རྒྱལ་ཁབ་མང་བོའི་བླ་མ་དགེ་བཤེས་རྣམ་པས་མཉམ་དུ་གྲོས་གཞི་ཆེན་པོ་དགུ་བཏོན་པ།

འཛམ་གླིང་ནང་བསྟན་གླེང་སྟེགས་མཇུག་སྒྲིལ་བ་དང་རྒྱལ་ཁབ་མང་བོའི་བླ་མ་དགེ་བཤེས་རྣམ་པས་མཉམ་དུ་གྲོས་གཞི་ཆེན་པོ་དགུ་བཏོན་པ།

                 རྒན་གྱའི་ཤ་བོ་ཚེ་རིང་གིས་བསྒྱུར།
    སྤྱི་ལོ༢༠༡༥ལོའི་ཟླ་༡༠བའི་ཚེས་༢༥ཉིན་གྱི་ཕྱི་དྲོ།སྐབས་བཞི་བའི་འཛམ་གླིང་ནང་བསྟན་གླེང་སྟེགས་དེ་བདེ་ལེགས་ངང་མཇུག་སྒྲིལ་བ་དང་། མཇུག་སྒྲིལ་མཛད་སྒོའི་ཐོག འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་༥༠ལྷག་ནས་ཕེབས་པའི་བླ་མ་དགེ་བའི་བཤེས་གཉེན་ཆེན་མོ་དང་གྲུབ་མཐའ་རིས་མེད་ཀྱི་རྒན་རབས་པ་ཆིག་སྟོང་ལྷག་གིས་ལྷན་གཅིག་ཏུ་གྲོས་གཞི་འདོན་པའི་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བ་རེད་ལ། གསལ་བསྒྲགས་ཀྱི་ནང་དོན་ནི་གཤམ་གསལ་ལྟར།
     སྤྱི་ལོ༢༠༡༥ལོའི་ཟླ་༡༠བའི་ཚེས་༢༤ནས་ཚེས༢༥ཉིན་བར། ང་ཚོ་སྟེ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་༥༠ལྷག་ནས་ཕེབས་པའི་ནང་བ་སངས་རྒྱས་པའི་འཐུས་མི་ཆིག་སྟོང་ལྷག་ལྷན་གཅིག་ཏུ་ཀྲུང་གོའི་ཝོའི་ཞིས་གྲོང་ཁྱེར་ནས་ལྷན་འཛོམས་བྱས་ནས། རྔམ་བརྗིད་ལྡན་པའི་ངང་སྐབས་བཞི་བའི་འཛམ་གླིང་ནང་བསྟན་གླེང་སྟེགས་འཚོགས་པ་ཡིན། ཉིན་གཉིས་ཀྱི་རིང་ལ། ང་ཚོས་“འདུན་པ་དང་སྤྱོད་པ་གཅིག་མཐུན་གྱིས། ཕན་ཚུན་གྱི་སྐྱོན་ཡོན་བརྗེ་རེས་བྱེད་པ། ”ཞེས་པའི་གླེང་གཞི་དམིགས་སུ་བཟུང་སྟེ། ནང་བསྟན་དང་ཞི་བདེ། ནང་བསྟན་དང་རིག་གནས། ནང་བསྟན་དང་སྤྱི་ཕན་དགེ་ལས།  ནང་བསྟན་སློབ་གསོ། དགེ་འདུན་པའི་སྡེ་འཛུགས་སྐྲུན། ནང་བསྟན་གྱི་ཆོས་གཞུང་དར་སྤེལ། ནང་བསྟན་གྱི་གཞོན་རབས་པ་ལ་སོགས་པའི་ཁྱབ་ཁོངས་སོ་སོ་ནས་གཏིང་ཟབ་པའི་ཞིབ་འཇུག་གྲོས་བསྡུར་དང་། ཕན་ཚུན་ལ་བསམ་བློ་བརྗེ་རེས། མཉམ་མྱོང་མཉམ་སྤྱོད། བརྩེ་སེམས་མཚོན་པ། ལྟ་བ་གཅིག་སྡུད་བཅས་བྱས་ཏེ་གྲུབ་འབྲས་གཡུར་ཏུ་ཟ་བ་ཐོབ།
