ནང་བསྟན་རྒྱུན་ཤེས།

ནང་བསྟན་རྒྱུན་ཤེས།

མཛད་པ་བོ། ཤེས་རབ་བསྟན་དར།

 ཨོཾ་བདེ་ལེགས་སུ་གྱུར་ཅིག བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།།

༡ ནང་པ་ཞེས་པ་ནི་ཅི།

ལན། ནང་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་མི་ལ་ཟེར།

༢ དཀོན་མཆོག་གསུམ་ཞེས་པ་ཅི་རེད།

ལན། འཇིག་རྟེན་གྱི་ནོར་བུ་རིན་པོ་ཆེ་སོགས་ནི་ཆེས་དཀོན་པ་ཡིན་ལ་དཀོན་པ་ཐམས་ཅད་ལས་མཆོག་ཏུ་གྱུར་བ་ནི་དཀོན་མཆོག་སྟེ་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ཡིན།

༣ འོ་ན་སངས་རྒྱས་ཟེར་བ་ཅི་ཡིན།

ལན། དེ་ནི་མ་རིག་པ་ཐམས་ཅད་སངས་པ་སྟེ་ཁོའི་རྒྱུད་ན་མེད་པར་གྱུར་ཅིང་། ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པ་སྟེ་རྟོགས་པས་ན་སངས་རྒྱས་ཟེར།

༤ འོ་ན་ཆོས་ཟེར་བ་ཅི་ཡིན།

ལན། ཆོས་ཟེར་བ་དང་བསྟན་པ་ཟེར་བ་གཉིས་དོན་གཅིག་ཡིན། དེ་ལ་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ཡོད། ལུང་གི་བསྟན་པ་ནི་ནང་བ་སངས་རྒྱས་པའི་གསུང་རབ་མཐའ་དག་ལ་ཟེར། རྟོགས་པའི་བསྟན་པ་ནི་གསུང་རབ་ལས་བཤད་པའི་དོན་ཉམས་སུ་བླངས་ནས་ཐོབ་པའི་ཡོན་ཏན་ལ་ཟེར།

༥ འོ་ན་བསླབ་པ་གསུམ་དང་སྡེ་སྣོད་གསུམ་ཟེར་བ་ཅི།

ལན། བསླབ་པ་གསུམ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་གསུམ་སྟེ་ང་ཚོས་བསླབ་པར་བྱ་བའི་ཡུལ་ཡིན་པས་བསླབ་པ་ཟེར། སྡེ་སྣོད་གསུམ་ནི་མདོ་སྡེའི་སྡེ་སྣོད་དང་། འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད་གསུམ་སྟེ་བརྗོད་བྱ་མང་བོ་ཞིག་འདུས་པས་ན་སྡེ་སྣོད་ཟེར།

༦ ནང་བའི་ཆོས་ཞེས་པ་མདོར་བསྡུས་ན་ཅི་ཡིན།

ལན། སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པ་བསྒྲུབ། རང་གི་སེམས་བཟང་བོ་བྱེད་པ་དེ་ཡིན།

༧ དགེ་འདུན་ཞེས་པ་ཅི།

ལན། དགེ་འདུན་ནི་དགེ་བ་ལ་འདུན་པ་སྟེ་དགེ་བ་བསྒྲུབ་པར་སྤྲོ་བའི་འཕགས་པའི་གང་ཟག་ཐམས་ཅད་ལ་ཟེར།

༨ ནང་བའི་སྟོན་པ་སུ་ཡིན།

ལན། ནང་བའི་སྟོན་པ་ཤཱཀྱ་ཐུབ་པ་ཡིན།

༩ ཁོང་ནམ་ལ་འཁྲུངས་པ་ཡིན་ནམ།

ལན། ཁོང་ནི་སྤྱི་ལོ་སྔོན་གྱི་ལོ་༦༢༥ལ་རྒྱ་གར་གྱི་རྒྱལ་བོ་ཟས་གཙང་གི་བུ་རུ་འཁྲུངས་ཤིང་མིང་ལ་གཞོན་ནུ་དོན་འགྲུབ་ཟེར། བཙུན་མོ་ས་འཚོ་མ་ལ་སོགས་པ་ཁབ་དུ་བཞེས་ཤིང་དགུང་ལོ་ཉེར་དགུའི་སྟེང་རབ་ཏུ་བྱུང་། དཀའ་བ་ལོ་དྲུག་ལ་སྤྱད་ནས་མཐར་སངས་རྒྱས། ཆོས་འཁོར་རིམ་པ་གསུམ་བསྐོར་ཏེ་དགུང་ལོ་གྱ་གཅིག་སྟེང་སྐུ་མྱ་ངན་ལས་འདས།

༡༠ འོ་ན་ནང་བའི་བསྟན་པའི་འཇུག་སྒོ་གང་ཡིན།

ལན། ནང་བའི་བསྟན་པ་ལ་སྤྱིར་འཇུག་སྒོ་བཞི་སྟེ་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ། ཐར་བ་ལ་འཇུག་པའི་སྒོ་བདག་མེད་རྟོགས་པའི་ཤེས་རབ། ཐེག་ཆེན་ལ་འཇུག་པའི་སྒོ་སེམས་བསྐྱེད། སྔགས་ལ་འཇུག་པའི་སྒོ་དབང་བཞི་ཡོད་པ་ལས་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་ཡིན་ནོ། །

༡༡ བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་ཞེས་པའི་དོན་ཅི།

ལན། མི་གང་ཞིག་ཡིན་ནའང་འདྲ་སྟེ་ཁོའི་རྒྱུད་ན་སྐྱབས་འགྲོ་ཡོད་ན་ནང་བ་བ་ཡིན་ལ་མེད་ན་ནང་བ་མིན་ཏེ་ནང་བའི་བསྟན་པ་ལ་འཇུག་པའི་སྒོ་ལྟ་བུ་ཡིན་པས་དེ་ལྟར་ཟེར།

མུ་འགོད།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-12-03 ལྟ་ཀློག (9373)