དགེ་བའི་བཤེས་གཉེན་བསྟེན་ཚུལ་གལ་ཆེ་ཚུལ་བཤད་པ་བློ་གསལ་མགུལ་རྒྱན་བཞུགས་སོ།།

དགེ་བའི་བཤེས་གཉེན་བསྟེན་ཚུལ་གལ་ཆེ་ཚུལ་བཤད་པ་བློ་གསལ་མགུལ་རྒྱན་བཞུགས་སོ། །

ཤེས་རབ་བསྟན་དར།

                                          

  བླ་མ་ལ་སྐྱབས་སུ་མཆིའོ། །དེ་ཡང་འདིར་ཡོན་ཏན་ཀུན་གྱི་གཞིར་གྱུར་བའི་དྲིན་ཆེན་བླ་མ་བསྟེན་པའི་ཚུལ་མདོ་རྒྱུད་བསྟན་བཅོས་ལས་གནད་ཆེ་བ་འགའ་བཏུས་ཏེ་བརྗོད་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་དང་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དང་། ས་དང་བཟོད་པ་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་དང་གཟུངས་དང་སྤོབས་པ་དང་བསྔོ་བ་དང་སྨོན་ལམ་དང་སངས་རྒྱས་ཀྱང་ཆོས་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་ནི་བླ་མ་ལ་རག་ལས། བླ་མ་རྩ་བར་གྱུར་བླ་མ་ལས་བྱུང་བླ་མ་སྐྱེ་གནས་དང་སྐྱེ་མཆེད་དུ་གྱུར་བླ་མས་བསྐྱེད་བླ་མས་སྤེལ་བླ་མ་ལ་བརྟེན་བླ་མ་རྒྱུར་གྱུར་པ་དག་གོ། ། ཞེས་གསུངས་སོ། །

  བརྒྱད་སྟོང་བ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་བོ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི། ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་བོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ་བརྟེན་པར་བྱ་བསྙེན་བཀུར་བྱའོ། །ཞེས་དང་། ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དང་བོ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ་གུས་པར་བྱ་བསྙེན་བཀུར་བྱའོ། །ཞེས་གསུངས། བླ་མ་ལྔ་བཅུ་བ་ལས་ཀྱང་དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། ། རྡོ་རྗེ་འཛིན་པ་ཉིད་གསུང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་དང་། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས་ཀྱང་། སློབ་མ་བཟང་བོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བརྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་བྱུང་། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང་། །ཞེས་གསུངས། ཇོ་བོའི་ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བ་ལ། ཁྱེད་བོད་བླ་མ་ལ་ཐ་མལ་བའི་འདུ་ཤེས་ལས་མེད་ག་ན་སྐྱེ། ཞེས་གསུངས། ཇོ་བོ་རྗེ་ཉིད་ཀྱང་བླ་མའི་རྣལ་འབྱོར་ཐུགས་དམ་གྱི་སྙིང་བོར་མཛད། རྒྱ་བོད་ཐམས་ཅད་དུ་འཕྲིན་ལས་ཀྱི་ཁྱབ་གདལ་ཆེ་བའང་དེའི་མཐུ་ཡིན་པར་གསུངས་ཏེ། ཁོ་བོ་ལ་ཡོན་ཏན་དུ་བྱ་བ་སེམས་བཟང་བོ་སྦྲིག་ཙམ་ཞིག་ཡོད། འདི་གསེར་གླིང་བའི་བཀའ་དྲིན་ཡིན། ཞེས་གསུངས་ཤིང་། ཇོ་བོའི་གདམས་ངག་ཐམས་ཅད་ཀྱི་རྩ་བ་ལམ་སྒྲོན་དུ། བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཡང་དག་ཐབས་ནི་བཤད་པར་བྱ། །ཞེས་སོགས་ཡོན་ཏན་ཕྲ་མོ་ཞིག་ཚུན་ཆད་བླ་མ་ཁོ་ནའི་བཀའ་དྲིན་དུ་གསུངས་པ་དང་། བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ནས་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སློབ་ཚུལ་རྒྱ་ཆེར་གསལ་བར་མཛད་པ་ལྟར་རོ། །པོ་ཏོ་བའི་ཞལ་ནས་ཀྱང་། རྣམ་གྲོལ་བསྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་དེ།ཚེ་འདིའི་བྱ་བ་བལྟས་ནས་བྱས་པས་ཆོག་པའང་སློབ་མཁན་མེད་ན་མི་འོང་ན་ངན་སོང་ནས་འོང་མ་ཐག་པ་ལ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་ན་ག་ནས་འོང་གསུངས་ཤིང་། བེའུ་བུམ་སྔོན་པོ་ལས། མན་ངག་ཐམས་ཅད་བསྡུས་པའི་འགོ་ནི། །བཤེས་གཉེན་དམ་པ་མི་གཏོང་བ་ཡིན། །དེ་ལས་དད་དང་བྱང་ཆུབ་སེམས་སོགས། །ཡོན་ཏན་ཀུན་འབྱུང་ཀུན་གྱི་གཏེར་ཡིན། །ཞེས་གསུངས་ཤིང་།རྗེ་ཐམས་ཅད་མཁྱེན་པས་ཀྱང་། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཅག་དེ་བཞིན་བསྐྱང་འཚལ་ལོ། །ཞེས་དང་། འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཞེས་གསུངས་ཤིང་། དེ་བས་ན་སློབ་མས་ཚོགས་གསོག་པ་དང་། སྒྲུབ་པ་སྦྱོང་བའི་ཞིང་དུ་སངས་རྒྱས་ཐམས་ཅད་ལས་ཀྱང་རྡོ་རྗེ་སློབ་དཔོན་ལྷག་སྟེ། སྡོམ་འབྱུང་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། ། ལྷག་པའི་ལྷ་ནི་གཅིག་པུ་ཉིད་། ། མན་ངག་རབ་ཏུ་སྟེར་བའི་ཕྱིར། ། རྡོ་རྗེ་སློབ་དཔོན་དེ་བས་ལྷག ། ཅེས་གསུངས་སོ། །

