གྲོགས་པོ་ལགས། ད་ཁྱོད་ཀྱིས་དབུ་སེམས་གཉིས་ལ་དྲང་ངེས་འཇོག་ཚུལ་མི་འདྲ་བ་གཉིས་ཡོད་པ་ཨེ་ཤེས་ཐལ།

 གྲོགས་པོ་ལགས། ད་ཁྱོད་ཀྱིས་དབུ་སེམས་གཉིས་ལ་དྲང་ངེས་འཇོག་ཚུལ་མི་འདྲ་བ་གཉིས་ཡོད་པ་ཨེ་ཤེས་ཐལ།

       བཛྲ་ཚུལ་ཁྲིམས་རྒྱ་མཚོ།
    དང་བོ། གླེང་གཞི། 

  ལོ་འགའི་སྔོན་དུ་ང་རྒྱ་རིགས་གྲོགས་པོ་ནང་བའི་ཆོས་གཞུང་ལ་ཅུང་ཙམ་སྦྱངས་མྱོང་བ་ཞིག་དང་ཐུག་ཅིང་གླེང་མོལ་སྣ་ཚོགས་བྱས་པས། ངའི་སེམས་ལ་ཁོ་ཆོས་ལ་དད་ཅིང་མི་གཤིས་ལེགས་པོ་ཞིག་རེད་ཨང་སྙམ་པའི་སྣང་བ་བྱུང་དུ་བཅུག ཕར་ལྟོས་ཚོད་ལ་ཁོ་ཡང་ངའི་རང་གཤིས་ལ་ཅུང་དགའ་སོང་བ་མིན་ནམ་སྙམ་པ་སྐྱེས། དེའི་ཕྱིར་ངེད་གཉིས་ཀྱི་གླེང་མོལ་ཡང་ཅུང་སྐྱིད་པོ་ཞིག་བྱུང་སོང་། དེ་ནས་ཁོས་ང་ལ་དྲི་བ་སྣ་ཚོགས་ཚོགས་ཤིག་དྲིས། ངས་ཀྱང་རང་གིས་ཤེས་ཚོད་ཅིག་སྦ་གསང་མེད་པར་ལན་དྲང་བོར་བཏབ་པ་ཡིན།

  དེ་ནས་ཁོས་རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་ཚུལ་གྱི་སྐོར་ཞིག་གླེང་ཞིང་། ནང་བ་བ་ཞིག་ཡིན་ཕྱིན་དྲང་ངེས་འབྱེད་ཚུལ་ནི་ངེས་པར་མདོ་སྡེ་དགོངས་འགྲེལ་ཁོ་ན་ལ་བསྟུན་དགོས་སོ་སྙམ་བཞིན་འདུག དེ་ནས་ངས་གཞན་ཅི་ལ་ཡང་བསམ་བློ་མ་བཏང་བར་དོན་ཇི་ལྟར་གནས་པ་དེ་ལྟར་མདོ་སྡེ་དགོངས་འགྲེལ་ཁོ་ན་ལ་བསྟུན་དགོས་དོན་མེད་ཅེས་དྲང་མོར་བཤད་པ་ན། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་གློ་བུར་དུ་ངོ་མདངས་འགྱུར་ནས། ཨཱ། ཁྱོད་ཀྱིས་མདོ་སྡེ་དགོངས་འགྲེལ་ལས་ལྷག་པའི་ངེས་དོན་གྱི་མདོ་ཞིག་འཇོག་འདོད་པ་ཡིན་ནམ་ཞེས་ཁྲོ་ཉམས་དང་བཅས་ཏེ་སྐད་ཤུགས་ཀྱང་ཅུང་ཙམ་ཆེ་རུ་བཏང་ནས་བཤད། ཚུལ་དེ་མཐོང་བས་ངའི་སེམས་ལ་དགའ་སྐྱོ་འདྲེས་མ་ཞིག་ཕན་ཚུན་བསྣོལ་ནས་སྐྱེས་བྱུང་། དགའ་བ་ནི་ཁོ་རང་མདོ་སྡེ་དགོངས་འགྲེལ་ལ་དེ་འདྲའི་དད་པ་དང་ཡིད་ཆེས་བརྟན་པ་མཐོང་བས་ཡིན་ནོ།། འོན་ཀྱང་དད་པ་དང་ཡིད་ཆེས་བརྟན་པོ་དེ་ཕལ་ཆེར་མཁྲེགས་འཛིན་དུ་གྱུར་ནས་རིགས་ལམ་གྱི་དཔྱད་པ་ཐམས་ཅད་རྣར་མི་འགྲོ་བའི་ཚོད་དུ་སླེབས་པས་སྐྱོ་བ་ཞིག་ཀྱང་ངང་ངམ་གྱིས་སྐྱེས་སོང་།
    ངས་ཅུང་ལྷོད་པོའི་ཉམས་དང་བཅས་དབུ་མ་བས་བློ་གྲོས་མི་ཟད་པའི་མདོ་ལ་རྟེན་ནས་དྲེས་ངེས་ཕྱེ་བ་ཡིན་ཞེས་བཤད་ཅིང་། མདོ་གཉིས་ཀྱིས་གསུང་རབ་ལ་དྲང་ངེས་འབྱེད་ཚུལ་མི་འདྲ་ཚུལ་ཡང་ཅུང་བཤད་བསམ་མོད། འོན་ཀྱང་ཁོའི་ཉམས་མཐོང་བས་སྐབས་སུ་བབ་མི་འདུག་སྙམ་ནས་ཕྱིར་ཁོག་ལ་མི་མིད་ག་མེད་བྱུང་མོད། འོན་ཀྱང་དོན་ངོ་མ་དེ་ཁྱོད་ལ་བཤད་འདོད་ཀྱི་བསམ་པ་ནམ་ཡང་ཉམས་པར་མ་གྱུར་ལགས། དེའི་ཕྱིར་ལོ་ངོ་དུ་མ་འདས་ཟིན་པའི་དེ་རིང་ངས་ད་དུང་འདི་ལྟར་དྲི་འདོད་དེ། གྲོགས་པོ་ལགས། ད་ཁྱོད་ཀྱིས་དབུ་སེམས་གཉིས་ལ་དྲང་ངེས་འཇོག་ཚུལ་མི་འདྲ་བ་གཉིས་ཡོད་པ་ཨེ་ཤེས་ཐལ།
                               གཉིས་པ། རྒྱལ་བའི་བཀའ་ལ་དྲང་ངེས་འབྱེད་དགོས་དོན།
   སངས་རྒྱས་ཀྱིས་དང་བོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་ཤིང་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་འབད་པ། མཐའ་མར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་འཁོར་བསྐོར་བ་སོགས་ཐམས་ཅད་གདུལ་བྱ་སེམས་ཅན་གྱི་དོན་བསྒྲུབ་པ་ལས་མ་འདས་པ་ཡིན། བསྒྲུབ་བྱ་སེམས་ཅན་གྱི་དོན་དེ་ཡང་གཉིས་སུ་འདུ་སྟེ། གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་གཉིས་ཉིད་དོ།། དང་བོ་ནི་མངོན་མཐོ་ལྷ་མིའི་གོ་འཕང་སྒྲུབ་བྱེད་ཀྱི་ཐབས་མ་ནོར་བ་ལས་འབྲས་སོགས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་དེ། དེ་དག་རེ་ཞིག་འདིར་མི་འཆད་དོ།། གཉིས་པ་ནི། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བྱ་ཞིང་། དེ་གཉིས་ལས་གང་དོན་དུ་གཉེར་ན་ཡང་ངེས་པར་ཟབ་མོ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་དགོས་པ་ཡིན་ནོ།། འོན་ཀྱང་དེ་ཁོ་ན་ཉིད་ཀྱི་དོན་དེ་ཡང་གདུལ་བྱའི་དབང་གིས་མི་འདྲ་བ་སྣ་ཚོགས་ཤིག་གསུངས་ཡོད་པས་རང་ཅག་ཕལ་བ་རྣམས་ཀྱིས་ནི་ཚེ་ཟད་ཟད་བར་ལ་ཞིབ་འཇུག་བྱས་ཀྱང་དགོངས་དོན་མཐར་ཐུག་པ་དེ་ཤིན་ཏུ་རྙེད་དཀའ་འོ།། དེས་ན་རྣམ་པ་ཀུན་ཏུ་ཡིད་རྟོན་རུང་བའི་སྐྱེས་བུ་དམ་པ་ཞིག་གི་འགྲེལ་བ་ལ་བརྟེན་དགོས་སོ།། དེ་ཡང་རྒྱལ་བ་ཉིད་ཀྱིས་དངོས་སུ་ལུང་བསྟན་པའི་ཤིང་རྟ་ཆེན་པོ་ཐོགས་མེད་དང་ཀླུ་སྒྲུབ་གཉིས་ཁོ་ན་ཚད་མར་གྱུར་བ་ཉིད་དོ།།
   དེས་ན་ང་ཚོས་འདིར་གསལ་བར་ཤེས་དགོས་པ་ཞིག་ལ། རྒྱལ་བའི་བཀའ་ལ་དྲང་ངེས་ཇི་ལྟར་འཇོག་ཚུལ་ལ་སློབ་སྦྱོང་བྱེད་པ་ནི་ཕྱིའི་གོ་རྒྱ་གཅོད་པའི་ཆེད་དུ་ནི་གཏན་མིན་ཏེ། མི་ཚེའི་རིན་ཐང་མཐར་ཐུག་པ་དེ་རྙེད་པའི་ཕྱིར་ཡིན་ནོ།།
              གསུམ་པ། འཕགས་པ་ཐོགས་མེད་ཀྱིས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་རྒྱལ་བའི་བཀའ་ལ་དྲང་ངེས་ཕྱེ་བ་ཡིན།     

