ངས་ང་ལ་འདི་ལྟར་ལབ།

ངས་ང་ལ་འདི་ལྟར་ལབ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

  སྤྱི་ཚོགས་ཟེར་བ་འདི་ཚོས་མཁན་གྱི་ཚོས་ཟངས་དང་འདྲ་བས། ལ་ལ་བསམ་བཞིན་ནང་དུ་ཞུགས་པས་རང་མདོག་བསྒྱུར་བ་ཡིན་ལ། སྟབས་མ་ལེགས་པར་དེའི་ནང་དུ་ལྷུང་བ་འགའ་ཞིག་ཀྱང་རང་མདངས་འགྱུར་ཚར་འདུག དེས་ན་ཁྱོད་ཀྱང་བསྒྲིམ་དགོས། མི་ཟེར་བ་འདི་རང་ཚུགས་མེད་ན་དངོས་གནས་དཀའ་མོ་ཞིག་རེད། ཆུ་སྣ་གར་ཁྲིད་ལྟར་གང་དུའང་བུད་འགྲོ། སྐྱིད་ས་བདེ་སར་སོང་ན་ལེགས་ཀྱང་། འཇིགས་ས་སྡུག་སར་ལྷུང་འགྲོ་བ་ཕལ་ཆེ་བས་ལུགས་མཐུན་གྱི་རང་ཚུགས་ཡོད་ན་བཟང་ངམ་སྙམ། རང་ཚུགས་ཟེར་བའང་འབད་པ་ཞིག་མ་བྱས་ན་ཟིན་རྒྱུ་དཀའ་མོ་རེད། ཅིའི་ཕྱིེར་ཞེ་ན། རང་ཉིད་གནས་སའི་ཁོར་ཡུག་འདིར་ཁྲ་ཁྲ་རིག་རིག་བསླུ་བྲིད་ཀུན་ནས་རྒོད། སྣ་ཚོགས་གཡོ་ཁྲམ་གྱི་སྙན་དབྱངས་ཅི་ཡང་གྱེར། ཆགས་སྡང་རྨོངས་གསུམ་གྱི་གཅོང་རོང་ཤིན་ཏུ་ཟབ་པས། དྲན་ཤེས་ཀྱི་མིག་ཟུང་ཅུང་རེ་གཡེངས་ཚེ། ཐར་མེད་ཀྱི་དོང་ལ་ལྷུང་ཉེན་ཧ་ཅང་ཆེ།

  རང་སེམས་ཆོས་ལ་མ་གོམས་པ་བདག་དང་བདག་ལྟ་བུ་རྣམས་ནི། ཆོས་ཀྱི་ལ་རྒྱ་བཤད་ཁུལ་བྱེད་པའི་ཚེ་ནའང་ཆོས་དང་འགལ་འགྲོ་བཞིན་ཡོད་པ་ནི་ཇི་འདྲའི་ཡིད་སྐྱོ་བའི་གནས་ཞིག་རེད་ཨང་། ང་དང་ང་ལྟ་བུ་ཕལ་ཆེ་བ་ཞིག་ཞེ་སྡང་གི་མེ་ལྕེ་དགུང་དུ་མཆེད་བཞིན་བྱམས་པ་དང་སྙིང་རྗེའི་ཕན་ཡོན་གླེང་བའི་ལས་ལ་བྲེལ། མཁའ་ཁྱབ་ཀྱི་འགྲོ་བའི་བདེ་སྡུག་གླེང་བཞིན་རང་རིགས་ཀྱི་བདེ་སྡུག་ཐལ་བར་འཕངས། སྤྱི་ཕན་གྱི་བྱང་སེམས་ངག་ནས་སྐྱོར་བཞིན་སྒེར་སེམས་ཀྱི་ཞགས་པ་དམ་དུ་གཏོང་བཞིན་པ་ནི་ཇི་འདྲའི་སྐྱོ་བ་ལ་ཨང་། དགྲ་སུ་ཡིན། གཉེན་གང་ཡིན། རྣམ་དཔྱོད་ཡོད་པ་ངོ་མ་ཡིན་ན། དགྲ་གཉེན་དུ་བསྒྱུར་ན་འགྲིག་གི གཉེན་དགྲ་རུ་གཏོང་བ་ནི་བླུན་པོའི་ཕུལ་མིན་ནམ། རང་སེམས་ཉོན་མོངས་འདི་དགྲ་བོ་ངོ་མ་ཡིན། འདི་ཆམ་ལ་འབེབས་ཐུབ་ན། དགྲ་ཡང་གཉེན་དུ་གྱུར་འོངས། ཉོན་མོངས་ཇི་ལྟར་འདུལ་ཚུལ་ཤེས་འདོད་ན་དམ་པའི་ཆོས་ལ་སྦྱོངས། ཆོས་ལ་མང་དུ་སྦྱངས་ཀྱང་རང་སེམས་རྒོད་ལ་ཤོར་ན་ཆོས་པ་རྣལ་མ་ཡིན་ཟེར་རྒྱུ་ཤིན་ཏུ་དཀའ་བས། རྩོད་ལ་མཁས་ན་སེམས་ཀྱི་ཉོན་མོངས་ལ་རྩོད་དང་། དེ་ལས་རྒྱལ་ན་རྒྱལ་ཁ་ངོ་མ་ཡིན་ཞེས་ངས་ང་ལ་ལབ་པའོ།།                                            ༢༠༡༤•༡༢•༡༠ཉིན།  བླ་བྲང་ནས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།

རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-11-17 ལྟ་ཀློག (6737)