ནང་བསྟན་རྒྱུན་ཤེས།

ནང་བསྟན་རྒྱུན་ཤེས།

མཛད་པ་བོ། ཤེས་རབ་བསྟན་དར།

༡༢ ཐར་བ་ལ་འཇུག་པའི་སྒོ་བདག་མེད་རྟོགས་པའི་ཤེས་རབ་ཟེར་དོན་ཅི།

ལན། ཐར་བ་འཐོབ་པ་ལ་བདག་མེད་རྟོགས་དགོས་ཏེ་བདག་མེད་མ་རྟོགས་ན་བདག་འཛིན་སྤོང་མི་ཐུབ་ཅིང་ཐར་བ་འཐོབ་པ་ལ་ཐོག་མར་བདག་མེད་རྟོགས་དགོས་པའི་རྐྱེན་གྱིས་རེད།

༡༣ འོ་ན་ཐར་བ་ཞེས་པའི་དོན་ཅི།

ལན། ཉོན་མོངས་ཏེ་འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཀྱི་རྩ་བ་བདག་འཛིན་དང་བཅས་པ་ལས་ཐར་བས་ན་ཐར་བ་ཟེར་རོ། །

༡༤ ཐར་བ་འཐོབ་པ་ལ་བདག་འཛིན་སྤང་དགོས་པའི་རྒྱུ་མཚན་གང་།

ལན། ཉོན་མོངས་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་པས་བདག་འཛིན་ཡོད་ན་ཉོན་མོངས་སྐྱེ་ལ་མེད་ན་མི་སྐྱེ་བས་ཉོན་མོངས་རྩ་མེད་དུ་གཏོང་བ་ལ་ཐོག་མར་དེའི་རྒྱུ་བདག་འཛིན་རྩ་མེད་དུ་གཏང་དགོས་པས་སོ། །

༡༥ འོ་ན་བདག་འཛིན་ཞེས་པ་གང་འདྲ་ཞིག་ལ་ཟེར།

ལན། ང་ཚོས་གང་ཟག་ཟེར་བ་ནི་ཕུང་བོ་ཡི་ཚོགས་པ་ལ་བཏགས་པ་ལས་དེའི་ལོགས་སུ་གང་ཟག་ཅེས་པ་ཞིག་གཏན་ནས་མེད། དེ་ཡོད་ན་གང་ཟག་གི་བདག་ཅེས་པ་ཡོད་སོང་བ་ཡིན་ཡང་བདག་དེ་ཡོད་ན་ཕུང་བོ་རེ་རེ་བསལ་ཤུལ་དུ་ཡོད་དགོས་ལ་དཔེར་ན་ཤིང་རྟ་ཞེས་པ་ཤིང་གི་ཚོགས་པ་དེར་བཏགས་པ་ལས་དེ་བསལ་ཤུལ་ན་ཤིང་རྟ་ཞེས་པ་ཞིག་མེད་པ་བཞིན་ནོ། །

༡༦ ཉོན་མོངས་ཞེས་པ་ཅི་ཡིན། དེ་སྤང་དགོས་དོན་ཅི།

ལན། ཉོན་མོངས་ཞེས་པ་ནི་རང་གི་སེམས་དཀྲུགས་པར་བྱེད་པའི་འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཀྱི་མིང་ཡིན་ལ་དེ་ཡོད་ན་རང་ལ་སྡུག་བསྔལ་རྒྱུན་མི་ཆད་པས་སྤང་དགོས་པ་ཡིན་ནོ། །

༡༧ བདག་འཛིན་ལ་རྒུད་པ་ཀུན་གྱི་རྩ་བ་ཟེར་དོན་ཅི།

ལན། བདག་འཛིན་གྱི་དབང་དུ་སོང་ན་འདོད་ཆགས་ཞེ་སྡང་གིས་རྐུ་འཕྲོག་དང་རྔམ་ཟ་སོགས་གཞན་གནོད་ཀྱི་ལས་ལ་གཞོལ་པས་རང་གཞན་གཉིས་ཀར་གནོད་སྐྱེལ་བས་སོ། །

