རྗེས་དྲན་དད་པའི་རང་མདངས།

རྗེས་དྲན་དད་པའི་རང་མདངས།
རྭ་རྒྱ་འཇིགས་མེད་རྒྱལ་མཚན།
ཤར་ཙོང་ལ་རིང་མོའི་ལྷོ་རྒྱུད་ཀྱི། །
རི་མཐོན་པོ་བ་ཡན་ཕྱུག་མོའི་མདུན། །
སྡེ་ཆེན་པོ་རི་རྒན་གཡང་ཁྱིམ་དུ། །
ཕ་བླ་མ་ཡེ་ཤེས་མཚན་ཅན་འཁྲུངས། །
སྔོན་ཐུགས་བསྐྱེད་ཟབ་མོའི་འབྲས་སྨིན་ཏེ། །
བྱང་བཀྲ་ཤིས་གཡས་སུ་འཁྱིལ་བའི་སྡེར། །
གྲོགས་དམ་པ་གུང་ཐང་འཇམ་དབྱངས་ལྷན། །
བཀའ་སྡེ་སྣོད་གསུམ་ལ་འཆད་ཉན་མཛད། །
གཞུང་དཀའ་གནད་ཟབ་མོར་སྒྲོ་འདོགས་བཅད། །
ལམ་ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་འཁྲུངས། །
ཆོས་རྟེན་འབྲེལ་ཟབ་མོ་ཁོང་དུ་ཆུད། །
ཕ་བླ་མའི་ཡོན་ཏན་བསམ་མི་ཁྱབ། །
སྔོན་རིག་གསར་ཁྲིམས་ཁ་བཙན་པའི་དུས། །
མ་རྒན་མོ་དད་པས་ཕྱུག་པ་ཡིས། །
ཆོས་པོ་ཏི་ལྐོག་ནས་ཕུལ་བའི་ཚེ། །
རྗེ་བླ་མའི་ལུང་བསྟན་ཐུགས་ལ་ཤར། །
རྒྱུད་ཟབ་མོ་ཡན་ལག་བརྒྱད་ཀྱི་དོན། །
དུས་ཐུང་ངུར་ལྷག་མེད་ཐུགས་སུ་ཆུད། །
ལུས་ན་ཟུག་དྲག་པོས་མནར་བའི་མིར། །
སྨན་བདུད་རྩི་རིལ་བུས་ངལ་གསོ་སྦྱིན། །
ཆོས་བསྟན་པ་ཡང་དར་བྱུང་བའི་དུས། །
ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། །
ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས། །
ཡུལ་མདོ་སྨད་བསྟན་པ་རྨང་ནས་བསྐྱངས། །
བཀའ་གཞུང་ལུགས་རྒྱ་མཚོའི་དཀའ་བའི་གནད། །
གསུང་ཡན་ལག་གཅིག་གིས་བཀྲོལ་མཁས་པ། །
ཕ་བླ་མའི་མཛད་རྣམ་རིན་ཆེན་མཛོད། །
ཕྲན་ཆུ་བུར་མིག་གིས་ཇི་ལྟར་མཐོང་། །
མཚན་བརྗོད་པར་དཀའ་བའི་དྲིན་ཅན་རྗེ། །
ཕ་བླ་མ་ཡེ་ཤེས་རྒྱ་མཚོ་ཡི། །
དྲིན་བསམ་གྱིན་བསམ་གྱིན་མིག་ཆུ་འཐོར། །
རྗེ་བླ་མས་ཐུགས་རྗེ་སླར་ཡང་སྩོལ། །
ཕྲན་བླང་དོར་ཅུང་ཙམ་ཤེས་པ་འདི། །
རྗེ་བླ་མ་ཉིད་ཀྱི་དྲིན་ཡིན་པས། །
དུས་ད་ནས་བྱང་ཆུབ་མ་ཐོབ་བར། །
སྐྱབས་གཞན་དུ་མི་འཚོལ་ཐུགས་རྗེས་གཟིགས། །
ཆོས་མི་རྟག་དོན་ལ་བསྐུལ་བའི་ཆེད། །
སྐུ་མི་རྟག་ཞིག་ཚུལ་བསྟན་ཡང་། །
ཐུགས་མི་འགྱུར་ཡེ་ཤེས་རང་བཞིན་ལ། །
ཚེ་སྔོན་མའི་རྟོགས་པ་རང་ཤར་བྱུང་། །
ཆུང་ལོ་བཞི་སོན་པའི་དུས་ཀྱི་ཚེ། །
ཀློག་སློབ་པའི་གོ་སྐབས་མ་བྱུང་ཡང་། །
སྔགས་ཐང་ཡིག་གང་ཡིན་ཐག་ཐོགས་མེད། །
ཆོས་འཇམ་དཔལ་མཚན་བརྗོད་བློ་ནས་སྐྱོར། །
ཆུང་ལོ་ལྔའི་སྟེང་ནས་སློབ་གླིང་འགྲིམས། །
