རྭ་རྒྱའི་བཀའ་འགྱུར་ཆོས་སྦྱིན་ལས་གཞི་འགོ་བརྩམས་པ།

རྭ་རྒྱའི་བཀའ་འགྱུར་ཆོས་སྦྱིན་ལས་གཞི་འགོ་བརྩམས་པ།

ཨ་རིག་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་། ༡༩༡༠ལོ་ཡས་མས་ཀྱི་པར་རྙིང་།

ཨ་རིག་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ཆགས་སའི་གནས་ཡུལ། ༡༩༡༠ལོ་ཡས་མས་ཀྱི་པར་རྙིང་།

       ཨ་རིག་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་བཀའ་འགྱུར་པར་ཁང་ཆེན་མོ་ངོ་མཚར་དགེ་ལེགས་རྒྱ་མཚོ་གཡས་འཁྱིལ་ཕོ་བྲང་༡༩༡༠ལོ་ཡས་མས་ཀྱི་པར་རྙིང་།

       དེ་ཡང་བོད་མདོ་སྨད་བྱང་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་ཨ་རིག་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་གདན་ས་པ་ཨེར་ཏི་ནི་མཧཱ་པཎྜི་ཏ་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོས་(༡༧༥༢-༡༨༢༤) ཞལ་བཀོད་དང་མཐུན་རྐྱེན་སྦྱར་ཏེ་བོད་རབ་བྱུང་བཅུ་བཞི་བའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་༡༨༡༤ ལོར་དབུ་བཙུགས་ཤིང་སྤྱི་ལོ་༡༨༢༠ ལོར་མཇུག་གྲུབ་པ་སྟེ། ལོ་ངོ་དུ་མའི་རིང་མི་གྲངས་བརྒྱ་ཕྲག་ལྷག་གིས་བརྐོས་ཏེ་གྲུབ་པའི་པོད་བརྒྱ་དང་གསུམ་གྱི་བདག་ཉིད་ཅན་དེ་རྭ་རྒྱའི་བཀའ་འགྱུར་པར་ཁང་ཆེན་མོ་ངོ་མཚར་དགེ་ལེགས་རྒྱ་མཚོ་གཡས་འཁྱིལ་ཕོ་བྲང་ནང་བཞུགས་གསོལ་མཛད།  ༧པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བདུན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་མཆོག་གིས་དུས་རབས་བཅུ་དགུ་བའི་ལོ་རབས་ཉི་ཤུའི་སྟོད་ཙམ་ལ་བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོ་པར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག་ཅེས་པའི་རྭ་རྒྱའི་བཀའ་འགྱུར་གྱི་དཀར་ཆག་དང་འབྲེལ་བའི་རྭ་རྒྱ་དགོན་པའི་བྱུང་བ་མཐའ་དག་ལྗགས་རྩོམ་མཛད་པས་འདིར་ཡིག་ཚོགས་སྐྱུང་ཕྱིར་མ་བཀོད་པ་ཡིན་ལ། བཀའ་འགྱུར་པར་ཤིང་སོགས་ལ་ཉམས་ཞིབ་བྱེད་པར་འདོད་མཁན་ཚོས་ཁུངས་བཙུན་ཞིང་དཔེ་རྒྱུན་དཀོན་པའི་ལོ་རྒྱུས་དེབ་ཐེར་དག་ལ་ཟུར་དུ་དཔྱད་པར་བྱ་འོས།