  དེ་ཡང་འཕགས་པ་ཐོགས་མེད་ཀྱིས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་ཆོས་ཐམས་ཅད་གཞན་དབང་དང་ཀུན་བཏགས་དང་ཡོངས་གྲུབ་སྟེ་མཚན་ཉིད་གསུམ་གྱི་ནང་དུ་བསྡུས་ནས་བཤད་ཅིང་། མཚན་ཉིད་གསུམ་གྱི་ནང་ནས་ཀྱང་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་། ཀུན་བཏགས་ཀྱི་ཆོས་རྣམས་བདེན་མེད་དུ་བཤད། མདོ་སྡེ་དགོངས་འགྲེལ་ལྟར་ཆོས་འཁོར་རིམ་པ་གསུམ་བསྐོར་བར་འདོད་ཅིང་། བཀའ་དང་བོ་བདེན་བཞིའི་ཆོས་འཁོར་དང་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གཉིས་དྲང་དོན་དང་། མཐའ་མ་ལེགས་ཕྱེའི་ཆོས་འཁོར་ངེས་དོན་དུ་བཞེད་དོ།།
   དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་དུས་སུ། ཁོང་གི་སློབ་མའི་གྲས་ན་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཟེར་བ་ཞིག་ཡོད་ལ། ཁོང་གིས་ཕྱི་རབས་གདུལ་བྱའི་དོན་ལ་དགོངས་ནས་བཅོམ་ལྡན་འདས་ལ་ཞུས་པའི་དོན་མདོར་བསྡུས་ན་འདི་ལྟར། བཅོམ་ལྡན་འདས། ཁྱེད་ཀྱིས་གདུལ་བྱའི་དབང་གིས་ཆོས་མི་འདྲ་བ་མང་བོ་ཞིག་གསུངས་ཡོད་ཅིང་ཕར་ལྟོས་ཚོད་ལ་ཚིག་སྔ་ཕྱི་འགལ་བ་ལྟར་སྣང་ཡང་། བཅོམ་ལྡན་འདས་ཉིད་ཐམས་ཅད་མཁྱེན་པ་ཡིན་པས་འགལ་འདུ་ཅུང་ཟད་ཀྱང་མེད་པ་ནི་གོར་མ་ཆག་མོད། འོན་ཀྱང་ངེད་ཅག་་རྣམས་ནི་ཤེས་རབ་ཞན་པས་དེའི་དོན་ཇི་ལྟར་གོ་དགོས་པ་མི་ཤེས་པས་ཐུགས་བརྩེ་བས་དགོངས་ཏེ་གསུངས་པར་ཞུ་ཞེས་ཞུས་པ་ཡིན་ནོ།།
               བཞི་བ། འཁོར་ལོ་གསུམ་གྱི་དྲང་ངེས་མདོ་སྡེ་དགོངས་འགྲེལ་ལས་ཇི་ལྟར་གསུངས་ཚུལ་ཅུང་ཙམ་བཤད་པ།
   མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་བོར་ཡུལ་ཝ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་བའམ་མིར་གྱུར་བ་སུས་ཀྱང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་ཡང་བླ་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགགས་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་བ་ཉིད་སྨོས་པའི་རྣམ་པས་༼སྐབས་འདིར་རྒྱ་ཡིག་ཏུ་མི་མངོན་པའི་རྣམ་པས་ཞེས་བསྒྱུར་འདུག༽ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་ལས་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགགས་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་བ་མ་ལགས་སོ།། ཞེས་གསུངས་སོ།།

