མགོ་ལོག་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭའི་ནང་སྙན་ངག་གྱེར་འདོན་འགྲན་འཚོགས་བསྡུས་པ།

མགོ་ལོག་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭའི་ནང་སྙན་ངག་གྱེར་འདོན་འགྲན་འཚོགས་བསྡུས་པ།

        ༢༠༡༥་ལོའི་སྤྱི་ཟླ༡༢ཚེས༦ཉིན།   མགོ་ལོག་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སྐབས་ཉེར་བཞི་བའི་ཤེས་རིག་འགྲན་གླེང་དང་འོད་སྙེག་མཐུན་གྲོས་ཀྱི་༼དབྱངས་གསལ་ལ་འཁྱུད་པའི་རྣམ་ཤེས་༽སྙན་ངག་གྱེར་འདོན་འགྲན་འཚོགས་སྐབས་གསུམ་པ་གཟབ་རྒྱས་ངང་རྟ་བྲག་དྭ་ཕྲུག་སློབ་གྲྭ་རུ་བསྡུས་པ།ཐེངས་འདིའི་བྱ་འགུལ་སྟེང་མགོ་ལོག་ཁུལ་དམངས་ཆེན་གྱི་དབུ་འཛིན་གཞོན་པ་བོད་རིག་པའི་ཆེད་མཁས་པ་ལྡོང་ནོར་སྡེ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ།ཁྱུང་ཕྲུག་བློ་བཟང་དར་རྒྱས།རྨ་ཆེན་རྫོང་སློབ་གསོ་ཅུའུ།ཁུལ་དགེ་ཐོན་སློབ་གྲྭ་སོགས་ལས་ཁུངས་དང་མི་སྣ་སུམ་ཅུ་ལྷག་འཚོགས་འདུར་ཞུགས་ཤིང་།ཚོགས་ཐོག་ཏུ་ལྡོང་ནོར་སྡེ་དང་སྙན་ངག་པ་གྲགས་ཅན་གཅན་མེ་སྟག།འབྲུག་ལྷ་རྒྱལ།མཚོ་སྐྱེས་རྡོ་རྗེ་སོགས་ཀྱིས་གྱེར་འདོན་སྙན་ངག་ལ་དཔྱད་འདེམས་གནང་།སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་སོགས་ཀྱིས་བྱམས་བརྩེ་དང་སྙིང་རྗེ་རྩ་དོན་དུ་བཟུང་ནས་སློབ་མའི་སེམས་ཁམས་གསོ་སྐྱོང་དང་མི་རིགས་སློབ་གསོ་འཛིན་སྐྱོང་སྐོར་ནས་གསུང་བཤད་གལ་ཆེན་གནང་།འགྲན་འཚོགས་སྟེང་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་མ་སྒྲོལ་མ་སྐྱིད་དང་སྒྲོལ་མ་མཚོ།འཕགས་མོ་ཤེས་རབ་བཅས་ལ་རིམ་བཞིན་ཨང་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི་བྱ་དགའ་ཐོབ།འོད་སྙེག་མཐུན་གྲོས་ནས་དྭ་ཕྲུག་སློབ་མ་རྣམས་ལ་བྱམས་སྐྱོང་བླ་མེད་གནང་བའི་སློབ་གཙོ་ཐུབ་བསྟན་ཉི་མ་དང་མ་ཡར་ཆོས་སྒྲོན་སོགས་ལ་བཀའ་དྲིན་ཞུ་བའི་ལེགས་སྐྱེས་ཕུལ།

ཕྱི་དྲོར་དམའ་འབྲིང་རིམ་པ་དང་སློབ་ཆུང་ལོ་རིམ་མཐོ་ཤོས་རྣམས་ཤེས་རིག་འགྲན་གླེང་ལ་ཞུགས་སྟེ་༼རིགས་ལམ་རི་མོ་༽འགྲེལ་བཤད་སོགས་ཤེས་རིག་འགྲན་གླེང་གི་བྱེད་སྒོ་སྣ་མང་སྤེལ།གཞན་འོད་སྙེག་མཐུན་གྲོས་ནས་ད་ལོའི་མགོ་ལོག་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་རྟ་བྲག་དྭ་ཕྲུག་སློས་གྲྭས་ཨང་དང་པོ་བླངས་བར་ཡི་རང་དང་རྟེན་འབྲེལ་ཞུས་བ་དང་།སློབ་བུ་པ་སངས་སྒྲོལ་མས་ཁུལ་ཡོངས་ཀྱི་སློབ་མ་ཉིས་སྟོང་ལྷག་གི་ཁྲོད་རྒྱུགས་འབྲས་ཨང་དང་པོ་བླངས་བར་༼འོད་སྙེག་རྟགས་མའི་༽གཟེངས་སྐྱེས་ཕུལ། མཐར་ཆེད་ཞུས་སྐུ་མགྲོན་རྣམ་པར་ལེགས་སྐྱེས་ཕུལ་ནས་རྒྱལ་ཁའི་ངང་མཇུག་བསྡུས།

 

 གསར་འགྱུར་མཁོ་སྤྲོད་པ།  སྐབས་བཅུ་བའི་མཐར་ཕྱིན་སློབ་མ་བསོད་ནམས་རབ་སྣང་།


རྩོམ་སྒྲིག་འགན་འཁུར་བ།   ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།   ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-12-08 ལྟ་ཀློག (4318)