       སྤྱི་ལོ༡༩༥༨ལོར་བདུད་བྱིན་སྙིང་ལ་ཞུགས་པ་འགའི་གཡོ་ཇུས་འོག  ས་གནས་ཀྱི་སྔོན་ཐོན་པ་རེ་འགས་རྗེས་བསྐྱངས་ཏེ་བཀའ་འགྱུར་དཔར་ཁང་ངོ་མཚར་དགེ་ལེགས་རྒྱ་མཚོ་གཡས་སུ་འཁྱིལ་བའི་ཕོ་བྲང་གི་ནང་རྟེན་གྱི་ཁྲོད་ནས་ཤོག་བུ་དང་རས་ཆར་གཏོགས་པ་རྣམས་མེར་བསྲེགས་པ་དང་། གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེར་གཏོགས་པ་རྣམས་གཞུང་བཞེས་བཙན་འཕྲོག་བྱས་པ་དང་།   དམིགས་བསལ་བརྙས་ཐབས་ཀྱི་རྣམ་པས་པར་ཤིང་རྣམས་སྤྱི་ཁང་དུ་ཁྱེར་ཏེ་ཇ་བསྐོལ་བྱེད་དུ་བཀོལ་བ་དང་།  པར་ཤིང་གིས་བསྐོལ་བའི་ཇ་དད་ལྡན་མང་ཚོགས་ལ་བཙན་ཐབས་ཀྱིས་བླུད་པ་སོགས་བརྗོད་ལས་འདས་པའི་ཁྱད་གསོད་མཐོང་ཆུང་།  དྲག་རྩུབ་རྡུང་རྡེག་གི་ཀླ་ཀློའི་གདོལ་སྤྱོད་རྗེན་པར་མངོན་ནས་རིག་གནས་ཀྱི་འཛུགས་སྐྲུན་ཆེན་པོ་དེ་རྨེག་མེད་དུ་བཏང་ཞིང་། པར་ཁང་ཆེན་མོ་ཡང་ཐལ་བར་བརླགས་ཤུལ་དུ་ཚལ་ཞིང་འདེབས་སར་སྤྱད།  སྤྱི་ལོ་༡༩༥༨དང་རྗེས་ཀྱི་རིག་གནས་གསར་བརྗེ་བཅས་ཀྱི་སྐབས་སུ་བོད་ཀྱི་དགོན་པ་སྤྱི་ལ་རྨེག་མེད་རང་བཞིན་གྱི་གནོད་འཚེ་ཐེབས་ཡོད་ལ། མདོ་སྨད་ལ་མཚོན་ན་ཨ་རིག་རྭ་རྒྱ་དགོན་པར་གཞན་དུ་མཐོང་དཀའ་བའི་རྩ་བརླགས་དང་ཤུལ་མེད་ཀྱི་གནོད་པ་ཐེབས་ཡོད།

ད་ལྟའི་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་།

    སྤྱིར་བཏང་སྔ་ཕྱིར་བོད་དང་། རྒྱ་ནག མན་ཇུ། སོག་པོ་བཅས་ཀྱི་ལོ་རྒྱུས་ཐོག་བཀའ་འགྱུར་པར་མ་བཅུ་གཉིས་ཙམ་བྱུང་མྱོང་ལ། རེ་འགའ་དེང་སང་དཔེ་རྒྱུན་ཆད་དེ་མཐོང་ཡུལ་དུ་མེད། རྭ་རྒྱའི་བཀའ་འགྱུར་ཀྱང་དཔེ་རྒྱུན་གཏན་ཆད་དུ་འགྱུར་བའི་ཉེན་ཁར་ལྷུང་ན་ཡང་མཐར་ལག་སོན་བྱུང་བ་ནི་ནང་པའི་གསུང་རབ་དཔར་སྐྲུན་ཞིབ་བསྡུར་དང་། རིག་གནས་ཞིབ་འཇུག་གི་ཆ་ནས་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་པ་མ་ཟད། གནའ་དངོས་སྲུང་སྐྱོབ་སོགས་ལོ་རྒྱུས་ཀྱི་ཆ་ནས་ཀྱང་གཟི་བརྗིད་ལྡན་པ་ཞིག་ཡིན་ཏེ། ད་ལྟའི་མཚོ་སྔོན་ཞིང་ཆེན་ཧྲིལ་བོའི་ལོ་རྒྱུས་ཐོག་ཨ་རིག་རྭ་རྒྱའི་བཀའ་འགྱུར་པར་མ་ལས་བྱུང་མ་མྱོང་བ་ཡིན། གང་ལྟར་རྭ་རྒྱ་དགོན་པའི་ཆོས་སྒོ་ཕྱེས་པའི་རྗེས་སུ་ཐོག་དང་པོ་ནས་བཀའ་འགྱུར་གྱི་པར་གཞི་ཞིག་འཇིག་རྟེན་འདིར་ལྷག་ལུས་བྱུང་ཡོད་མེད་སྐོར་ལ་བསམ་ཡོད་ཚང་མས་འདྲི་རྩད་བྱས་ཀྱང་གྲུབ་འབྲས་ཅི་ཡང་མ་ཐོན་པས། ད་ནི་ཕལ་ཆེར་རྭ་རྒྱའི་བཀའ་འགྱུར་པར་ཤིང་གི་འཕྲིན་ལས་མཇུག་བསྡུས་ཟིན་པའི་ཚོད་རྩིས་བརྒྱབ་སྟེ་བསྡད་ཡོད་པའི་སྐབས།