         ལྔ་བ། གོང་གི་མདོའི་དོན་ཅུང་ཟད་བཤད་པ།  

   དེ་ཡང་མདོ་འདི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས། འགྲོ་བ་སེམས་ཅན་གྱི་དོན་དུ་ཆོས་ཀྱི་ཕུང་བོ་བརྒྱད་བཞི་སྟོང་གསུངས་ཡོད། དེ་ཐམས་ཅད་གསུངས་ཚུལ་གྱི་སྒོ་ནས་རིགས་བསྡུས་ན་གསུམ་དུ་འདུ་སྟེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་ཡོད་པར་སྟོན་པའི་རིགས་གཅིག་དང་། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་རིགས་གཅིག་དང་། རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ལེགས་པར་ཕྱེ་ནས་སྟོན་པའི་མདོ་སྡེའི་རིགས་གསུམ་བྱུང་། དེ་ཡང་བསྡུས་ན་ངོ་བོ་ཉིད་ཡོད་མེད་ལེགས་པར་ཕྱེ་མ་ཕྱེ་གཉིས་སུ་འགྱུར་ལ། ཕྱེ་བ་ནི་སྒྲས་ཟིན་སྒྲ་ཇི་བཞིན་པར་ཁས་ལེན་ཆོག་པས་ངེས་དོན་དང་། མ་ཕྱེ་བ་ནི་སྒྲས་ཟིན་སྒྲ་ཇི་བཞིན་པར་ཁས་ལེན་མི་རུང་བས་དྲང་དོན་ཡིན་ཞེས་བཤད་དགོས་པ་ཡིན་ནོ།། དེས་ན་འཁོར་ལོ་དང་བོ་གཉིས་དྲང་དོན་དང་། མཐའ་མ་ལེགས་ཕྱེ་ཉིད་ངེས་དོན་ནོ།།༼རགས་བཤད་ཡིན།༽      

 དྲུག་པ། དགོངས་འགྲེལ་ལས་འཁོར་ལོ་དང་བོ་དེ་ཇི་ལྟར་བསྟན་ཚུལ་ཅུང་ཟད་བཤད་པ། 

  དེ་ཡང་དགོངས་འགྲེལ་ལས་འཁོར་ལོ་གསུམ་བསྟན་ཚུལ་ནི། མདོ་རང་གི་ཚིག་ཟིན་ལ་ཇི་ལྟར་གསལ་བ་ལྟར་ཆོས་འཁོར་སྐོར་བ་བོའམ་གསུངས་པ་བོ། བསྐོར་བའི་དུས་དང་། བསྐོར་སའི་ཡུལ་དང་། བསྐོར་གྱི་གདུལ་བྱ་དང་། བརྗོད་བྱ་གང་ལ་བརྩམས་པ་དང་། ཆོས་འཁོར་གྱི་ཆེ་བ་དང་། དྲང་ངེས་ཀྱི་ཁྱད་པར་ཏེ་ཁྱད་ཆོས་བདུན་བདུན་གྱི་སྒོ་ནས་རིམ་པ་བཞིན་གསུངས་འདུག་པས། རིམ་བཞིན་བཤད་པ་ལ། དང་བོ་འཁོར་ལོ་དང་བོ་བསྟན་ཚུལ་ལ་བདུན་ལས་དང་བོ་ཆོས་འཁོར་སྐོར་བ་བོའམ་གསུངས་བ་བོ་ནི། བཅོམ་ལྡན་འདས་ཡིན་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་གྱིས་ཞེས་གསུངས་པའི་ཕྱིར། བཅོམ་ཞེས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་པའམ། བདུད་བཞི་མ་ལུས་པ་བཅོམ་ཟིན་པ་བསྟན། བདུད་བཞི་ནི། ཕུང་བོའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་རྣམས་སོ།། ལྡན་ཞེས་པས་ལེགས་པ་དྲུག་ལྡན་པར་བསྟན། ལེགས་པ་དྲུག་ནི། དབང་ཕྱུག་དང་གཟུགས་བཟང་དང་དཔལ་དང་གྲགས་པ་དང་ཡེ་ཤེས་དང་བརྩོན་འགྲུས་ཕུན་ཚོགས་དྲུག་གོ། འདས་ཞེས་པ་སྐད་དོད་ལ་མེད་ཀྱང་། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དབང་ཕྱུག་སོགས་ཁྱད་པར་དུ་འཕགས་པར་སྟོན་ཆེད་དམ། འཁོར་འདས་ཀྱི་མཐའ་གཉིས་ལས་རིང་དུ་འདས་པའི་ཡོན་ཏན་དང་ལྡན་པའི་ཁྱད་ཆོས་གསལ་བར་སྟོན་ཕྱིར་བླ་ཐབས་སུ་བསྣན་པ་ཡིན་ནོ།། མདོར་ན་དེ་ནི་སངས་རྒྱས་ཀྱི་མཚན་ཡིན་པས་ཆོས་འཁོར་སྐོར་མཁན་སངས་རྒྱས་ཡིན་པར་བསྟན་ཏོ།།  