  དེ་བས་ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་བླ་མ་བསྟེན་པ་དང་བླ་མའི་རྣལ་འབྱོར་སྒོམ་པ་གལ་ཆེ་སྟེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས། ལམ་གྱི་གནད་ཚང་བའི་བླ་མའི་རྣལ་འབྱོར་སྒོམ་པ་ནི་དལ་འབྱོར་ལ་སྙིང་བོ་ལེན་པའི་ཐབས་མཆོག་ཏུ་གྱུར་བ་ཡིན་པས། འདི་ལྟར་ཉམས་སུ་བླང་བར་བྱའོ། ། ཞེས་དང་། དེ་ལྟར་སྤྱིར་ཡོན་ཏན་ཐམས་ཅད་བླ་མ་ཚུལ་བཞིན་བསྟེན་པ་ལས་འབྱུང་བར་མ་ཟད། གདམས་ངག་འདིར་ནི་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པ་ཡིན་པས།བྱང་ཆུབ་ལམ་རིམ་གྱི་འགོ་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་ལམ་གྱི་གནད་ཐམས་ཅད་འདིར་ཚང་བས་ན། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་བཞི་ཡང་འདིར་འབྱུང་ངོ་། ། ཞེས་གསུངས་སོ། །

  འདི་ནི་དགེ་རྒན་གྱི་དུས་ཆེན་དུ་ལས་ཀྱིས་སྦྲེལ་བའི་སློབ་མ་མང་བོས་རྟེན་འབྲེལ་ཞུ་ཚིག་བསྟུད་མར་བསྐུར་བ་འབྱོར། དུས་ཆེན་འདི་ནི་རང་རེ་གངས་ཅན་བོད་ཀྱི་དུས་ཆེན་ཞིག་མིན་ལ། ནང་བའི་དུས་ཆེན་ཞིག་ཀྱང་མིན་ནའང་ཡུལ་མི་འདྲ་བ་སོ་སོ་ནས་ཉིན་མོ་འདིར་རང་རང་གི་དགེ་རྒན་དྲན་ཏེ་སྨོན་ཚིག་རེ་ཕུལ་བ་ནི་ཆེས་ལེགས་པ་ཞིག་ཡིན་པས་བཙུན་གཟུགས་ཤེས་རབ་བསྟན་དར་བདག་གིས་ཀྱང་ཆེད་དུ་རང་ཅག་ཀུན་གྱི་སྙིང་དུ་གཟུང་བའི་གདམས་ངག་ཟབ་མོ་སྐོར་ཞིག་བཏུས་ཏེ་ལས་ཀྱིས་སྦྲེལ་བའི་སློབ་མ་དང་ཆོས་གྲོགས་ཀུན་ལ་སྐྱེས་སུ་སྤེལ་བ་ལགས་ན་ཆོས་དང་ལྡན་པ་ཀུན་གྱི་སྙིང་གི་ནོམ་དུ་གཟུང་བར་བྱའོ། །


 རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-11-21 ལྟ་ཀློག (6370)