དཔག་དཀའ་བའི་བློ་འཛིན། ༼བཅར་འདྲི། ༽

དཔག་དཀའ་བའི་བློ་འཛིན།  ༼བཅར་འདྲི། ༽

བཅར་འདྲི་བྱེད་མཁན། ཚ་ནག་ཀུན་བཟང་།

བཅར་འདྲི་བྱེད་ཡུལ། འཇམ་དབྱངས་རྒྱ་མཚོ།

ཀ འོ་འཇམ་དབྱངས་རྒྱ་མཚོ་བདེ་མོ། ཁྱོད་ནམ་ཞིག་དྲ་ཐོག་ལ་ཐོན་ནམ། ང་ལ་འབྲེལ་བ་ཞིག་བྱོས་དང་། འུ་གཉིས་ལ་དོན་དག་ཅིག་འདུག

ཁ ང་ཁ་སང་དྲ་ཐོག་ལ་མ་ཞུགས་པས་ཁྱེད་ལ་ཁ་བརྡ་བྱེད་མ་ཐུབ་ཐལ། ད་ལྟ་ང་དྲ་ཐོག་ན་ཡོད།

ཀ ད་དུང་ང་མི་ཁོམ་མོད། འུ་གཉིས་ཀྱིས་དོ་དགོང་ཁ་བརྡ་བྱས་ན་ཨེ་ཆོག

ཁ ཡ་ཡ་དགོང་མོ་ཁོམ་མ་ཡ།

ཀ ཡ་ཡ། དགོང་མོ་ཆུ་ཚོད་བརྒྱད་ཡས་མས་སུ་ངས་ཁྱེད་ལ་འབྲེལ་བ་བྱེད། ཁ་བརྡའི་ནང་དོན་ད་བཤད་ལ་འཇོག ཁྱོས་ད་ལྟའི་བར་དུ་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་དང་སྔགས་རིམ་གཉིས་དང་།  དེ་མ་ཚད་པའི་གཞུང་ཚན་མང་བོ་བློར་བཟུང་བ་རེད། དེ་ཇི་ལྟར་བློར་བཟུང་ཚུལ་ང་ལ་རྒྱས་བཤད་ཅིག་བྱ་རྒྱུ་བཀའ་དྲིན་ཆེ་ཞུ། ཁྱེད་དྲ་ཐོག་ལ་ཐོན་མ་ཐག་ང་ལ་བརྡ་ཞིག་རྒྱག་རོགས།

ཁ འོ། ཀུན་བཟང་ད་ང་དྲ་ཐོག་ན་ཡོད།

ཀ འོ། ཡ་ཡ། ད་ངས་ཐད་གར་དུ་འདྲི་གི་ཡིན། ཁྱོད་ད་བར་ལོ་དུ་ཡིན།

ཁ ལོ་ཉེར་དགུ་ཡིན།

ཀ ཀླུ་ཚང་དགོན་པར་ཡོང་དུས་ལོ་དུ་ཡིན།

ཁ ལོ་བཅུ་བདུན་ཡིན།

ཀ ཉིད་ཀྱིས་ལམ་རིམ་ཆེན་མོ་བློ་རྒྱུགས་ཕུལ་དུས་ལོ་ག་ཚོད་ཡིན། དུས་ཡིན་ཅི་ཙམ་ལ་བློར་བཟུང་བ་ཡིན།