  གཉིས་པ་ཆོས་འཁོར་བསྐོར་བའི་དུས་ནི་འཁོར་ལོ་གསུམ་གྱི་དང་བོ་སྟེ་ཐོག་མ་ཡིན་ཏེ། དགོངས་འགྲེལ་ལས། དུས་དང་བོར་ཞེས་གསུངས་པའི་ཕྱིར། གསུམ་པ་ཆོས་འཁོར་དང་བོ་བསྐོར་སའི་ཡུལ་ནི། རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་ཝ་ར་ཎཱ་སིའི་ཉེ་འཁོར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ཞེས་པ་དེ་ཉིད་ཡིན་ཏེ། དགོངས་འགྲེལ་ལས། ཝ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཞེས་གསུངས་པའི་ཕྱིར། དེ་ཡང་ཝཱ་རཱ་ཎ་སི་ཞེས་པའི་དོན་སྔོན་གྱི་བོད་ཡིག་ཡིག་རྙིང་རྣམས་སུ་བཤད་ཚུལ་མང་ཡང་། འདིར་ནི་ངས་གཉིས་ཙམ་བཤད་པར་བྱའོ།། དང་བོ། ཝཱ་རཱ་ཎ་ཕུབ་དང་། ཨ་སཱི་རལ་གྲི་ལ་འཇུག་པས་བསྒྱུར་ན་ཕུབ་རལ་ཅན་ཞེས་པ་སྟེ། སྔོན་ཡུལ་དེར་འཁྲུགས་པ་ཤིན་ཏུ་རྒོད་པས་གོ་མཚོན་རྒྱུན་དུ་བསྟེན་པས་དེ་ལྟར་ཐོགས་པར་བཤད། ཡང་ཆུ་བོ་ཝཱ་རཱ་ཎ་དང་། ཨ་སཱིའི་བར་གྱི་ཡུལ་ཡིན་པས་མཚམས་སྦྱར་བས་ཝཱ་རཱ་ཎ་སཱིར་གྱུར་བར་བཤད་ཅིང་བཀའ་དང་བོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཡུལ་ཡིན་ནོ།། སྔོན་གྱི་ཡིག་ཆ་སོགས་སུ་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ཞེས་པ་དང་དྲང་སྲོང་ལྷུང་བ་རི་དྭགས་བྱིན་པའི་ཚལ་ཞེས་པ་གཉིས་ཀ་བྲིས་འདུག་པས་གཉིས་ཀ་རུང་བར་མངོན། དྲང་སྲོང་སྨྲ་བ་ཞེས་པ་ལྟར་ན། དྲང་སྲོང་མཆོག་སངས་རྒྱས་རྣམས་ཀྱིས་ཆོས་འཁོར་ཐོག་མར་བསྐོར་བའི་གནས་ཡིན་པས་དྲང་སྲོང་སྨྲ་བ་དང་། རི་དྭགས་རུ་རུ་སོགས་རི་དྭགས་མང་བོ་བག་ཡངས་སུ་གནས་ཆོག་པའི་ནགས་ཚལ་ཡིན་པའམ། ཡང་ན་སྔོན་གྱི་གཏམ་རྒྱུད་ལས་བྱུང་བ་ལྟར་ཤ་བ་སྦྲུམ་མའི་དོན་དུ་རི་དྭགས་ཀྱི་རྒྱལ་བོས་རང་སྲོག་བཏང་བར་ཡུལ་དེའི་་རྒྱལ་བོ་སེམས་འགུལ་ཐེབས་ནས་། དེང་ཕྱིན་ཆད་གནས་འདིར་རི་དྭགས་གསོད་མི་ཆོག་ཅེས་བཀའ་གནང་སྟེ། དེ་རྣམས་ལ་མི་འཇིགས་པ་བྱིན་པས་རི་དྭགས་བྱིན་པའི་ནགས་སུ་གྲགས། ཡང་ཆོས་འཁོར་བསྐོར་བའི་ཚེ་རི་དྭགས་ཤ་བ་གསུམ་རྟག་པར་ཆོས་ཉན་དུ་འོངས་པས་རི་དྭགས་ཀྱི་ནགས་ཞེས་བཏགས་པར་བཤད་དོ།།  གཉིས་པ་དྲང་སྲོང་ལྷུང་བ་ཞེས་པ་ནི། བཀོད་པ་ཆེན་པོ་བསྟན་པའི་མདོ་ལས། ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ནམ་ལྷུམས་སུ་འཇུག་པར་དགོངས་པ་ན། ལྷའི་བུ་དག་འཛམ་བུ་གླིང་དུ་བབས་ནས་རང་སངས་རྒྱས་རྣམས་ལ་འཕགས་པ་དག་ཞིང་འདི་ཡོངས་དུ་སྤངས་པའི་རིགས་སོ།། དེ་ཅིའི་ཕྱིར་ཞེ་ན། ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པར་འགྱུར་རོ།། ཞེས་སྨྲས་པ་དང་། དེའི་ཚེ་ཝཱ་རཱ་ཎ་སཱིར་རང་སངས་རྒྱས་ལྔ་བརྒྱས་ལྷའི་བུའི་ཚིག་ཐོས་པས་འདུག་པའི་སྟན་ལས་ལངས་ནས་ནམ་མཁའ་ལ་ཏཱ་ལ་བདུན་ཙམ་དུ་འཕགས་ཏེ། མེས་རང་གི་ཕུང་བོ་བསྲེགས་ནས་ཡོངས་སུ་མྱ་ངན་ལས་འདས་ཀྱི་ཤཱ་རི་རཾ་འབའ་ཞིག་ནམ་མཁའ་ལས་བབས་པས། དེའི་ཕྱིར་གནས་འདི་དྲང་སྲོང་ལྷུང་བའི་ནགས་ཞེས་བྱའོ།། ཞེས་གསུངས། ཡང་དྲང་སྲོང་ལྔ་བརྒྱ་ནམ་མཁའ་ལ་འགྲོ་བ་ན་རྫུ་འཕྲུལ་ཉམས་ཏེ་གནས་འདིར་ལྷུང་བས་དེ་ལྟར་ཐོགས་པར་བཤད་པའང་ཡོད་དོ།། བཞི་བ་ཆོས་འཁོར་བསྐོར་ཡུལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ནི། ཉན་ཐོས་ཀྱི་རིགས་ཅན་བྱེ་མདོ་གཉིས་ཡིན་ཏེ། དགོངས་འགྲེལ་ལས། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་གསུངས་པའི་ཕྱིར། འདི་ནི་པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་དྲང་ངེས་ལེགས་བཤད་སྙིང་བོའི་དགོངས་རྒྱན་ལྟར་བཞག་པ་ཡིན་ནོ།། ཡང་མཁས་པ་ལ་ལས། འཁོར་ལོ་དང་བོའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཉན་ཐོས་ཀྱིས་ཁྱབ་པར་འདོད་ཀྱང་། འདིའི་སྐབས་ཀྱི་ཐེག་པ་དེ་བརྗོད་བྱ་དོན་གྱི་ཐེག་པ་ལ་མི་བྱེད་པར་རྗོད་བྱེད་ཚིག་གི་ཐེག་པ་ལ་བྱ་དགོས་པས། འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཉན་ཐོས་གང་ཟག་ཁོ་ན་འཇོག་མི་དགོས་ལ། ཐེག་པ་ཞེས་པ་བཀའ་དང་བོ་ལ་བྱས་ནས་གང་ཟག་གང་ཞིག་བཀའ་དང་བོའི་དགོངས་པ་རྟོགས་པའི་སྣོད་རུང་དུ་སོང་བ་ན། གང་ཟག་དེ་ཐེག་པ་དེ་ལ་ཡང་དག་པར་ཞུགས་ཟེར་དགོས་པ་ཡིན་ནོ།། དེས་ན་གང་ཟག་དེ་ཉན་རང་གི་ལམ་ལ་ཞུགས་མ་ཞུགས་ཇི་ལྟར་ཡིན་ཡང་། འཁོར་ལོ་དང་བོ་ལ་བརྟེན་ནས་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་རྣམ་གཞག་ཙམ་གོ་ནུས་པར་སོང་བ་ན་དེ་དེའི་ཆེད་དུ་བྱ་བའི་གདུལ་བྱར་འཇོག་པ་ཡིན་ནོ།། ལྔ་བ་བརྗོད་བྱ་། ཆོས་འཁོར་དང་བོའི་བརྗོད་བྱ་ནི་འཕགས་པའི་བདེན་བཞི་ཡིན་ཏེ། དགོངས་འགྲེལ་ལས། འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཞེས་གསུངས་པའི་ཕྱིར། འཕགས་པའི་བདེན་པ་བཞི་ཞེས་པ་ནི། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཞིའོ།། དེ་ཡང་རྒྱལ་ཚབ་རྗེའི་ཀུན་བཏུས་དར་ཊཱིཀ་ལས། སེམས་ཞི་བ་ནི་འགོག་པ་ཡིན་ལ། དེ་བྱེད་པ་ནི་ལམ་བདེན་དང་། སེམས་རྒྱུད་རབ་ཏུ་མ་ཞི་བ་ནི་སྡུག་བསྔལ་བདེན་པ་ཡིན་ལ། དེ་བྱེད་པའི་གཙོ་བོ་ནི་ཉོན་མོངས་སོ།། ཞེས་པ་ལྟར་འདོད་བྱ་བདེ་བ་ནི་སེམས་ཞི་བར་སོང་བ་སྟེ། སེམས་ནང་གི་ཉོན་མོངས་འགགས་པ་དེ་ཉིད་ཡིན་ལ། སེམས་དེ་ཞི་བར་བྱེད་པའི་ཐབས་ནི་ལམ་ཡིན། སེམས་རྒྱུད་རབ་ཏུ་མ་ཞི་བ་དེ་ལ་སྡུག་བསྔལ་ཞེས་བྱ་ཞིང་། དེ་སྡུག་བསྔལ་བར་བྱེད་པ་ལ་ལས་དང་ཉོན་མོངས་གཉིས་ཡོད་ཀྱང་གཙོ་བོ་ནི་ཉོན་མོངས་སོ།། དེས་ན་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ཐེག་དམན་རིགས་ཅན་ལ་བདེ་བ་དང་སྡུག་བསྔལ་རྒྱུ་བཅས་ནི་གཙོ་བོ་རང་གི་སེམས་ཀྱི་སྟེང་ནས་འཇོག་དགོས་པ་ལས། ཕྱི་རོལ་ནས་རྙེད་རྒྱུ་མེད་པའི་རྒྱུ་མཚན་གསུངས་པར་མ་ཟད། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་དེ་ལྟར་དོན་ལའང་གནས་པས་ན་བདེན་པ་ཞེས་བྱ་བ་ཡིན་ནོ།།  དྲུག་པ་ཆོས་འཁོར་གྱི་ཆེ་བ་ནི། བཅོམ་ལྡན་འདས་མ་གཏོགས་གཞན་སུས་ཀྱང་བསྐོར་མི་ནུས་ཏེ། འཇིག་རྟེན་ན་མཐུ་བོ་ཆེར་གྲགས་པའི་ལྷ་ཆེན་པོ་ཚངས་པ་དང་དབང་ཕྱུག་དང་ཁྱབ་འཇུག་སོགས་དང་། མིའི་ནང་ནས་ཀྱང་ཤེས་རབ་ཆེ་བར་རློམ་པ་དགེ་སྦྱོང་དང་བྲམ་ཟེ། ཐ་ན་ཉན་རང་དགྲ་བཅོམ་པ་སོགས་ཀྱིས་ཀྱང་བསྐོར་མི་ནུས་ན། གཞན་སུ་ཞིག་གིས་བསྐོར་ནུས། དེས་ན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་བ་དེ་ནི་ངོ་མཚར་ཞིང་རྨད་དུ་བྱུང་བ་ཞིག་ཡིན་ཏེ། དགོངས་འགྲེལ་ལས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་བའམ་མིར་གྱུར་བ་སུས་ཀྱང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ་ཞེས་གསུངས་པའི་ཕྱིར། མཁས་པ་ལ་ལས། འཇིག་རྟེན་དུ་མ་བསྐོར་བ་གཅིག་བསྐོར་ཞེས་པས་བཀའ་དང་བོར་གསུངས་ཚུལ་བཤད་ཅེས་པ་འཐད་པར་མ་མཐོང་སྟེ། དེ་ནི་འཁོར་ལོ་གཞན་གཉིས་ལའང་སྦྱར་དགོས་པས། སངས་རྒྱས་ཀྱི་སྔ་རོལ་དུ་གཞན་གྱིས་མ་བསྐོར་བ་ལ་གོ་དགོས་ཀྱི། འཁོར་ལོ་གཞན་གཉིས་མ་བསྐོར་གོང་ཙམ་ལ་ངོས་འཛིན་མི་རུང་བར་རྗེ་གུང་ཐང་བསྟན་པའི་སྒྲོན་མེས་གསུངས་པ་ལེགས་པས་སོ།། ངོ་མཚར་དང་རྨད་བྱུང་གི་དོན་ནི། རྒྱན་སྣང་ལྟར་ན་རྒྱུ་ཁྱད་པར་དུ་འཕགས་པས་ངོ་མཚར་བ། འབྲས་བུ་ཁྱད་པར་དུ་འཕགས་པས་རྨད་དུ་བྱུང་བའོ།། གསུངས་ཚུལ་གཞན་ཡང་ཡོད་མོད་ཀྱི། འདི་ཅུང་མི་འདྲ་བ་ཞིག་ཡིན་པས་བཀོད་དོ།། བདུན་པ་དྲང་ངེས་སོགས་ཀྱི་ཁྱད་པར་ནི། འཁོར་ལོ་དང་བོ་ཆོས་ཅན། ཁྱོད་ལ་བླ་ན་མཆིས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་གོང་ན་ངེས་དོན་གྱི་མདོ་གཞན་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་སྐབས་མཆིས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དངོས་བསྟན་ལྟར་ཁས་བླངས་ན་རྒོལ་བ་གཞན་གྱིས་སྐབས་སམ་གླགས་རྙེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་དྲང་དོན་ཡིན་ཏེ། དངོས་བསྟན་གྱི་དོན་སྒྲ་ཇི་བཞིན་པར་ཁས་བླང་དུ་མི་རུང་བར་དོན་གཞན་དུ་དྲང་དགོས་པའི་ཕྱིར། དེ་ཆོས་ཅན། རྩོད་པའི་གཞིའི་གནས་སུ་གྱུར་བ་ཡིན་ཏེ། བརྗོད་བྱའི་དོན་གསལ་བར་མ་ཕྱེ་བས་དོན་ལ་མི་མཐུན་པའི་རྩོད་པ་བྱུང་བའི་ཕྱིར་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་ཡང་བླ་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་ལགས་ཞེས་གསུངས་པའི་ཕྱིར།         