རྭ་རྒྱའི་བཀའ་འགྱུར་པར་མ་ད་སྐབས་བཞུགས་པའི་འཁྱག་ཆུ་དགོན།

       སྤྱི་ལོ་༢༠༡༣ ལོའི་ཟླ་༩ ཚེས་༢༢ ཉིན་སློབ་དཔོན་ཆེན་པོ་འཇིགས་མེད་རྒྱལ་མཚན་མཆོག་མཚོ་སྔོན་དཔའ་ལུང་ས་ཆར་རྩད་གཅོད་དུ་ཕེབས་ཏེ་འཁྱག་ཆུ་དགོན་ཞེས་པར་རྭ་རྒྱའི་བཀའ་འགྱུར་དཔར་ཤིང་གི་པར་མ་བཞུགས་པ་གསར་རྙེད་བྱུང་ཡོད།  ཉིན་དེར་སློབ་དཔོན་ཁོང་གི་འཕྲིན་ཕྲན་ནང་དུ།  དེ་རིང་ནི་ནམ་མཁར་སྤྲིན་དཀར་གྱི་དར་ཐག་འཐེན་ཞིང་ས་གཞི་ལ་དགེ་མཚན་གྱི་འཇའ་ཚོན་བཀྲ་བའི་ཉི་མ་ཞིག་ལ་གྱུར་སོང་།  དེ་གང་ཡིན་ཞེ་ན།  ཨ་རིག་རྭ་རྒྱ་དགོན་པའི་བཀའ་འགྱུར་མཚལ་པར་མ་ཞེས་པའི་གནས་ཚུལ་ཞིག་ཞུ་རྒྱུ་ཡིན།  རིག་གསར་གྱི་དུས་ཟིང་ངན་པའི་རླུང་ནག་ཁྲོད་དུ་རྭ་རྒྱ་དགོན་ནང་དུ་བཞུགས་པའི་བཀའ་འགྱུར་གྱི་པར་ཤིང་གླེགས་བམ་དང་བཅས་པར་མེ་རུ་བསྒྲོན་པར་མ་ཟད།  དགོན་པ་སོགས་ས་གནས་གཞན་དག་ཏུ་བཞུགས་པའི་རྭ་རྒྱའི་བཀའ་འགྱུར་རྣམས་ཀྱང་ཤུལ་མེད་མིང་རྐྱང་དུ་གྱུར་ཏེ་རྒྱལ་ཕྱི་ནང་ཀུན་ཏུ་པཎ་ཆེན་སྣང་མཐའི་མགོན་པོ་སྐུ་ཕྲེང་བདུན་པས་མཛད་པའི་རྭ་རྒྱའི་བཀའ་འགྱུར་གྱི་དཀར་ཆག་ཙམ་ལས་གཞན་རྭ་རྒྱའི་བཀའ་འགྱུར་གྱི་ཤོག་ཤར་ཙམ་ཡང་མཇལ་ཐུབ་ཀྱིན་མེད། འདས་པའི་ལོ་ངོ་བཅུ་ཕྲག་ལྷག་ལ་རང་ཉིད་ཀྱིས་བླ་མའི་གསུང་ལ་གཞི་བཅོལ་ནས་འཚོལ་ཞིབ་ཡང་ཡང་བྱས་མོད་རེ་བའི་འབྲས་བུ་སྨིན་པའི་སྐལ་བ་མ་བྱུང་། དེ་རིང་སྐོམ་པ་ཆུ་ལ་རེ་བ་ལྟར་རྩད་བྱེད་ཀྱི་གྲོགས་པོ་དང་ལྷན་དུ་དགོན་པ་ཆུང་ངུ་ཞིག་ལ་འབྱོར་སྐབས་དངོས་གནས་རྭ་རྒྱའི་བཀའ་འགྱུར་རྙེད་སོང་། དངོས་གནས་རེད་འདུག དགའ་བ་འབུམ་གྱིས་ཁེངས་སོང་། ཤི་གསོན་འཕྲད་པ་བཞིན་ཡང་ནས་ཡང་དུ་མཇལ་བར་འདོད། ཡང་ནས་ཡང་དུ་མཇལ། སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་བྲིས་ཡོད།

སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་རྒན་དཔལ་རྡོར་རྣམ་གཉིས་ནས་རྭ་རྒྱའི་བཀའ་འགྱུར་ལ་ཉམས་ཞིབ་གནང་བཞིན་པ།

       སྤྱི་ལོ་༢༠༡༣ ལོའི་ཟླ་༩ བའི་ཚེས་༢༢ ཉིན་རྭ་རྒྱའི་བཀའ་འགྱུར་པར་ཤིང་གི་དཔེ་རྒྱུན་ཞིག་ད་དུང་ཡང་འཇིག་རྟེན་འདིར་བསོད་ནམས་ཀྱི་རྟེན་དུ་བཞུགས་པ་གསལ་རྟོགས་བྱུང་རྗེས་ཀྱང་། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ད་བར་དུ་པར་འདེབས་དང་དྲིལ་བསྒྲགས་སོགས་ཅི་ཡང་བྱེད་ཁོམ་མ་བྱུང་བར་ལུས་ལ། སྔ་ཕྱིའི་རྒྱུ་རྐྱེན་གོ་རིམ་མང་པོ་ཞིག་བརྒྱུད་མཐར་སྤྱི་ལོ་༢༠༡༤ ལོའི་ཟླ་༡༢ པའི་ཚེས་༢༥ ཉིན་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་དབུ་ཁྲིད་པའི་པར་འདེབས་པ་བློ་ཉི་དང་བློ་བདེ། འཕྲིན་ལས་ཕུན་ཚོགས། འཕྲིན་ལས་བློ་འཕེལ། དཔལ་རྡོར། རྟ་མགྲིན་སོགས་ཀྱིས་འཁྱག་ཆུ་དགོན་ནས་ཤོག་ལྡེབས་རེ་རེ་བཞིན་བཤེར་འབེབས་བྱས། 

ཤོག་ལྡེབས་རེ་རེ་བཞིན་བཤེར་འབེབས་བྱ་བཞིན་པ།

      ༢༠༡༥ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་ཚོགས་ཞུགས་སྟེང་སློབ་དཔོན་ཁོང་གིས་ཡང་དང་བསྐྱར་དུ་རྭ་རྒྱའི་བཀའ་འགྱུར་ལས་འཆར་སོགས་གསུངས་པས་ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་པ་མགར་རྩེ་ཉི་ཟེར། མགོན་པོ་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། ཁཱ་ཤེས་རབ་རྒྱ་མཚོ་སོགས་ཀྱིས་ལས་དོན་འདིའི་ཐད་ལས་ཤུགས་ཡོད་དགུ་བཏོན་མཐར་མགོ་ལོག་མགར་སྤྲུལ་ཡོན་ཏན་རིན་ཆེན་ལགས་ཀྱིས་མཐུན་རྐྱེན་ཆ་ཚང་སྦྱོར་བའི་བདག་རྐྱེན་འོག་རྭ་རྒྱ་དགོན་པའི་རྩི་བཞག་དང་དོ་དམ་ལས་སྣེ་ཡོངས་ལ་ཐུགས་གྲོས་ཞིབ་ཏུ་བགྱིས་མཐར་རྭ་རྒྱ་དགོན་གཞུང་དང་སློབ་གྲྭ་གཉིས་ནས་སྔོན་འགྲོའི་རིམ་གྲོ་གང་ལེགས་བསྒྲུབས།

