གཤོང་ཤན་ཇོ་བོ་རིན་པོ་ཆེའི་ལོ་རྒྱུས་བཞུགས་སོ།།

གཤོང་ཤན་ཇོ་བོ་རིན་པོ་ཆེའི་ལོ་རྒྱུས་བཞུགས་སོ།།

       རྗེ་རིན་པོ་ཆེའི་རྣམ་ཐར་སྙན་ངག་མ་ལས།  འདི་ནས་ཤར་གྱི་ཕྱོགས་ན་ཙོང་ཁ་ཞེས།།ས་ལ་གནས་ཀྱང་ལྷ་ཡི་འཇིག་རྟེན་དུ། ། བརྟག་པར་བྱ་བ་ཡུལ་གྱི་དགེ་མཚན་ནི།།མ་ལུས་བགྲང་ལ་ཐུབ་རྣམས་ངལ་བ་ཡོད། །ཅེས་གསུངས་པ་ལྟར་བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུ་ལས། མདོ་སྨད་རྟའི་ཆོལ་ཁ།གསེར་ལྡན་རྨ་ཀླུང་དལ་འབབ་མའི་བྱང་རྒྱུད། དགེ་མཚན་འབུམ་གྱིས་མངོན་པར་མཛེས་པའི་ཡུལ་ལྗོངས།གནའ་བོའི་དུས་ནས་སྙན་གྲགས་ཀྱི་བ་དན་མཁའ་ལ་གཡོ་བའི་ཙོང་ཁ་བདེ་ཁམས།  ནམ་མཁའི་མཐོངས་སུ་བསྙེགས་པའི་ས་འཛིན་མཐོན་པོ་ཙོང་ཁའི་སྐྱེས་རིའི་ཉེ་འདབས། ཐང་གསོམ་རྐང་འཐུང་ལྗོན་པ་སྣ་ཚོགས་འཁྲིགས་པའི་ནགས་ཀློང་། བྱ་རིགས་བྱིའུ་ཆུང་ཚོགས་ཀྱིས་མགྲིན་དབྱངས་སྙན་པར་སྒྲོགས་པ།  གསར་སྐྱེས་མེ་ཏོག་སྣ་ཚོགས་ལྷམ་མེར་བཀྲ་བ།  དཀའ་ཐུབ་དྲང་སྲོང་དགྱེས་པའི་བསྟི་གནས། དབུས་ཀྱི་འོལ་ཁ་ཆོས་ལུང་གཉིས་པ་ལྟར་བསྔགས་པར་འོས་པ། ངོ་མཚར་ཆུ་མིག་འབྲུ་ཆུ་དཀར་མོ་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུ་ཕྲན་སྔོ་ཁྲིག་ཁྲིག་བཞུར་བ།  འབར་བ་ལྷ་ཤིང་སོགས་སྲིད་ན་རྙེད་དཀའི་ལྗོན་ཤིང་འཁྲུངས་ས། བསིལ་དྲོད་སྙོམས་ཤིང་འབྲུ་དྲུག་གི་སྙེ་མ་གཡུར་དུ་ལྡེམ་པ།  དགེ་བཅུ་ཡོངས་སུ་ཚང་བའི་གནས་ཕུན་སུམ་ཚོགས་པ། རྒྱའི་སྐད་དུ༼ཤུན་ཧྲན༽ཟུར་ཆགས་པ་གཤོང་ཤན་དུ་འབོད་པའི་ལྗོངས་ཆེན་པོ་འདིར།  གཤོང་ཤན་རི་ཁྲོད།  གསེར་ཁང་རི་ཁྲོད།  ཁ་ཤ་མཐིལ། ཉམས་དགའི་བྲག་སྐྱིབས་མ་བཅོས་ལྷུན་གྱིས་གྲུབ་པ་འདི་རྣམས་སུ་སྡེ་བ་སྐྱིད་ཤོད་པ་དང་།  ཡབ་རྗེ་གསེར་ཁང་བ་ཡབ་སྲས།  ཞྭ་དམར་པཎྚི་ཏ། བདེ་ཡངས་པཎྚི་ཏ། མདོ་བ་བེ་སི་རིན་པོ་ཆེ།  