    ༼ ༕༽ འཁོར་ལོ་དང་བོ་དང་འབྲེལ་བའི་དོགས་གཅོད་ཁ་ཤས། 

   ༼༡༽ འཁོར་ལོ་དང་བོ་ཡིན་ན་དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་ཡིན་པས་མ་ཁྱབ། ༼༢༽འཁོར་ལོ་དང་བོ་ལ་གང་ཟག་གི་བདག་མེད་དངོས་སུ་སྟོན་པའི་མདོས་མ་ཁྱབ། ༼༣༽དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་དང་བོ་ལ་བདེན་བཞི་དངོས་སུ་སྟོན་པའི་མདོས་མ་ཁྱབ། ༼༤༽འདུལ་བའི་བསླབ་བྱ་ཙམ་དངོས་སུ་སྟོན་པའི་འཁོར་ལོ་དང་བོ་ཡང་ཡོད། ༼༥༽ཕྱི་དོན་ཡོད་པར་དངོས་སུ་སྟོན་པའི་འཁོར་ལོ་དང་བོ་ཡང་ཡོད། ༼༦༽བདེན་བཞིའི་ཆོས་འཁོར་དང་བརྗོད་བྱ་སྟོན་ཚུལ་མཐུན་པའི་ཐེག་དམན་གྱི་མདོ་དེ་འཁོར་ལོ་དང་བོའི་མཚན་ཉིད། ༼༧༽བདེན་བཞིའི་ཆོས་འཁོར་འཁོར་དང་བོ་དངོས་དང་། དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་སྒོ་ནས་འདུལ་བ་ལུང་སྡེ་བཞི། མདོ་དྲན་པ་ཉེར་བཞག རྒྱ་ཆེར་རོལ་བའི་མདོ། མདོ་ལས་བརྒྱ་བ། རྟོགས་བརྗོད་བརྒྱ་བ་སོགས་ཀྱང་འཁོར་ལོ་དང་བོ་ལ་འཇོག འདི་ནི་ཕྱོགས་མཚོན་ཡིན་གྱི། ཕྲ་ཞིང་ཞིབ་པར་ཤེས་འདོད་ན་གཞུང་ཆེན་རྣམས་ལ་ཐོས་བསམ་བྱེད་དགོས་སོ།། གལ་ཏེ་འདི་དག་ནི་བཤད་ཆོས་ཙམ་ཡིན་པས་ཉམས་ལེན་ལ་མི་མཁོ་སྙམ་ན་ནི་རང་ཉིད་བླུན་པོ་ཡིན་པར་སྟོན་པ་ཡིན་ཏེ། སངས་རྒྱས་ཀྱི་བཀའི་ནང་ན་ཐར་ལམ་ལ་མི་མཁོ་བ་ནི་གཅིག་ཀྱང་མེད་པའི་ཕྱིར་རོ།།    

 སྤྱིའི་ས་བཅད་བདུན་པ། དགོངས་འགྲེལ་ལས་འཁོར་ལོ་བར་བ་བསྟན་ཚུལ་གྱི་ཚིག་དོན་ཅུང་ཟད་བཤད་པ།   

  དེ་ལ་ཡང་ཆོས་འཁོར་སྐོར་བ་བོ། བསྐོར་བའི་དུས། བསྐོར་སའི་ཡུལ། བསྐོར་ཡུལ་གྱི་གདུལ་བྱ། བརྗོད་བྱ་གང་ལ་བརྩམས་ཚུལ། ཆོས་འཁོར་གྱི་ཆེ་བ། དྲང་ངེས་ཀྱི་ཁྱད་པར་དང་བདུན་ལས། དང་བོ་སྐོར་བ་བོ་ནི་འཁོར་ལོ་དང་བོ་དང་འདྲ་བར་སངས་རྒྱས་བཅོམ་ལྡན་འདས་ཉིད་དོ།། གཉིས་པ་བསྐོར་བའི་དུས་ནི་མི་འདྲ་སྟེ། འཁོར་ལོ་དང་བོ་བསྐོར་བའི་རྗེས་ཏེ་དུས་གཉིས་པ་ཡིན་པའི་ཕྱིར་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་ཀྱིས་ཞེས་པ་ནས་ཆོས་ཀྱི་འཁོར་ལོ་གཉིས་པ་ཞེས་གསུངས་པས་སོ།། འོན་ཀྱང་ཆོས་གྲྭའི་སྐབས་ལྟ་བུ་ཡིན་ན་ད་དུང་ཞིབ་ཆ་བྱེད་རྒྱུ་ཡོད་སྙམ། གསུམ་པ་བསྐོར་སའི་ཡུལ་ཡང་མི་འདྲ་སྟེ། འདི་བསྐོར་སའི་ཡུལ་གང་ཡིན་མདོ་འདིའི་ཚིག་ཟིན་ལ་དངོས་སུ་གསལ་བར་གསུངས་མེད་ཀྱང་། བྱ་རྒོད་ཕུང་བོ་རི་ཡིན་པ་གཞན་ལས་གསུངས་པ་བཞིན་ཀུན་ལ་རླུང་ལྟར་གྲགས་པའི་ཕྱིར། བྱ་རྒོད་ཕུང་བོའི་རི་ཞེས་པའི་མིང་འདི་ལ་བཤད་ཚུལ་སྣ་ཚོགས་ཡོད་དེ། ས་ལུ་ལྗང་བའི་མདོ་ལས། བྲག་བྱ་རྒོད་ཀྱི་དབྱིབས་ལྟ་བུར་ཡོད་པས་དེ་ལྟར་བཏགས་པར་གསུངས་ལ། ལོ་རྒྱུས་ལ་ལར་བཅོམ་ལྡན་འདས་ཀྱིས་ཤེར་མདོ་གསུངས་པའི་ཚེ། ཞིང་གཞན་ནས་བྱང་སེམས་མང་བོ་བྱ་རྒོད་ཀྱི་གཟུགས་སུ་སྤྲུལ་ཏེ་གནས་དེར་ཆོས་ཉན་པར་འོངས་པས་དེ་ལྟར་བཏགས་པར་གསུངས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ་ཆེར་འགྲེལ་བམ་པོ་སུམ་བརྒྱ་བ་རིག་འཛིན་ཀུ་མཱ་ར་ཤྲཱིའི་རྒྱ་ཡིག་གི་འགྱུར་ལས་ནི་རིའི་རྩེ་མོ་བྱ་རྒོད་དང་འདྲ་ཞིང་རི་དེར་བྱ་རྒོད་མང་བོ་གནས་པས་དེ་ལྟར་བཏགས་པར་བཤད་དོ།། རི་འདིའི་མིང་ལ་ལེགས་སྦྱར་སྐད་དུ། གྲི་དྷ་ཀུ་ཊ་ཟེར་ཞིང་། གནའ་བོའི་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་བོའི་ཁབ་ཀྱི་བྱང་ཤར་གྱི་ངོས་ལ་ཡོད་དོ།། བཞི་བ་འཁོར་ལོ་བར་བའི་ཆེད་དུ་བྱ་བའི་གདུལ་བྱ་ནི་ཐེག་པ་ཆེན་པོ་དབང་བོ་རྣོན་པོའི་རིགས་ཅན་རྣམས་ཡིན་ཏེ། དགོངས་འགྲེལ་ལས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་་པ་རྣམས་ལ་ཞེས་གསུངས་པའི་ཕྱིར། ཐེག་པ་ཆེན་པོའི་རིགས་ཅན་ཡིན་པ་ནི་མདོའི་ཚིག་ཟིན་ལ་གསལ་ཡང། དབང་རྣོན་ཡིན་པ་ཅི་ལས་ཤེས་ཞེ་ན། དབང་རྣོན་་ཡིན་པ་ཤེས་ནུས་ཏེ། འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེས་འཁོར་ལོ་ཐ་མ་ལ་མ་བརྟེན་པར་བར་བའི་དགོངས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་གོ་ནུས་པའི་ཕྱིར།  ལྔ་བ་བརྗོད་བྱ་གང་ལ་བརྩམས་ཚུལ་ནི། དེ་ཡང་འཁོར་ལོ་བར་བ་ལ་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་འདོགས་ལ། དེའི་རྒྱུ་མཚན་ཡང་གཙོ་བོར་བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་བཏགས་པ་ཡིན་ཏེ། འཁོར་ལོ་བར་བའི་གཙོ་བོ་ཤེར་ཕྱིན་གྱི་མདོ་ལྟ་བུ་ཡིན་ལ། དེའི་ཚིག་ཟིན་ལ་ཆོས་རྣམས་ཀྱི་ངོ་བོ་དང་སྐྱེ་འགག་སོགས་མ་མཆིས་པར་གསུངས་པའི་ཕྱིར་ཏེ། དགོངས་འགྲེལ་ལས། ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཞེས་གསུངས་པའི་ཕྱིར། འདིའི་སྐབས་ཀྱི་མདོ་དགོངས་བོད་འགྱུར་དུ། སྟོང་བ་ཉིད་སྨོས་པའི་རྣམ་པས་ཞེས་ཡོད་ལ། དེའི་དོན་ཡང་འགྲེལ་པ་ལ་ལར་འཁོར་ལོ་བར་བར་གཙོ་བོར་ཆོས་ཀྱི་བདག་མེད་བསྟན་པའི་དོན་ཡིན་ཞེས་བཤད་མོད། འོན་ཀྱང་རྗེ་བདག་ཉིད་ཆེན་པོས་རྒྱ་ནག་འགྲེལ་ཆེན་ལས་མི་མངོན་པའི་རྣམ་པས་ཞེས་བསྒྱུར་བ་དེ་ཉིད་ལེགས་པར་གསུངས་ལ། དེའི་དོན་ཡང་ཡོད་པ་མཁྱུད་པའམ་སྦས་པ་ལ་གོ་དགོས་པར་གསུངས་སོ།། དྲུག་པ་ཆེ་བ་ནི། གཞན་སུས་ཀྱང་རང་དབང་དུ་སྟོན་མི་ནུས་པའི་བརྗོད་བྱ་ཟབ་མོ་སྟོང་བ་ཉིད་དངོས་སུ་སྟོན་པས་ཆེས་ངོ་མཚར་རྨད་དུ་བྱུང་བ་བ་ཡིན་ཏེ། དགོངས་འགྲེལ་ལས། ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ་ཞེས་གསུངས་པའི་ཕྱིར། བདུན་པ་དྲང་ངེས་སོགས་ཀྱི་ཁྱད་པར་ནི། དེ་ལྟར་ཆེས་ངོ་མཚར་རྨད་དུ་བྱུང་བ་ཡིན་མོད། འོན་ཀྱང་དེའི་གོང་ན་ངེས་དོན་གཞན་ཡོད་པས་བླ་ན་མཆིས་པ་དང་། ཚིག་ཟིན་ལྟར་ཁས་བླངས་ན་རྒོལ་བ་གཞན་གྱིས་སྐྱོན་གཏོང་བའི་སྐབས་མཆིས་པས་སྐབས་ཡོད་པ་དང་། སྒྲས་ཟིན་གཞན་དུ་དྲང་དགོས་པས་དྲངདོན་དང་། དོན་འདི་ལྟར་ཡིན་ཞེས་སྟོན་པས་གསལ་བར་མ་ཕྱེ་བས་དོན་ལ་མི་མཐུན་པར་རྩོད་པ་ཡོད་པས་རྩོད་པའི་གཞིའི་གནས་སུ་གྱུར་བ་ཡིན་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་ལགས་ཞེས་གསུངས་པའི་ཕྱིར།