   སེམས་ཅན་ཐམས་ཅད་བདག་གཞན་མཉམ་གནས་དང་། མིའི་རིགས་ཐམས་ཅད་སྐྱེས་ཁུངས་གཅིག་པས། འཛམ་གླིང་ཡོངས་ཀྱི་སྣ་མང་རིག་གནས་དང་། ཆོས་དང་གྲུབ་མཐའ་མ་འདྲ་བ་སོ་སོ་འཆམ་མཐུན་མཉམ་གནས་ཀྱི་སྒོ་ནས། ཕན་ཚུན་དགེ་སྐྱོན་བརྗེ་རེས་དང་། ཡག་ཐོག་ཡག་བརྩེགས། འོད་སྣང་སྤྲོ་རེས་བཅས་བྱས་ཚེ་ད་གཟོད་འཛམ་གླིང་གི་ཡུན་རིང་ཞི་བདེ་དང་། ལྷན་དུ་དར་རྒྱས་ཡོང་བ་མངོན་འགྱུར་བྱ་ནུས་པ་ཡིན། སྟོན་པ་ཐུབ་པའི་དབང་བོས་ནང་བསྟན་ཆོས་ལུགས་ཀྱི་ཆོས་འཁོར་བསྐོར་ནས་ལོ་ངོ་ཉིས་སྟོང་དྲུག་བརྒྱ་ལྷག་གི་རིང་ལ། སྐབས་ཐོག་སོ་སོའི་མཁས་གྲུབ་བཀའ་དྲིན་ཅན་རྣམས་ཀྱི་རྒྱ་ཆེ་བའི་ཐུགས་བསྐྱེད་དང་སྨོན་ལམ་ལ་བརྟེན་ནས་ལྷ་ཆོས་དར་སྤེལ་བྱུང་བས། ས་སྟེང་སྐྱེ་འགྲོ་མཐའ་དག་ཐུགས་རྗེ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ། སངས་རྒྱས་ཀྱི་བྱིན་རླབས་འཇིག་རྟེན་ཡོངས་ལ་ཁྱབ་པར་གྱུར་ནས་འཛམ་བུའི་གླིང་འདིའི་མ་འདྲ་བའི་ཤེས་རིག་ཀུན་ལ་ལྷན་དུ་སྦྲེལ་བའི་གཟུང་ཐག་ལྟ་བུའི་ནུས་པ་བཏོན་ཡོད་ལ། རྒྱལ་ཁབ་སོ་སོའི་མི་དམངས་ལ་མཛའ་གྲོགས་འགྲོ་འོང་དང་སེམས་པ་གཅིག་ཏུ་ཕྱོགས་པའི་ཟམ་པ་ལྟ་བུའི་མཐུན་ལམ་གྱི་སྒོ་མོ་ཕྱེས་ཡོད།  དེར་བརྟེན། ང་ཚོས་གྲོས་གཞི་འདོན་རྒྱུ་ནི།
(གཅིགརྒྱལ་ཁབ་དང་ས་ཁུལ་སོ་སོའི་ནང་བསྟན་པའི་དད་ལྡན་སློབ་བུ་ཚོའི་ཕན་ཚུན་འགྲོ་འོང་དང་བསམ་བློ་བརྗེས་རེས་ལ་ཤུགས་བསྣན་ཏེ། རྒྱུས་ལོན་གཏིང་ཇེ་ཟབ་དང་། ཆོས་ཚོགས་འཐུས་ཇེ་ཚང་དུ་བཏང་ནས། འཛམ་གླིང་ཡོངས་ཀྱི་ནང་བའི་རྗེས་འཇུག་པའི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། 
(གཉིསསྐད་ཁུངས་སོ་སོའི་ནང་བསྟན་གསུང་རབ་དཔེ་དེབ་ཀྱི་ཞིབ་བསྡུར་ཞིབ་འཇུག་དང་། ལོ་ཙ་བརྗེ་རེས་ལ་ཤུགས་བསྣན་ཏེ། མཉམ་གཅིག་ཏུ་ནང་བསྟན་གྱི་གཞུང་ལུགས་དང་བསམ་བློའི་དེང་རབས་འགྲེལ་བཤད་ཁག་འཛམ་གླིང་ཡོངས་སུ་བརྒྱུད་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།
(གསུམརྒྱལ་ཁབ་དང་ས་ཁུལ་སོ་སོའི་ནང་བའི་དགེ་འདུན་པ་རྣམས་ཀྱིས་འདུས་སྡེ་འཛུགས་སྐྲུན་དང་། རྩ་འཛུགས། འདུལ་ཁྲིམས་སོགས་ཀྱི་ཐད་ནས་ཕན་ཚུན་དགེ་སྐྱོན་བརྗེ་རེས་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་ཕན་ཚུན་གྱི་རིག་གནས་གོམས་གཤིས་དང་། ལོ་རྒྱུས་འབྱུང་ཁུངས་སོགས་ལ་རྒྱུས་ལོན་པར་བྱེད་པ་དང་། རྩ་ཆེའི་ཉམས་མྱོང་མཉམ་སྤྱོད་ཀྱིས་རབ་བྱུང་བའི་ཚོགས་ཀྱིས་ལྷག་པའི་བསླབ་པ་ཉམས་སུ་བླངས་ཏེ་འདུལ་ཁྲིམས་བརྩི་བསྲུང་གི་ནུས་པ་ཇེ་ཆེར་གཏོང་དགོས།
