང་དཀྱུས་མ་ཞིག་སྟེ་སློབ་གཙོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་བྱིས་པའི་སློབ་གསོ་དམིགས་སུ་བཟུང་ནས་ས་གནས་མི་འདྲ་བ་དུ་མར་སློབ་གྲྭ་ཁག་གསུམ་བཙུགས་ཡོད་པ་འདི་ནི་ཆེས་གཟི་བརྗིད་ལྡན་པ་ཞིག་དང་དགའ་འོས་པའི་གཏམ་བཟང་ཞིག་རེད་འདུག
ཁོས་བཤད་རྒྱུར།   ངས་འདི་ལྟར་སློབ་གྲྭ་རེ་འགའ་བཙུགས་ཏེ་བྱིས་པ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་པ་ནི་རང་ཉིད་གཅིག་བུའི་འཇོན་ནུས་ཞིག་གཏན་ནས་མ་ཡིན་པར་བོད་ཀྱི་རིག་གནས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་གྲོགས་པོ་ལྷག་བསམ་ཅན་མང་བོས་རྒྱབ་སྐྱོར་དང་དཀོན་མཆོག་གི་ཐུགས་རྗེ་ཉག་གཅིག་ཡིན་པས་ནམ་ཡང་ཁོ་ཚོར་གུས་འདུད་རྗེས་སུ་ཡི་རང་སྙིང་ནས་ཞུ་བཞིན་ཡོད་ཞེས་དང་།  བྱིས་པའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་ལ།   ཆེས་ཐོག་མའི་བྱིས་པའི་སློབ་གསོ་ནོར་བ་ནི་སུས་ཀྱང་འགན་འཁུར་མི་ཐུབ་པ་ཞིག་ཡིན་པས་ཐོག་མར་བྱིས་པའི་སློབ་གསོ་ནས་འགོ་རྩོམ་དགོས་ཞེས་ནན་གྱིས་གསུངས་པ་ནི་མིག་སྔར་རང་མི་རིགས་ལ་མཚོན་ན་ཇི་འདྲའི་གནས་ལུགས་ཀྱི་ལེགས་བཤད་ཅིག་རེད་ཨང་།

གནས་ཚུལ་མཁོ་སྤྲོད་པ།  སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ།  ངག་དབང་སྐལ་བཟང་།





རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-12-08 ལྟ་ཀློག (12656)