  མདོར་དྲིལ་ན། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ལ་གཤམ་གྱི་ཁྱད་ཆོས་འདི་དག་ཚང་དགོས་ཏེ། དང་བོ། བརྗོད་བྱ་སྟོན་ཚུལ་ཡུམ་འབུམ་པ་དང་མཐུན་པའི་མདོའི་རིགས་ཡིན་པ། གཉིས་པ། བདེན་པར་མེད་ཚུལ་རྒྱ་ཆེར་སྟོན་པའི་མདོའི་རིགས་ཡིན་པ། གསུམ་པ། ཐེག་ཆེན་གྱི་མདོར་གྱུར་བའི་ཆོས་འཁོར་གཉིས་པ་ཡིན་པའོ།། ཡུམ་འབུམ་པ། ཉི་ཁྲི་ལྔ་སྟོང་བ། ཁྲི་བརྒྱད་སྟོང་བ། ཤེས་རབ་ཁྲི་བ། བརྒྱད་སྟོང་བ་རྣམས་འཁོར་ལོ་བར་བ་དངོས་དང་། མདོ་ཏིང་ངེ་འཛིན་རྒྱལ་བོ། རྡོ་རྗེ་གཅོད་པ། སངས་རྒྱས་ཕལ་བོ་ཆེ་སོགས་ནི་དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་མདོའོ།། ཅིའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ་ཆེར་འགྲེལ་རྒྱ་འགྱུར་མ་བམ་པོ་ཉེར་ལྔ་བ་ལས། འཁོར་བསྒྱུར་གྱི་ཕྱག་གི་འཁོར་ལོ་རིན་པོ་ཆེ་ནི་བར་སྣང་ལ་ཐོགས་པ་མེད་ལ། སངས་རྒྱས་ཀྱིས་བསྐོར་བའི་ཆོས་འཁོར་ཡང་འཇིག་རྟེན་ཐམས་ཅད་དེ། ལྷ་དང་མིའི་ནང་ལ་ཐོགས་པ་དང་སྒྲིབ་པ་མེད་དོ་ཞེས་གསུངས་པ་ལྟར་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱང་འཁོར་བསྒྱུར་གྱི་འཁོར་ལོ་རིན་པོ་ཆེ་དང་མཚུངས་པས་ན་ཆོས་ཀྱི་འཁོར་ལོ་ཞེས་བརྗོད་དོ།། ཇི་ལྟར་མཚུངས་ཞེ་ན། འཁོར་ལོ་རིན་པོ་ཆེས་རི་དང་བྲག་ལ་སོགས་པ་མ་ལུས་པ་ལྷག་མེད་དུ་གཞོམ་ནུས་པ་ལྟར་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་གཞོམ་ནུས་ཤིང་། འཁོར་ལོ་རིན་པོ་ཆེ་བར་སྣང་ལ་ཐོགས་མེད་དུ་བགྲོད་པ་ལྟར་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱང་གཅིག་ནས་གཅིག་ཏུ་བརྒྱུད་པ་སོགས་ཀྱིས་འཁོར་ལོ་དང་ཆོས་མཐུན་སྦྱར་བ་ཡིན་ཏེ། གོང་གི་གཞུང་དེའི་བམ་པོ་ཉེར་གཉིས་པ་ལས། སངས་རྒྱས་ཀྱི་ཆོས་འཁོར་ནི་འཁོར་བསྒྱུར་གྱི་འཁོར་ལོ་དག་དང་འདྲ་སྟེ་ཞེས་པ་ནས་ཕྱག་གི་འཁོར་ལོ་རིན་པོ་ཆེ་ནི་བར་སྣང་ལ་ཐོགས་པ་མེད་ཅིང་། སངས་རྒྱས་ཀྱི་ཆོས་འཁོར་ནི་འཇིག་རྟེན་ཐམས་ཅད་དེ། ལྷ་དང་མིའི་གནས་སུ་ཐོགས་པ་དང་སྒྲིབ་པ་མེད་དོ་ཞེས་པ་ནས། ཆོས་ཀྱི་འཁོར་ལོ་དང་འཕྲད་ན་ལག་པར་རྟོག་པ་ཐམས་ཅད་དང་། སོམ་ཉི་དང་འགྱོད་པ་དང་གནོད་ཅིང་འཚེ་བ་ཐམས་ཅད་སེལ་བར་བྱེད་དོ།། ཞེས་གསུངས་པའི་ཕྱིར།       