(བཞིརྒྱལ་ཁབ་དང་ས་ཁུལ་སོ་སོའི་ནང་བསྟན་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་མཐོར་འདེགས་སུ་བཏང་སྟེ། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་སློབ་མ་དང་ཤེས་ཡོན་པ་ཕན་ཚུན་མངགས་པ་ནས།  མུ་མཐུད་དུ་ནང་བསྟན་སློབ་གླིང་གི་མཉམ་ལས་དང་། ཕུལ་བྱུང་དགེ་བཤེས་བརྗེ་རེས། སློབ་གསོའི་ནུས་ཁུངས་དང་ཞིབ་འཇུག་གི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ། ནང་བསྟན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་དང་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།
ལྔརྒྱལ་ཁབ་དང་ས་ཁུལ་སོ་སོའི་ནང་བསྟན་ཆོས་སྤེལ་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། མཉམ་དུ་ཆ་འཕྲིན་དུས་རབས་དང་གོ་ལ་ཧྲིལ་བོ་ཅན་གྱི་རྒྱབ་ལྗོངས་འོག་གོ་སྐབས་དང་བསྟུན་པའི་ཆོས་སྤེལ་རྣམ་པར་དཔྱད་བསྡུར་བྱས་ནས། སངས་རྒྱས་ཀྱི་བཀའ་སློབ་འཛམ་གླིང་གི་ཁྱོན་ཡོངས་ལ་ཁྱབ་སྤེལ་བྱ་དགོས།
(དྲུག)རྒྱལ་ཁབ་དང་ས་ཁུལ་སོ་སོའི་ནང་བསྟན་ལས་རིགས་ཀྱིས་སྤྱི་ཕན་དགེ་ལས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་དང་ས་ཁུལ་ལས་བརྒལ་བའི་ནང་བསྟན་མུག་སྐྱོབ་རྒུད་སྐྱོར་བྱ་བཞག་དང་། དམངས་འཚོའི་སྤྱི་ཕན་ལས་གཞི། ཁོར་ཡུག་སྲུང་སྐྱོབ་བྱ་བ་བཅས་ཁྱབ་སྤེལ་བཏང་ནས་སེམས་ཅན་ལ་བདེ་སྐྱིད་ཡོང་ཐབས་སུ་མཉམ་དུ་མི་ཡུལ་གྱི་དག་ཞིང་བསྐྲུན་དགོས།
(བདུན)རྒྱལ་ཁབ་དང་ས་ཁུལ་སོ་སོའི་ནང་བསྟན་གཞོན་རབས་པ་ཚོས་མཛའ་འབྲེལ་བྱ་འགུལ་དར་སྤེལ་དང་། འགན་ཁུར་གྱི་འདུ་ཤེས་དང་ལས་འགན་གྱི་བསམ་བློ་ཤུགས་ཇེ་དྲག་ཏུ་བཏང་ནས། ནང་བསྟན་གཞོན་རབས་པའི་འཚར་ལོང་གི་ཆེད་དང་རྒྱལ་སྤྱི་རང་བཞིན་གྱི་སྒོམ་སྒྲུབ་དང་བསྟན་པ་དར་སྤེལ་གྱི་ཤེས་ལྡན་པའི་ཆེད་དུ་ཆ་རྐྱེན་གསར་སྐྲུན་གྱིས། འོད་སྟོང་ལྡན་པའི་མ་འོངས་པ་གསར་གཏོད་བྱ་དགོས།
(བརྒྱད)ནང་བསྟན་ཆོས་ལུགས་དང་ཆོས་ལུགས་གཞན་པའི་བར་གྱི་གླེང་མོལ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཆོས་ལུགས་པའི་ཁོག་རྒྱ་ཆེ་རུ་བསྐྱེད་ནས་ཕན་ཚུན་རྒྱུས་ལོན་དང་བརྩི་འཇོག་བྱ་དགོས། ནང་བ་བས་ཆོས་ལུགས་གཞན་པ་དང་མཉམ་དུ་སྤྱི་ཕན་དགེ་ལས་དང་། རིག་གནས་སྒྱུ་རྩལ། ཁོར་ཡུག་སྲུང་སྐྱོབ། འགལ་བ་ཞི་འཇགས། བར་འདུམ་ཡར་སྐུལ། ཞི་བདེ་སྲུང་སྐྱོབ་ལ་སོགས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་དར་སྤེལ་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་པ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱ་ཆེད་ཧུར་བརྩོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།
(དགུ)ནང་བསྟན་དང་དེང་རབས་ཚན་རྩལ་རིག་གནས་གཉིས་ཀྱི་གཅིག་རམ་གཅིག་འདེགས་ལ་ཤུགས་བསྣན་ཏེ།  ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་ནང་འདྲེན་དང་བཀོལ་སྤྱོད་ཀྱིས། ནང་བསྟན་གྱི་ཆོས་སྤེལ་ནས་སེམས་ཅན་གྱི་དོན་བྱེད་པའི་རྣམ་པ་དང་བྱེད་སྟངས་ཕུན་སུམ་ཚོགས་པར་བཏང་སྟེ། ཧུར་ཐག་གིས་དེང་རབས་ཚན་རིག་འཕེལ་རྒྱས་དང་དེ་ཡིས་བསྐྱེད་པའི་སྤྱི་ཚོགས་གནད་དོན་ལ་ལན་འདེབ་པ་དང་། མིའི་རིགས་ཀྱི་རིག་གནས་མདུན་བསྐྱོད་ལ་བསམ་པའི་ནུས་ཁུངས་མཁོ་འདོན་བྱ་དགོས།

ང་ཚོའི་འབོད་སྐུལ་ནི། ང་ཚོས་ལྷག་བསམ་རྣམ་དག་གིས་འཛམ་གླིང་ཡོངས་ཀྱི་ནང་བའི་དད་ལྡན་པ་ཚོས་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས། དམ་པ་གོང་མ་དག་གི་དགོངས་དོན་རྒྱུད་འཛིན་དང་། ཡར་བསྐྱེད་བཟང་འགྱུར་གྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཤེས་རིག་བརྗེ་རེས་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་འཚོ་གནས་འཕེལ་རྒྱས་ལ་འཕྲད་པའི་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་པའི་ཆེད་དུ་བློ་གྲོས་སྐྱེས་སུ་འབུལ་བ་དང་། མིའི་རིགས་ཀྱི་བདེ་སྡུག་གཅིག་པ་ཅན་གྱི་འཛུགས་སྐྲུན་གྱི་ཕྱིར་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱ་དགོས།


གསར་འགྱུར་མཁོ་སྤྲོད་པ།སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་གཉན་བུ་ཡིན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-03 ལྟ་ཀློག (4196)