༡༨ འོ་ན་ཐེག་པ་ཆེན་པོ་ལ་འཇུག་པའི་སྒོ་སེམས་བསྐྱེད་ཟེར་དོན་ཅི།

ལན། སེམས་བསྐྱེད་ཡོད་ན་ཐེག་པ་ཆེན་པོ་ཡིན་ལ་མེད་ན་ཐེག་པ་ཆེན་པོ་མིན་ཏེ་ཐེག་ཆེན་ལ་ཞུགས་མ་ཞུགས་ཀྱང་སེམས་བསྐྱེད་རྒྱུད་ལ་ལྡན་མིན་གྱིས་འཇོག་པའི་རྒྱུ་མཚན་གྱིས་ཡིན།

༡༩ སེམས་བསྐྱེད་ཟེར་བ་ཅི། མི་སུས་ཀྱང་སེམས་བསྐྱེད་ན་ཆོག་གམ།

ལན། སེམས་བསྐྱེད་ཟེར་བ་ནི་སེམས་པ་རྒྱ་བསྐྱེད་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས། དེ་མ་ཐོབ་ན་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་མི་ནུས་སྙམ་པ་དེ་ཡིན། འདི་ཡོད་ན་བྱང་ཆུབ་སེམས་དཔར་གྱུར་བ་ཡིན་པས་རང་ལས་གཞན་གཅེས་པར་འཛིན་ལ་ཚང་མས་རང་ཉིད་བྱང་ཆུབ་སེམས་དཔར་འགྱུར་བར་རེ་བ་བྱེད་དགོས་པ་ཞིག་ཡིན་ནོ། །

༢༠ ཐེག་པ་ཆེ་ཆུང་ཞེས་པའི་དོན་གང་།

ལན། ཐེག་པ་ཆེ་ཆུང་ནི་སེམས་པ་རྒྱ་ཆེ་ཆུང་གི་སྒོ་ནས་འཇོག་སྟེ་བྱང་ཆུབ་སེམས་དཔས་གཞན་དོན་གཙོ་བོར་བསམ་པས་ཐེག་ཆེན་དང་། ཉན་རང་གཉིས་ཀྱིས་རང་དོན་གཙོ་བོར་བསམ་པས་ཐེག་དམན་ཟེར།

༢༡ ཅི་ཞིག་ལ་གསང་སྔགས་ཟེར་ཞིང་དེར་འཇུག་སྒོ་དབང་ཞེས་པའི་དོན་ཅི།

ལན། སྣོད་མ་ཡིན་པའམ་དབང་མ་ཐོབ་པ་ལ་གསང་སྟེ་བསྒྲུབ་ན་དངོས་གྲུབ་འབྱུང་བས་གསང་སྔགས་ཟེར། དེར་འཇུག་པ་ལ་ཐོག་མར་དབང་འཐོབ་དགོས་ཤིང་དབང་མ་ཐོབ་པར་ཉམས་སུ་བླངས་ན་ཉེན་ཁ་ཆེ་བའི་རྐྱེན་གྱིས་ཏེ་དབང་ནི་དེ་སྒྲུབ་པའི་དབང་ཆ་ཐོབ་པ་ལྟ་བུ་རེད།

༢༢ དབང་ཉན་པ་ལ་བསམ་པའི་གྲ་སྒྲིག་དགོས་སམ།

ལན། དགོས་ཏེ། དབང་ཉན་པ་ན་ཐོག་མའི་བསམ་པ་ནི་སེམས་ཅན་གྱི་དོན་དུ་དབང་ཉན་ནས་སངས་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་སྙམ་པའི་བསམ་པ་ཞིག་ཅིས་ཀྱང་དགོས་སོ། །

༢༣ དབང་ཐོབ་པ་ལ་བུམ་ཆུ་གལ་ཆེའམ།

ལན། བུམ་ཆུ་སོགས་གལ་ཆེ་ཡང་གཙོ་བོ་དབང་གསུང་བ་ལ་རྩེ་གཅིག་གིས་ཉན་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱམས་སྙིང་རྗེ་དང་སེམས་བསྐྱེད་སྒོམ་པ་དང་རབ་ཡིན་ན་བླ་མས་གསུངས་པ་ཇི་བཞིན་བསམ་དགོས་པ་དེ་ཡིན། དེ་མིན་བུམ་ཆུ་འཐུང་བ་དང་དབང་གྲལ་དུ་བསྡད་པ་ཙམ་གྱིས་དབང་ཐོབ་དཀའ་བ་སྨོས་མེད་ཡིན།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-12-05 ལྟ་ཀློག (3791)