རྭ་རྒྱ་དགོན་པའི་ཚོགས་འདུ་ལས་སྣེ་རྣམས་ཀྱིས་བསང་གཏོང་བཞིན་པ།

རྭ་རྒྱ་དགོན་གཞུང་ནས་བཀའ་འགྱུར་པར་སྐྲུན་ལ་མཐུན་རྐྱེན་སྦྱོར་མཁན་མགར་སྤྲུལ་ཡོན་ཏན་རིན་ཆེན་ལགས་དང་གྲོས་ཞིབ་གནང་བཞིན་པ།

ཤེས་རིག་ནོར་བུའི་སློབ་གླིང་ནས་རྭ་རྒྱའི་བཀའ་འགྱུར་གྱི་ལས་གཞི་འདི་ལེགས་འགྲུབ་ཡོང་བར་བསང་གཏོང་བཞིན་པ།

     ༢༠༡༥ལོའི་སྤྱི་ཟླ་༡༠བའི་ཚེས་༨ཉིན་ཤར་ཛམ་ཐང་ཡུལ་གྱི་བྱ་ཡུལ་དགོན་པའི་བསྟན་བདག་བླ་མ་མཐོང་གསལ་ཞུ་བ་ཞིག་གིས་ཁྱེད་རྭ་རྒྱ་དགོན་པས་རྭ་རྒྱའི་བཀའ་འགྱུར་འདྲི་རྩད་བྱེད་བཞིན་ཡོད་ན་ངེད་ཅག་དགོན་པར་ཡང་རྭ་རྒྱའི་བཀའ་འགྱུར་ཚར་གཅིག་ཡོད་སྐོར་ཡང་ཡང་ཕོ་ཉ་བཏང་བས་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་དང་ཐེངས་འདིའི་པར་སྐྲུན་འོས་འགན་པ་ཁཱ་ཤེས་རབ་རྒྱ་མཚོ་སོགས་བྱ་ཡུལ་དགོན་པའི་རྭ་རྒྱའི་བཀའ་འགྱུར་ལ་མཇལ་དུ་ཕྱིན་ཏེ་བླ་མ་མཐོང་གསལ་མཆོག་གི་བཀའ་དྲིན་འོག་མཚོ་སྔོན་ནས་རྙེད་པའི་མ་ཕྱི་མི་གསལ་བ་རྣམས་ལ་བྱ་ཡུལ་དགོན་པའི་བཀའ་འགྱུར་གྱིས་ཁ་བསྐང་ཡོང་བ་སོགས་ཕན་འབྲས་བླ་མེད་བྱུང་བར་མ་ཟད་རྟགས་དང་རྟེན་འབྲེལ་མང་བོ་འཛོམས་ཤིང་མ་ཕྱི་ཆ་ཚང་གྲོང་ཁྱེར་སྤོས་ངད་ལྡང་བའི་སཾ་བྷོ་ཊའི་པར་སྒྲིག་ཁང་ལ་དཔྱད་བསྡུར་དུ་གདན་དྲངས།