ཁ དེ་དུས་ལོ་ཉེར་གསུམ་ཡིན། ཉིས་སྟོང་བརྒྱད་ཀྱི་ལོ་ཡིན། སྐབས་དེར་ཟླ་གཅིག་ལ་དགོན་པར་གནང་བ་ཞུས་ནས་ཉིན་བཅོ་ལྔ་ལྷག་ལ་ལམ་རིམ་ཆེན་མོ་ཤོག་གྲངས་བརྒྱ་དང་ཁ་ཤས་བློར་བཟུང་བ་ཡིན། དེ་ནས་སུན་པས་བློར་འཛིན་ན་མི་འདོད་ཀི  རང་དགར་ནང་དུ་འཛུལ་ནས་བསྡད་པ་ཡིན། ཤོག་གྲངས་བརྒྱ་དང་ཁ་ཤས་བློར་བཟུང་བ་དེ་མ་རྩ་བྱས་ཏེ་དབྱར་གནས་དྲུག་པའི་བཅོ་ལྔའི་ཉིན་ནས་བློ་རྒྱུགས་སྤྲོད་ཞོར་དང་འཛིན་ཞོར་བྱས་ནས་བདུན་པའི་ཉི་ཤུ་བདུན་ཉིན་ཉི་མ་བཞི་བཅུ་ཞེ་གཉིས་རིང་བློར་བཟུང་ནས་ཚར་དུ་བཅུག་པ་ཡིན། ད་དེ་འདྲ་ཞིག་རེད་ཡ།

ཀ ལགས་སོ།། ཉིད་ཀྱིས་ལམ་རིམ་ཆེན་མོ་བློར་སྤྲོད་དུས་དཔེ་ཆ་སྣ་རིང་ཡིན་ནམ་མགོ་བཙེམ་ཡིན། ཉིན་གཅིག་ལ་ཤོག་བུ་ག་ཚོད་བློར་བཟུང་བ་ཡིན།

ཁ བློ་འཛིན་བྱེད་མགོ་བཙེམ་དཔེ་ཆ་ཆེ་བ་ཅན་པོ་དེ་ཡིན།ཚོགས་ནས་བློར་སྤྲོད་དུས་ཇ་ཕྱག་དང་ཐུག་ཕྱག་ཞོ་ཕྱག་ཡོད་དུས་མགོ་བཙེམ་ཤོག་བུ་བཅུ་ཙམ་སྤྲོད་ཐུབ་ལ། མགོ་བཙེམ་ཆེ་བའི་ཤོག་བུ་བཅུ་བདུན་སྣ་རིང་གི་ཤོག་བུ་བཅོ་ལྔ་ཙམ་རེད། དེ་ལྟར་ན་ཉིན་གཅིག་ལ་ཤོག་བུ་སྣ་རིང་བཅུ་དྲུག་བཅུ་བདུན་རེ་མ་མཐར་ཡང་བློར་འཛིན་དགོས་པས་བློར་བཟུང་གིན་བཟུང་གིན་ཇེ་བདེ་ཇེ་བདེ་རེད།

ཀ རེད་རེད། དངོས་གནས་ཧ་ལས་པ་རེད། གལ་ཏེ་ཁྱོས་ཉིན་གཅིག་ལ་ལེ་ལོ་དང་སྒྱུད་ལུག་ལ་མ་སྐུར་བ་ཡིན་ན་ཤོག་བུ་སྣ་རིང་ག་ཙམ་འཛིན་ཐུབ་བམ།

ཁ སྐར་མ་བཅུའི་ཡུན་ལ་མགོ་བཙེམ་ཆེ་བའི་ཤོག་ངོས་གཅིག་དང་།སྐར་མ་ཉི་ཤུའི་ནང་ལ་ཤོག་བུ་གཅིག་སྐར་མ་སུམ་ཅུའི་ཡུན་ལ་ཤོག་བུ་གཅིག་དང་ཚལ་བ། དུས་ཚོད་གཅིག་གི་ཡུན་ལ་ཁྱོན་ཤོག་གྲངས་གསུམ་འཛིན་ཐུབ་མོད། ཡུན་རིང་བཟུང་ན་སུན་ནས་མི་བ་ཀི  སྤྱིར་ན་ཕྱི་དྲོ་ཤོག་གྲངས་བཅུ་དང་སྔ་དྲོ་བཅུ་རེ་བྱས་ནས་འཛིན་ཐུབ་མོད།མང་སོང་ན་སུན་འགྲོ་བས་བློར་བཟུང་ནི་མིན།