  ༕འཁོར་ལོ་བར་བ་དང་འབྲེལ་བའི་དོགས་གཅོད་ཁ་ཤས།

   ༼༡༽སྟོན་པས་ཤེར་མདོ་ཐོག་མར་གསུངས་པའི་གནས་གཙོ་བོ་བྱ་རྒོད་ཕུང་བོའི་རི་ཡིན་ཡང་། དེ་ལ་བྱ་རྒོད་ཕུང་བོ་རི་ཁོ་ནས་མ་ཁྱབ་སྟེ། དུས་འཁོར་ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། བྱ་རྒོད་ཕུང་བོའི་རི་ལ་སོགས་པ་གནས་གཞན་དང་གཞན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྟོན་པ་དང་ཞེས་གསུངས་པའི་ཕྱིར། ༼༢༽ཤེར་མདོ་གསུངས་ཡུལ་གྱི་གདུལ་བྱ་ཡིན་ན་ཐེག་ཆེན་གང་ཟག་ཁོ་ན་ཡིན་པས་མ་ཁྱབ་སྟེ། ཀུན་དགའ་བོ་དེ་དེའི་གདུལ་བྱ་ཡིན་ཡང་སྐབས་དེར་རྒྱུན་ཞུགས་ཙམ་ཡིན་པར་གསུངས་པའི་ཕྱིར། ༼༣༽སྟོན་པ་སངས་རྒྱས་ཚུལ་བསྟན་ནས་ལོ་དགུའི་བར་དུ་བདེན་བཞིའི་ཆོས་འཁོར་ཁོ་ན་དང་། དེ་རྗེས་ལོ་ཉེར་གཅིག་གི་བར་དུ་མཚན་ཉིད་མེད་པའི་ཆོས་འཁོར་ཁོ་ན་དང་། དེ་རྗེས་ལོ་དགུའི་བར་དུ་ལེགས་ཕྱེའི་ཆོས་འཁོར་ཁོ་ན་བསྐོར་བ་ཡིན་འདོད་པའི་མཁས་པ་འགའ་རེ་ཡོད་ཀྱང་། དེ་ལ་མཁས་པ་ལ་ལས། སྟོན་པ་སངས་རྒྱས་ཚུལ་བསྟན་པའི་ཕྱི་ལོ་དེར་དུས་འཁོར་རྩ་རྒྱུད་གསུངས་པ་དང་མཉམ་དུ་ཤེར་མདོ་གསུངས་པས་མི་འཐད་ཅེས་སྐྱོན་གཏོང་ངོ་།། ༼༤༽བཅོམ་ལྡན་འདས་ཀྱིས་དུས་གཉིས་པར་གསུངས་པའི་མདོ་ཡིན་ན། དགོངས་འགྲེལ་ལས་བཤད་པའི་མཚན་ཉིད་མེད་པའི་ཆོས་འཁོར་ཡིན་པས་ཁྱབ་པ་མེད་དེ། བཅོམ་ལྡན་འདས་ཀྱིས་དུས་གཉིས་པར་གསུངས་པའི་འདུལ་བའི་བསླབ་བྱ་ཙམ་སྟོན་པའི་མདོ་ཡང་ཡོད་པའི་ཕྱིར། ༼༥༽ཡང་ལ་ལས། ཀུན་དགའ་བོ་ཤེར་མདོ་གསུངས་ཡུལ་གྱི་གདུལ་བྱ་ཡིན་ན། སྟོན་པས་་ཤེར་མདོ་གསུངས་དུས་ཀུན་དགའ་བོ་དེའི་འཁོར་དུ་ཡོད་དགོས་ལ། འོན་ཀྱང་ཀུན་དགའ་བོ་ནི་སྟོན་པ་སངས་རྒྱས་ཚུལ་བསྟན་པའི་ལོ་དེར་གསར་དུ་འཁྲུངས་པར་བཤད། གལ་ཏེ་དེ་ལྟར་ཡིན་ན། སྟོན་པ་སངས་རྒྱས་པའི་ཕྱི་ལོར་ཤེར་མདོ་གསུངས་པར་བཤད་པས། དེ་དུས་ཀུན་དགའ་བོ་ལོ་གཅིག་ཙམ་ལས་མ་ལོན་པའི་བྱིས་པ་ཞིག་ཡིན་པར་གོར་མ་ཆག ཡང་ཤེར་མདོ་གསུངས་དུས་ཀུན་དགའ་བོས་རྒྱུན་ཞུགས་ཐོབ་པར་བཤད། འོན་ཀྱང་དེའདྲའི་ལོ་གཅིག་ཅན་གྱི་བྱིས་པ་དེ་ཤེར་མདོ་གསུངས་ཡུལ་གྱི་གདུལ་བྱ་དང་རྒྱུན་ཞུགས་སུ་གྱུར་བ་ཤིན་ཏུ་བཤད་དཀའ་བར་མ་ཟད། ཀུན་དགའ་བོ་རབ་ཏུ་བྱུང་དུས་ཀྱང་སྟོན་པ་སངས་རྒྱས་ཚུལ་བསྟན་ནས་ལོ་དྲུག་ཙམ་གྱི་རྗེས་ཡིན་པར་བཤད་པས། དེས་ན་བཤད་ཚུལ་དེ་རྣམས་ནང་འགལ་ཁོ་ནར་གནས་པ་ལྟ་བུར་སྣང་བས། དོགས་པ་འདི་དག་ཇི་ལྟར་སེལ་ཟེར་ན། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས། ཀུན་དགའ་བོ་ཐོག་མར་ཤེར་མདོ་གསུངས་པའི་འཁོར་དུ་མེད་ཀྱང་ཕྱིས་སུ་ཤེར་མདོ་གསུངས་པའི་འཁོར་དུ་ཡོད་པས་འགལ་བ་མེད་ཅེས་པའི་ཚིག་གཅིག་པོ་དེས་དོགས་པ་དེ་དག་ཡོངས་སུ་སེལ་ལོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-11-25 ལྟ་ཀློག (6717)