ལོ་དྲུག་ལ་སྦྱང་བརྩོན་བྱས་པའི་མཐུས། །
ཡུལ་ཤེས་རིག་ནོར་བུའི་སློབ་གླིང་གི །
ཆུང་བྱིས་པའི་མཐར་ཕྱིན་དང་བོར་གྱུར། །
མཐར་ཕྱིན་པའི་རྩོམ་རིག་འབྲས་རྟགས་སུ། །
ལམ་བྱང་ཆུབ་སེམས་ལ་བརྩོན་ཐབས་དང་། །
སྔོན་བོད་མིའི་སྲིད་དོན་ལོ་རྒྱུས་གཉིས། །
ཚིག་གོ་སླས་བརྩམས་པ་ངོ་མཚར་རྨད། །
དེང་སྔོན་སྨོན་ལས་ཀྱི་མཐུ་གྲུབ་ནས། །
བྱང་ཉི་མ་བླ་བྲང་ཆོས་སྡེ་ཡི། །
མགོན་དགེ་བའི་དཔལ་དང་ལྡན་པ་ཡི། །
བཤེས་རྒྱ་མཚོའི་ནོར་བུ་འདོད་འཇོ་ལ། །
ལས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན། །
རྗེ་བླ་མ་ཡབ་སྲས་ཞལ་མཇལ་ནས། །
ཐུགས་བརྩེ་བའི་གསུང་གླེང་མཛད་པའི་ཚེ། །
སྔོན་བཀའ་གདམས་བླ་མའི་རྣམ་ཐར་དྲན། །
ཡིད་དད་པའི་སྤུ་ལོང་ལྷག་པར་གཡོས། །
འགོ་དགེ་བའི་བཤེས་གཉེན་བསྟེན་པ་ནས། །
ལས་ཅི་བྱས་ཡིད་བཞིན་འགྲུབ་པ་འདི། །
ཆོས་ཟབ་མོ་ཡོང་བའི་རྟགས་ཡིན་པས། །
དུས་ད་ནས་བར་ཆད་མེད་པར་མཛོད། །
ལས་ཅི་བྱེད་བླ་མའི་གསུང་ལ་ཉོན། །
ཆོས་གང་ཤེས་སེམས་ཀྱི་སྟེང་ལ་སྦྱོར། །
དུས་རྒྱུན་དུ་རང་གི་སེམས་ལ་རྟོག །
སེམས་བསམ་པ་དགེ་བའི་ཕྱོགས་སུ་སྒྱུར། །
གྲོགས་དམ་པ་དཔག་བསམ་ལྗོན་དང་མཚུངས། །
གྲོགས་ངན་པ་དུག་གི་སྡོང་བོ་ཡིན། །
གྲོགས་བཟང་ངན་སུ་དང་འཕྲད་ན་ཡང་། །
ཆོས་ཟབ་མོ་འགྲུབ་པའི་གྲོགས་སུ་སྒྱུར། །
ཡུལ་འཁོར་བའི་གནས་ནས་ངེས་འབྱུང་དང་། །
བྱམས་སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས། །
ཆོས་རྟེན་འབྲེལ་རྟོགས་པའི་ཤེས་རབ་གསུམ། །
ལམ་སངས་རྒྱས་སྒྲུབ་པའི་རྩ་བར་གསུངས། །
སྐུ་མཚན་དཔེ་འབར་བའི་བཀྲ་ཤིས་དང་། །
གསུང་ཡན་ལག་དྲུག་ཅུའི་འཇའ་ཚོན་བཀྲ། །
ཐུགས་མཁྱེན་བརྩེའི་རི་མོ་མངོན་པར་མཛེས། །
རྗེ་ཡབ་སྲས་ཞབས་པད་རྟག་བརྟན་ཤོག །
ཅེས་པ་འདི་ནི་རང་རེའི་སློབ་གླིང་གི་སློབ་མ་ཁྱད་པར་ཅན་བློ་བཟང་འཇིགས་མེད་ཡེ་ཤེས་ལགས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དཔལ་ལྡན་རྒྱ་མཚོའི་མདུན་དུ་སློབ་གཉེར་ལ་བསྐྱལ་ནས་ཕྱིར་ཟི་ལང་དུ་ཡོང་བའི་ལམ་སྐབས་སུ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་སེམས་དགའ་སྐྱོ་དད་གསུམ་གྱི་ངང་ནས་བྲིས་པ་དགེ་གྱུར་ཅིག །།།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-11-23 ལྟ་ཀློག (3914)