ཀ ཁྱོད་སྔོན་ཆད་ནས་རིག་པ་ཡ་མཚན་དེ་འདྲ་རེད་དམ།གློ་བུར་དུ་དེ་འདྲར་སོང་བ་རེད།

ཁ། ང་མཚམས་ཁང་ན་ཡོད་དུས་སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞིར་གྱུར་མ་གསུམ་ཉིན་གསུམ་ལ་བློར་ཤུར་སེར་བཟུང་བས་ཨ་ཁུས་དགའ་རྟགས་བྱིན་པ་རེད། དེ་ནས་ཨ་ཁུ་གྲོང་ཆོག་ལ་སོང་བ་དང་བན་དེ་ཆུང་ཆུང་རྩེད་རོགས་སུ་ཡོད་པ་དེ་དག་དང་ལྷན་དུ་རྩེད་མོར་གཡེང་ནས་བསྡད་པས་བཟང་སྤྱོད་སྨོན་ལམ་གཅིག་པུ་བློར་ཡུན་རིང་ལ་མ་བཟུང་བས། གཞུག་ནས་བྱུང་བློར་མི་ཟིན་གི  རྗེས་སུ་ཨ་མས་ཨ་ལགས་ཡར་ཁར་ཞུས་ཤིང་། ཨ་ལགས་ཀྱིས་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་ཚང་ལ་ཞུས་པ་བཞིན་མཚམས་ཁང་དགོན་པ་མ་སྡད་པར་ཀླུ་ཚང་དགོན་པར་ཡོང་བ་ཡིན། གཞུག་ནས་ཨ་ལགས་ཆོས་རྗེ་ཚང་སྐུ་གཤེགས་དུས་ཁོང་གི་གདུང་ཐལ་དང་སྨན་འདམ་བསྲེས་ནས་ཚ་ཚ་དཔར་སྐབས་ངེད་ཚོའི་འཛིན་གྲྭར་འཇམ་པའི་དབྱངས་ཀྱི་སྐུ་ཚ་དཔར་བའི་ལས་ཀ་ཁེལ་ཐལ། ཨ་ཁུ་རྒན་པ་སུ་ཡིན་འདུག་ངས་བརྗེད་སོང་བས་མི་དྲན་མོད། ཨ་ཁུ་རྒན་པ་དེས་རྟེན་འབྲེལ་ཧྲ་གི་འཇམ་པའི་དབྱངས་ཀྱི་སྐུ་ལ་ཁབ་ཀྱིས་གཟུངས་གཞུག་ཕུལ་ན་ཡ་མཚན་ཡིན་རབས་གསུངས་པས་ང་དེ་ལ་ཡིད་ཆེས་བརྟན་པོ་ཞིག་སྐྱེས་ཐལ།  དེ་ཙས་ཁབ་སྟོང་བཞི་ལྔ་ཞིག་ང་གཅིག་པུས་གཟུངས་གཞུག་ཏུ་ཕུལ་བ་ཡིན། ནང་ནས་ལྔ་བརྒྱ་དྲུག་བརྒྱ་ཞིག་གཞན་གྱིས་ཕུལ་ཡོད་ན་ཐང་། དེ་ནས་སྐུ་ཆ་ཚང་མ་ཎི་ཁང་དུ་བསྒྲིགས་པ་ཡིན། དེའི་རྗེས་ནས་ངའི་སེམས་ཤིག་ལ་དཀོན་མཆོག་གི་བྱིན་རླབས་ཟེར་བ་ཞིག་ངའི་སེམས་ལ་ཞུགས་ཐལ་སྙམ་པའི་ཚོར་བ་ཡ་མཚན་ཞིག་སྐྱེས་ཐལ། ལོ་དེ་ནས་མཛོད་རྩ་བ། པཎ་ཆེན་བདེ་ལམ། ས་ལམ་དང་གྲུབ་མཐའ་སོགས་ཤོག་གྲངས་ཉིས་བརྒྱ་ལྷག་བློར་སྤྲད་པ་ཡིན། དེ་དུས་དགེ་བསྐོས་རོང་བ་ཚུལ་ཁྲིམས་ཡིན། རིམ་བཞིན་ལམ་རིམ་ཆེན་མོ་བློར་བཟུང་རྒྱུའི་སྤོབས་པ་སྐྱེས་པ་ཡིན།

ཀ གོ་སོང་གོ་སོང་། དངོས་གནས་ཡ་མཚན་རེད། འོ་ན་སྔགས་རིམ་ཆེན་མོ་ཉིན་ག་ཚོད་ལ་བློར་རྒྱུགས་སྤྲད་པ་ཡིན།

ཁ། ལམ་རིམ་ཆེན་མོ་བདུན་པའི་ཉི་ཤུ་བདུན་ལ་བློར་སྤྲད་ཚར་རྗེས། སྔགས་རིམ་ཆེན་མོ་བཅུ་བའི་ལྔ་མཆོད་ལ་བློར་སྤྲོད་རྒྱུའི་གྲ་སྒྲིག་བྱས་ཏེ་དབུ་ནས་ཤོག་གྲངས་ལྔ་བཅུ་བློར་བཟུང་སྟེ། བཅུ་བའི་ལྔ་མཆོད་ཉིན་བློར་སྤྲད་རྗེས་ངའི་སྙིང་ན་ནས་བློར་སྤྲོད་མ་ཐུབ་པར་སྐུ་འབུམ་ལ་མཇལ་དུ་སོང་བ་ཡིན། སྐབས་དེར་དགེ་བསྐོས་ཨ་ཁུ་ཐུབ་བསྟན་ཡིན།གཞུག་ནས་བླ་བྲང་ཨ་ཁུ་དཔལ་ལྡན་རིན་པོ་ཆེ་ཚང་ཀླུ་ཚང་ལ་ཕེབས་དུས་ཨ་ཁུ་བསམ་གཏན་ཚང་གིས་ཞུས་པས་ཁོང་གིས་ང་ལ་དམིགས་བརྩེ་མ་ཁ་ཏོན་བྱོས་ཞེས་གསུངས་ཐལ།དེ་ནས་རིམ་བཞིན་སྙིང་ཡང་ཅུང་བདེ་ཐལ། དེའི་ཕྱིར་ལོ་ཨ་ཁུ་ཤེས་རབ་དབང་བོ་དགེ་བསྐོས་ཡིན་དུས་ཨ་ཁུ་ཚང་ལ་ཡང་བསྐྱར་ཞུས་པས་ཁོང་ཐུགས་དགྱེས་བཞིན་བདག་ལ་བྱ་དགའ་གནང་བར་མ་ཟད། རྒྱ་ནག་རི་བོ་རྩེ་ལྔ་ལ་མཇལ་ཕྱག་ཏུ་སོང་ཞེས་སྔགས་རིམ་ཆེན་མོ་བློར་རྒྱུགས་སྤྲོད་རྒྱུར་ཅུང་ཟད་འགོར་ཡོད། ད་དེ་འདྲ་ཞིག་རེད།

ཁ། འོ་ན་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་མ་ཐེ་བའི་ཆོས་སྤྱོད་ཆུང་ངུའི་རིགས་མེད་ན་ཆོག་གཞུང་ཆེན་མོའི་རྩ་བ་དང་འགྲེལ་བ་མཐའ་དཔྱོད་ག་ཙམ་བློར་བཟུང་བ་བཤད་ན་ཆོག་གམ།