སློབ་དཔོན་མཆོག་དང་བྱ་ཡུལ་བླ་མ་མཐོང་གསལ་རྣམ་གཉིས།

དགོན་པའི་བླ་གྲྭ་ཡོངས་ནས་བཀའ་འགྱུར་ཁ་ཚང་མིན་སོགས་ལ་གཟིགས་ཞིབ་གནང་བཞིན་པ།

      ༢༠༡༥ ལོའི་བོད་ཟླ་དགུ་བའི་ཉེར་གཉིས་ཉིན་གྲོང་ཁྱེར་སྤོས་ངད་ལྡང་བའི་གྲོང་ནས་རྭ་རྒྱའི་བཀའ་འགྱུར་ཆེན་མོ་བསྐྱར་པར་གྱི་ལས་གཞིའི་འགོ་བརྩམས་ཏེ་པར་དུ་བསྐྲུན་དང་སྐྲུན་བཞིན་པ་ལགས་ན། མི་ལོ་ཉིས་བརྒྱ་གཅིག་ལོན་པའི་རྭ་རྒྱའི་བཀའ་འགྱུར་པར་ཤིང་རྨེག་མེད་དུ་གྱུར་བ་ནས་ད་ལྟའི་པར་གཞི་སྲུང་སྐྱོང་གི་འཕེལ་འགྱུར་ཁྲོད་ཤོད་རྒྱུན་ཡ་མཚན་པ་མང་བོ་བྱུང་ཞིང་འདིར་ངལ་བ་མ་བྱས། གང་ལྟར་ས་དགེ་བཀའ་རྙིང་སོགས་ཀྱི་ཆོས་རྒྱལ་ལོ་པཎ་རྣམས་དང་བཤད་སྒྲུབ་ཀྱི་ཤིང་རྟ་ཆེན་པོ་བཅོ་བརྒྱད་རྗེས་འབྲང་དང་བཅས་པས་མདོ་སྔགས་རིག་གནས་ཡོངས་ལ་འཆད་ཉན་འགྱུར་གསུམ་དང་། བཤད་སྒྲུབ་ལས་གསུམ་གྱི་ལམ་སྲོལ་ལེགས་པར་བཏོད། བར་དུ་གཏན་ལ་ཕབ། རིམ་བཞིན་དར་རྒྱས་སུ་བཏང་བ་སོགས་འཛིན་སྐྱོང་སྤེལ་བར་མཛད་པའི་སྐུ་དྲིན་ལས་རྭ་རྒྱའི་བཀའ་འགྱུར་དད་ལྡན་འགྲོ་བ་ཀུན་གྱི་མིག་གི་བདུད་རྩིར་རྒྱལ་བསྟན་གནས་པའི་རྩ་ལག་ཆེན་པོར་གྱུར་སྟབས། རྒྱ་ཆེའི་དད་ལྡན་མང་ཚོགས་དང་། དགོན་སྡེ། སློབ་གླིང་། ཞིབ་འཇུག་ལྟེ་གནས་སོགས་ཀྱི་རེ་མོས་བསྐང་ཆེད་མི་འགྱང་བར་རྭ་རྒྱའི་བཀའ་འགྱུར་པར་སྐྲུན་གནང་སྟེ་ཆོས་སྦྱིན་འཕྲིན་ལས་གངས་ཅན་ལྗོངས་དང་འཛམ་གླིང་ཐ་གྲུ་ཀུན་ལ་ཁྱབ་སྤེལ་བྱ་རྒྱུ་ཡིན་ནོ། །

རྭ་རྒྱའི་བཀའ་འགྱུར་ཆེན་མོ་བསྐྱར་པར་གྱི་ལས་གཞིའི་འགོ་བརྩམས་པ།

གྲོང་ཁྱེར་སྤོས་ངད་ལྡང་བའི་གྲོང་དུ་ལས་གཞི་འདིའི་འགོ་བརྩམས་པ།

     གལ་ཏེ་རྭ་རྒྱའི་བཀའ་འགྱུར་སྐོར་ལ་འདྲི་རྩད་སོགས་རྒྱུས་ལོན་ཉམས་ཞིབ་བྱེད་འདོད་ན་ཐེངས་འདིའི་པར་ཞུས་འགན་འཁུར་བ་

ཁཱ་ཤེས་རབ་རྒྱ་མཚོ་ལ་འབྲེལ་གཏུག་བྱས་ཆོག


15283703999 /18011261777


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-11-20 ལྟ་ཀློག (13766)