གསེར་ཁང་དགེ་བཤེས། བླ་ཁོ་རིན་པོ་ཆེ། ཐར་ཤུལ་ཚང་། ཡུལ་འདིར་འཁྲུངས་པའི་བླ་མ་དགེ་བཤེས་སྐྱེས་ཆེན་དམ་པ་ཉི་ཟླ་ལྟ་བུ་རྣམས་རྒྱུན་བཞུགས་གནངས་ནས་ལེགས་མཛད་རླབས་ཆེན་སྤེལ། ཁྱད་པར་དུ་གཤོང་ཤན་རི་ཁྲོད་འདིར་ཐུབ་པའི་སྤྲུལ་བ་བཟོ་བོ་བི་ཤྭ་ཀརྨས་དངོས་སུ་བཞེངས་ཤིང་། བྱིན་རླབས་མཛད་པའི་ལྷ་ཆེན་ཇོ་བོ་དཔལ་འབར་མཐོང་བ་དོན་ལྡན་ལྷམ་མེར་ལྷང་ངེར་བཞུགས་ཤིང་། གླིང་འདིའི་རྟེན་མཆོག་བླ་ན་མེད་པ་ཇོ་བོ་རིན་པོ་ཆེ་འདི་ནི། སྔོན་བཅོམ་ལྡན་འདས་ཤཱཀྱའི་དབང་བོ་རྒྱལ་བྱེད་ཚལ་དུ་བཞུགས་པའི་ཚེ། འཇམ་དཔལ་གྱིས་གསོལ་བ་བཏབ་པས། ཞལ་འཛུམ་པའི་འོད་ཟེར་རྣམ་པ་བཞི་བྱུང་བས་ཚངས་པ་དང་། ཁྱབ་འཇུག  དབང་བོ། བི་ཤྭ་ཀརྨ་རྣམས་སྤྱན་སྔར་འདུས་ཏེ་ཆོས་ལོངས་སྤྲུལ་པའི་སྐུ་རྣམས་བཞེངས་པར་གསོལ་བ་བཞིན།  ཚངས་པས་ལྷའི་རིན་པོ་ཆེ་དུ་མ་སྤུངས་པ་ལས་ཆོས་སྐུ།  ཁྱབ་འཇུག་གི་ལོངས་སྐུ་རྣམ་སྣང་གངས་ཅན་མཚོ།  དབང་བོས་སྟོན་པ་དགུང་ལོ་བརྒྱད་དང་།  བཅུ་གཉིས། ཉེར་ལྔ་བཅས་ཀྱི་སྐུ་ཚད་ཅན་གསུམ། བི་ཤྭ་ཀརྨས་རིན་པོ་ཆེ་དུ་མ་ལས་སྟོན་པའི་སྐུ་བརྙན་བརྒྱ་རྩ་བརྒྱད་བཞེངས་པའི་ནང་ཚན་དུ་གྲགས།  ཀོོ་ཤྲཱི་བླ་མ་དཀར་པོ་ཞེས་པ་རྒྱ་ནག་ཐང་ཁྲོ་རྒྱལ་བོའི་བླ་མ་བྱས།  རྒྱལ་བོའི་ཞབས་ཏོག་བསྒྲུབས་ཏེ་ཇོ་བོའི་སྐུ་འདི་ས་དཔྱད་ངོ་མཚར་བའི་སྐྱེས་རིའི་མདུན་ངོས་འདིར་གདན་དྲངས།  ལྷ་ཁང་བཞེངས་པ་སོགས་བཀུར་བསྟི་ཚད་མེད་མཛད།  ས་སྐྱ་གྲགས་པ་རྒྱལ་མཚན་དང་འཕགས་པ་རིན་པོ་ཆེའི་དགོངས་རྫོགས་སུ་ཧོར་རྒྱལ་བོས་བཀའ་གནང་བ་བཞིན་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཇོ་སྐུ་གཡས་གཡོན་གྱི་མར་མེ་མཛད་དང་བྱམས་པ་གཉིས་བཞེངས།  ཉེ་སྲས་རྣམས་ཀྱང་དེའི་དུས་བཞེངས་པར་སེམས། ཀུན་གྱི་མཐོང་སྣང་ལ་དུས་བཟང་རྣམས་སུ་སྐུ་འདི་ལས་འོད་ཟེར་ཕྱོགས་སུ་འཕྲོ་བ་དང་།གཟི་བྱིན་རབ་ཏུ་འབར་བས་ལྷ་ཆེན་ཇོ་བོ་དཔལ་འབར་ཞེས་ཡོངས་སུ་གྲགས། བཟོ་དབྱིབས་བཀོད་པ་ལེགས་ཤིང་ཕུན་སུམ་ཚོགས་པའི་སྐུ་བརྙན་འདིའི་རྒྱུ་ཆ་གསེར་ཡིན་པར་སྙམ་ནས་རྐུན་པོ་འགས་སྟ་རེས་བསྣུན་མ་ཐག་དངངས་སྐྲག་བྱུང་སྟེ་འབྲོ་བ་བརྩམས་པ་ན་ཁྲག་སྐྱུག་ནས་སྒོ་དྲུང་དུ་ཤི་བའི་གཏམ་རྒྱུད་ངོ་མཚར་བ་མང་ལ། དུས་ཡུན་རིང་བོར་དར་རྒུད་དང་རྐྱེན་ངན་སྣ་ཚོགས་བྱུང་ཡང་ལྷ་ཁང་རྟེན་དང་བརྟེན་པར་གནོད་པ་ཆེན་པོ་མ་བྱུང་། རྗེས་སུ་གཤོང་ཤན་ཚོ་བ་ལྔའི་བླ་མ་དགེ་བཤེས་དཔོན་སློབ་དང་སེར་སྐྱ་རྒན་གཞོན་ཀུན་གྱིས་བདག་གིར་བཟུང་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་དང་། རྗེ་རིན་པོ་ཆེའི་སྐུ། མཐའ་སྐོར་གྱི་མ་ཎིའི་འཁོར་ལོ་སོགས་གསར་བཞེངས་རྒྱ་བསྐྱེད།  སྤྱི་ལོ་༡༩༥༤ལོར་ཆག་ག་ཞབས་དྲུང་རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་གཙོས་གྲྭ་རིགས་ཐུན་མོང་ནས་རྟེན་རྣམས་ལ་དངུལ་གྱི་དབུ་རྒྱན་དང་བྲང་རྒྱན།  བཟང་གོས་ཀྱི་ན་བཟའ་དང་མཆོད་རྫས་སྣ་མང་བསྒྲུབས།  སྒྲུབ་པ་ལ་གཅིག་ཏུ་གཞོལ་བའི་རི་ཁྲོད་པ་མང་དུ་བཞུགས་པས་སྒྲུབ་ཁང་དང་གཟིམ་ཤག་མང་དུ་འཕེལ། ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་ཇོ་ཁང་རྟེན་དང་བརྟེན་པ། འདུ་ཁང་དང་གྲྭ་ཤག་རིན་ཐང་བྲལ་བའི་རིག་དངོས་ཡོད་དོ་ཅོག་ང་བརྒྱད་གོད་ཆག་དང་རིག་གནས་གསར་བརྗེ་གནམ་ས་གོ་ལྡོག་གི་སྐབས་ཐམས་ཅད་ཤུལ་མེད་མིང་ཙམ་དུ་བཏང་། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་བསྟན་པ་ཡང་དར་གྱི་སྐབས།  མཁན་སྤྲུལ་རྡོ་ཕུང་ཞབས་དྲུང་རིན་པོ་ཆེ་དང་། གྲྭ་རྒན་གཞོན་སེར་སྐྱ་ཐུན་མོང་ནས་སླར་ཡང་བསྐྱར་བཞེངས་ཀྱི་མགོ་བརྩམས། སྔོན་ནས་ཉར་ཚགས་དོ་དམ་བྱས་པའི་ཇོ་སྐུ་དངོས་ཀྱི་སྐུ་ཤ་ཚལ་བུ་དང་རྟེན་སྣ། ཆོལ་གསུམ་གཙུག་རྒྱན་རྣམས་ཀྱི་ཞབས་ལ་གཏུགས་ནས་བསླངས་པའི་རྟེན་བྱིན་ཅན་མང་བོ།  ཇོ་བོ་རིན་པོ་ཆེ་སོགས་ཀྱི་གཟུངས་གཞུག་ཏུ་ཕུལ། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ནས་བཟུང་བྱ་ཁྱུང་དགོན་གཞུང་ནས་བདག་རྐྱེན་སྦྱར་ཏེ་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང་དང་།  དད་ལྡན་སྐྱེ་བོ་རྣམས་ཀྱི་མིག་གི་བདུད་རྩི་དམ་པར་བཞེངས་པ་ལགས་པས་གཤོང་ཤན་ཇོ་བོ་རིན་པོ་ཆེའི་དཀར་ཆག་མདོར་བསྡུས་འདི་རང་དང་སྐལ་མཉམ་དག་ལ་ཕན་དུ་རེ་ནས་ཁཱ་ཤེས་རབ་རྒྱ་མཚོས་དྲ་ཐོག་ཏུ་ཕབ་པ་ལགས་སོ།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-17 ལྟ་ཀློག (8217)