ཀ གྲུབ་མཐའ་རྩ་བ། མངོན་རྟོགས་རྒྱན། དབུ་མ་འཇུག་པ།བྱང་ཆུབ་ལམ་སྒྲོན། རྟགས་རིགས་དང་བློ་རིག་གི་མཐའ་དཔྱོད། ས་ལམ་དང་གྲུབ་མཐའ། བསེ་བསྡུས་གྲྭའི་མཐའ་དཔྱོད་ཆ་ཚང་། མཛོད་རྩ་བ།  རྒྱལ་སྲས་ལག་ལེན་སོ་བདུན་མ།གུང་ཐང་བསླབ་བྱ། པཎ་ཆེན་བདེ་ལམ། སོགས་བློར་བཟུང་ཞིང་རྗེ་ལེགས་བཤད་གསེར་གྱི་ཕྲེང་བ་བློར་རྒྱུའི་གྲ་སྒྲིག་བྱེད་དུས། ཨ་ཁུ་དཔལ་ལྡན་ཚང་གིས་བློར་མང་བོ་མ་འཛིན་ལོ་ཆུང་བས་བློར་འཛིན་ནུས་ལ་འཛིན་ཁོམ་ཡོད་པས་མང་བོ་མ་འཛིན་མང་བོ་བཟུང་ན་སྙིང་ན་གསུངས་ཏེ་ཁོང་གི་ཉམས་མྱོང་མང་བོ་གསུངས་པས་ངའི་སེམས་ཀྱི་ཚོར་བ་ཇི་བཞིན་བཤད་ཐལ། དེའི་གཞུག་ནས་ཨ་ཁུ་བསམ་གཏན་སོགས་ཀྱིས་རྩིས་བྱས་པས་སྙིང་མི་བཟང་གསུངས་ཏེ་དེ་ནས་བཟུང་ཚོགས་རྒྱུགས་ལ་མ་སྤྲད།

ཀ ཡ་ལགས་ཁྱོད་ཀྱིས་ཀླུ་ཚང་ནས་སློབ་གཉེར་ཅི་ཙམ་བྱས་པ་དང་མཚམས་ཁང་ལ་འགྲོ་དུས་འཛིན་གྲྭ་གང་ཡིན།

ཁ། བསྡུས་གྲྭ་ཁག་གསུམ། བློ་རྟགས་གཉིས། ས་ལམ་གྲུབ་མཐའ།ཕར་ཕྱིན་སྐབས་བརྒྱད་ཟུར་བཀོལ་དང་བཅས་པ།དབུ་མའི་ཐལ་བཟློག་རྩོད་དུས་ཨ་ལགས་དབྱར་ཁས་མཚམས་ཁང་དུ་གྲྭ་བ་ཉུང་བས་མར་ཡོང་དགོས་ཚུལ་གསུངས་པས། མཚམས་ཁང་ལ་ཡོང་བ་ཡིན།

ཀ ཡ་ཡ་ཐུགས་རྗེ་ཆེ།དེ་ནས་ཁྱོའི་པར་ཞིག་བྱིན་ན་ཨེ་ཆོག་ངས་འུ་གཉིས་ཀྱི་སྐད་ཆ་འདི་ཟིན་བྲིས་ལ་ཕབས་ནས་ཡར་མར་བགྲམ་ན་ཐང་།དེ་ཁྱེད་ལ་གནང་བ་ཞུས་པ་ཡིན།

ཁ། འོ་ཡ། ཨ་ཁུ་རྒྱ་གྲོལ་ཚང་སོགས་ཀྱིས་ཀྱང་འདིའི་སྐོར་ཞིག་བཤད་ཐལ། ཡིན་ན་ཡང་སྐོར་ཞིག་གིས་སྐད་ཆ་འདི་དག་གོ་ན་དགའ་རྒྱུ་མ་རེད་མོད། ཡང་ཁྱོས་དེ་ལྟར་བཤད་བཏང་ན་ངོ་རྫོགས་མི་ཐུབ་ཀི།

ཀ ཡ་ལགས་ཁྱོས་གནང་བ་བྱིན་པར་བཀའ་དྲིན་ཆེ།གཞན་ལ་ཅི་ཟེར་ན་ཟེར་དུ་ཆུགས།

ཁ། མཇུག་མཐར་ཁྱོའི་སློབ་སྦྱོང་གི་གོམ་ཁ་སྔར་བཞིན་ཡངས་པར་སྨོན།

 ༢༠༡༥/༡༠/༢༨ཉིན་ཟིན་ཕབ་བྱས།

རྩོམ་ཡིག་མཁོ་སྤྲོད་པ།  སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་ཁྲི་གཤོག་སྙེ་མ་ཡིན།




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-10 ལྟ་ཀློག (18193)